རྒྱ་ནག་ཨན་ཧེ་ཞིང་ཆེན་ཞིབ་བཤེར་ཁང་གིས་ཨན་ཧེ་བརྙན་འཕྲིན་ཁང་གི་འགན་འཛིན་ཟུར་པ་ཀྲང་སུ་ཀྲུའུ་སོགས་མཐོ་རིམ་མགོ་ཁྲིད་ལྔ་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་ནག་ཨན་ཧེ་ཞིང་ཆེན་ཞིབ་བཤེར་ཁང་གིས། ཨན་ཧེ་ཞིང་ཆེན་བརྙན་འཕྲིན་ཁང་གི་འགན་འཛིན་ཟུར་པ་ཀྲང་སུ་ཀྲུའུ་ཡིས། བརྙན་འཕྲིན་ཁང་གི་སྡིངས་ཆ་བེད་སྤྱད་དེ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་འབོར་ཆེན་བླངས་བའི་ནག་ཉེས་འོག དངོས་སུ་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་ལུགས་བསྒྲགས་འདུག
འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ཏེ་ཨན་ཧེ་བརྙན་འཕྲིན་ཁང་གི་ ༢༠༡༥ ལོའི་ཁྱབ་བསྒྲགས་བསྡུ་འགོད་ལྷན་ཚོགས་བསྐངས་བའི་ཉིན་མོ་དེར། ཞིང་ཆེན་ཞིབ་བཤེར་ཁང་གིས་ཀྲང་སུ་ཀྲུའུ་ལ་ཞིབ་བཤེར་བྱེད་བཞིན་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་། བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བརྙན་འཕྲིན་ཁང་གི་ཐོག་རྩེག་ ༤༠ ཡོད་པའི་ལས་སྒྲུབ་ལྟེ་གནས་ཀྱི་ཚད་བརྒལ་འཛུགས་སྐྲུན་དང་། འབོར་ཆེ་བའི་ཚོང་ལས་ཁྱབ་བསྒྲགས་རིགས་བརྒྱུད་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཞིང་ཆེན་ཞིབ་བཤེར་ཁང་གིས་བརྙན་འཕྲིན་ཁང་དེར་ཞིབ་བཤེར་བྱས་པ་བརྒྱུད། བརྙན་འཕྲིན་ཁང་ཁྱབ་བསྒྲགས་ལྟེ་གནས་ཀྱི་འགན་འཛིན་ཟུར་པ་ཝང་མོ་ཧྲིན་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་པ་དང་། དེ་བཞིན་བརྙན་འཕྲིན་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་ཞོ་རོང་དང་། ཞབས་ཞུ་ལྟེ་གནས་ཀྱི་འགན་འཛིན་ཟུར་པ་སོང་ཧྲོ་ཧྥོང་། གསར་འགྱུར་ལས་སྒྲུབ་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ཁྲིན་ཀྲོ་ཡཱང་བཅས་ཀྱིས། བརྙན་འཕྲིན་ཁང་གི་བརྒྱུད་བསྒྲགས་ནུས་པ་བེད་སྤྱོད་དེ་བཟོ་ལས་འཛུགས་སྐྲུན་དང་གྱོན་གོས་འཚོང་གཉེར། ཡུལ་སྐོར་ལས་རིགས་ཞབས་ཞུ་སོགས་དང་འབྲེལ་བའི་ཁྲིམས་འགལ་ཁྱབ་བསྒྲགས་རིགས་བཏང་སྟེ། ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བའི་ནག་ཉེས་འོག ཞིང་ཆེན་ཞིབ་བཤེར་ཁང་གིས་ཁྲིམས་འཛིན་ལྷན་ཁང་ལ་རྩིས་སྤྲོད་བྱས་ཡོད་པ་དང་། མུ་མཐུད་བརྙན་འཕྲིན་ཁང་དེར་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཀྲང་སུ་ཀྲུའུ་ཡིས་ཕྱི་ལོ་ ༢༠༠༦ ལོར་ཨན་ཧེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་ཁང་གི་འགན་འཛིན་གཞོན་པའི་ལས་འགན་འཁུར་ཡོད་པ་དང་། དེ་རྗེས་ཨན་ཧེ་བརྙན་འཕྲིན་ཁང་གི་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སོགས་ཀྱི་འགན་ཁུར་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོའི་སྒྱུ་རྩལ་ལས་རིགས་མི་སྣའི་བྱ་དགའ་དང་། ༢༠༡༢ ལོར་ཞིང་ཆེན་རིམ་པའི་རླུང་བརྙན་འཕྲིན་གྱི་ལོ་འཁོར་མི་སྣའི་བྱ་དགའ་སོགས་ཐོབ་ཡོད་འདུག
གསར་འགོད་པ། པདྨ་མཚོ།