མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལམ་ལུགས་གོ་ལྡོག་ནང་རྙོག་གླེང་རྒྱུན་མི་འཆད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

གཉའ. འབྲོང་ཐུ་བུ།

༧གོང་ས་མཆོག་གིས་ཕུགས་རྒྱང་ཤིན་ཏུ་རིང་བོར་གཟིགས་ཏེ་སྲིད་སྟེགས་ལས་བབས་ཤིང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་འཕྲོ་བཅད་པའི་རྗེས་ལ་གླེན་རྒན་ཏག་ཏག་མིན་ཚེ་ཆབ་སྲིད་ནང་ན་ཡོམ་ཡོམ་འགུལ་གྱིན་པའི་བླ་རྒན་དག་གིས་ཀྱང་འཕྲོ་རིམ་འཕྲོར་དགོངས་པ་ཞུ་ངེས་ཡིན་རྒྱུ་རེད་བསམ་སོང་། དེ་བསམ་ཡང་ལོས་བསམ་གླེན་པ་ནི་མིན། འོན་ཀྱང་སྟབས་ཤིན་ཏུ་ཉེས་པ་ཞིག་ལ་སྡོམ་དྲའི་ནང་གི་འཕུར་འདོད་ཆེ་བའི་ཤ་སྦྲང་དག་སྡོམ་དྲར་འབྱར་ཚབས་ཆེ་བས་ཕྱིར་འབུད་མ་ཐུབ་པར་སྲིན་སྡོམ་གྱི་བཟའ་བྱར་བསྒུགས་ནས་བསྡད་ཡོད་ལ། དེ་དག་སྡོམ་དྲ་ལས་སྐྱོབ་མཁན་གྱི་མི་བུ་ཞིག་ཀྱང་སྐབས་ཐོག་ལ་སླེབས་མ་སོང་། དེ་ནི་བོད་མི་མང་གིས་སྤྱི་འཐུས་སྐབས་དུ་མར་འོས་འཕེན་སྐབས་སླར་ཡང་བླ་རྒན་ཚོར་འོས་བླུགས་པ་དེ་རེད། ཤིན་ཏུ་ནས་ཉོབ་ལ་རྩ་བ་ཉིད་ནས་རེ་ཐག་ཆད་མོད་བྱ་ཐབས་ནི་ཅི་ཡོད།

༢༠༡༠ ལོའི་ཟླ་ ༠༨ ཚེས་༡༨ བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་སྤེལ་སར་ཁ་བྱང་ལ་(སྙིང་ལ་ཙག་ཤད་རྒྱག་དུས་ནུས་པ་ཐོན་ཡོད།) ཅེས་པའི་བསམ་ཚུལ་དུས་བབ་ཟིན་བྲིས་ལས་རྩོམ་སྒྲིག་པས་བཤུས་ཏེ་བསམ་ཚུལ་འགོད་སར་སྤེལ། སྙིང་ཉེ་བའི་དྲ་འབུ་དག་གིས་ཡིག་ནོར་གྱི་རྟུག་དྲི་གཏོང་ཞོར་མཆན་ཡང་ཤིན་ཏུ་མང་པོ་བཏབ་ཡོད། དེ་དུས་ནས་བཟུང་སྲིད་དོན་ར་བར་གྲྭ་རྒན་དག་ལག་འཐེན་བྱེད་པ་ནོར་འཁྲུལ་ཡིན་པའི་གནས་ལུགས་གྲངས་མེད་བརྩིས་ཡོད། བོད་ལ་མཚོན་ན་ཆོས་དང་ཆབ་སྲིད་གཉིས་ཡོད་ལ་ཆོས་ཞེས་པའི་ནང་དུ་ནང་བསྟན་རིག་གཞུང་གིས་མཚོན་པའི་བོད་ཀྱི་རིག་གནས་བཅུ་ཡོད། དེ་དག་གི་འཛིན་སྐྱོང་ནི་གཙོ་བོ་སེར་མོ་བ་དང་ཆབ་སྲིད་ལམ་ལུགས་ནང་སེར་དྲི་ཙམ་མེད་པར་སྐྱ་བོས་སྡེ་ཁག་ནས་འགན་གཙང་མ་ཁྱེར་བ་ཡིན་ན་བོད་ཀྱི་ཆོས་སྲིད་ལམ་ལུགས་གཙང་མ་ཞིག་རེད་མོད་དེ་ལས་ལྡོག་སྟེ་བླ་རྒན་རྟོག་གེ་མགོ་མཁྲེགས་ཚོས་སྲིད་གཉེར། སྐྱ་བོ་རྨོངས་དད་ཅན་ཚོ་ཆོས་དཔོན་ལ་བཙངས་ནས་ཆོས་བཤད་བྱས་ཏེ་གནས་དགོས་ན་སྤྱི་ཚོགས་གོ་ལྡོག་གི་ལམ་ལུགས་རྫོབ་ཏོ་ཞིག་གི་ནང་རྙོག་གླེང་ཡོང་རྒྱུ་ཡིན་པ་ནི་གཏན་ཁེལ་ཚར་བ་མིན་ནམ།

འདས་པའི་དུས་དང་ད་ལྟའི་བཙན་བྱོལ་གྱི་བྱུང་རིམ་ལ་ལྟོས་དང་། ཚང་མར་རྒྱུས་མངའ་མེད་པ་ག་ལ་ཡིན། བོད་ཀྱི་ཆབ་སྲིད་ལམ་ལུགས་ནང་རྙོག་གླེང་དང་ནོར་འཁྲུལ་ཕལ་ཆེ་བ་བླ་རྒན་ཆབ་སྲིད་པ་དག་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཆགས་ཡོད་པ་མིག་མཐོང་ལག་ཟིན་མིན་ནམ། ཁ་སང་གི་གྲོས་ཚོགས་ར་བར་བྱུང་བའི་རྙོག་དྲ་ཡང་དེ་ལས་མ་འདས། སུ་ལ་བདེན་པ་ཡོད་མེད་བདག་གིས་མི་ཤེས་ལ་དེ་ནི་གཙོ་བོ་ཡང་མ་རེད། མ་གཞིའམ་མ་རྩ་སྟེ་རྩ་བའི་སྒྲོམ་གཞི་ནོར་ཡོད་མེད་དེ་གཙོ་བོ་ཡིན་ཏེ་ཆུ་མགོ་ནས་རྙོག་ན་ཆུ་རྔ་དྭངས་ཐབས་མེད་པས་དཔེ་ནི་ཤིན་ཏུ་གསལ་བོ་ཞིག་ཡིན་པས་སོ།། གཅིག་བྱས་ན་གནས་སྟངས་གསལ་བོ་ཆགས་པའི་རེ་བ་ཡང་ཡོད།

བོད་མི་རིགས་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མུ་མཐུད་གནས་དགོས་ཚེ་མ་འོངས་པའི་བོད་ཀྱི་སྲིད་དོན་ར་བའམ་ཆབ་སྲིད་ལམ་ལུགས་ནང་བླ་རྒན་ཚོ་འོས་བླུགས་ན་འགྲིག་མིན་ཐད་ལ་བོད་རྒྱ་ཆེས་མི་མང་གིས་བསམ་བློ་ནན་ཏན་གཏོང་དགོས་པ་ཞིག་ཆགས་འདུག ལྷག་དོན་སེར་མོ་བའི་སྡེ་ཁག་ནས་གཙོ་བོ་ནང་རིག་པས་མཚོན་རིག་གཞུང་འཛིན་སྐྱོང་གཙོ་བོ་བྱ་འོས་པ་ཞིག་ཡིན་པས་ནང་བསྟན་འཛིན་སྐྱོང་གི་དབུ་ཁྲིད་ནི་བོད་ཀྱི་བླ་མ་དང་ཁྲི་པ། མཁན་པོ་སོགས་ཀྱིས་མཛད་འགན་གཙོ་བོར་འཁྱེར་གྱི་ཡོད་པས་མ་འོངས་པར་ཆོས་བརྒྱུད་སྤྱི་འཐུས་ཟེར་བའི་ཕོ་ལྷག་དག་དགོས་མིན་ལ་བསམ་གཞིགས་ཏན་ཏན་གཏོང་མི་དགོས་སམ། གལ་ཏེ་ཆོས་བརྒྱུད་སྤྱི་འཐུས་ཟེར་བའི་ལྟོ་ཟ་མཁན་ཞིག་དགོས་ཚེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་དགོན་སྡེ་ཁག་ཏུ་ཆོས་དོན་ལས་ཁུངས་བཙུགས་ཏེ་ཁོ་ཚོས་ཆོས་བརྒྱུད་སོ་སོའི་མཐུན་ལམ་དང་། འཇང་དགུན་ཆོས་དང་། གསར་རྙིང་སོགས་ཀྱི་སྨོན་ལམ་ཆེན་མོ། དགེ་བཤེས་གཏོང་སྟངས། ཆོས་སྡེ་ཁག་གི་དགེ་རྒན་སོགས་བསྟན་པ་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ལས་ཀ་མགོ་རུབ་བསྡད་ཡོད་པ་རེད། དེ་དག་ལས་སུ་བཅུག་ན་འོས་ཤིང་འཚམས་པ་མིན་ནམ། བོད་ནི་ཆོས་སྲིད་གཉིས་ལྡན་གྱི་མི་རིགས་ཤིག་ཡིན་པས་ཆོས་ལུགས་འཛིན་སྐྱོང་བྱས་ནའང་བོད་མི་རིགས་ཀྱི་གཤོག་པ་ཡ་གཅིག་བརྐྱངས་པ་ཡིན་ཟེར་བ་མིན་ནམ།

མདོ་དོན། མ་འོངས་པར་ཡང་ཆབ་སྲིད་ལམ་ལུགས་ནང་བླ་རྒན་དག་ཇི་སྲིད་གནས་པ་དེ་སྲིད་དུ་རྙོག་གླེང་མུ་མཐུད་དུ་འབྱུང་རྒྱུ་ཡིན་པ་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཀྱིས་ཁ་གྲག་གི་ཡོད་ལ། རྙོག་གླེང་ཇི་སྲིད་འབྱུང་བ་དེ་སྲིད་དུ་རྡོག་རྩ་གཅིག་སྒྲིལ་མེད་ལ། དེ་མེད་ན་མི་རིགས་ཤིག་ལ་སྟོབས་ཤུགས་ནི་དེ་ལས་ཀྱང་ཡོད་མི་སྲིད་ལ། སྟོབས་ཤུགས་མེད་པའི་མི་རིགས་ཤིག་གིས་ཆོས་སྲིད་གཉིས་ཇི་ལྟར་སྲུང་སྐྱོབ་ཐུབ་མིན་སྔོན་དཔག་ཐུབ་པ་ཞིག་མིན་ནམ། ཁོ་བོ་ནི་རང་གི་ལམ་ཁ་སྟེ། རིག་གཞུང་གི་འཚོལ་སྙེག་ལ་རང་ནུས་བྱེད་མཁན་ཞིག་ཡིན་པས་ཆབ་སྲིད་ནང་ཁ་གྲག་པ་ཤིན་ཏུ་ཉུང་མོད། ཁ་སང་གི་གྲོས་ཚོགས་ར་བའི་གནས་སྟངས་མཐོང་བས་བསམ་ཚུལ་འདི་ཙམ་བློ་ཕམ་ཞིག་གིས་དེད་ནས་མ་བཤད་ཐབས་མེད་ཆགས་སོང་།

བོད་རྒྱལ་ལོ་ ༢༡༤༢ – ཟླ- ༡- ཚེས – ༣༠

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 12

  1. གཉའ་འབྲོང་ཐུ་བུ། says:
    ལོ་ 10 སྔོན།

    རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། ཁྱེད་རང་གིས་གསུངས་པ་ལྟར་འདས་པའི་ལོ་རྒྱུས་དང་ད་ལྟའི་བཙན་བྱོལ་གྱི་བྱུང་རབས་ནང་རྙོག་གླེང་ག་འདྲ་བྱུང་ཡོད་མེད་གསལ་བོ་བྱས་ནས་ཁུངས་སྐྱེལ་ཐུབ་པ་ཞིག་རེད། ཡིན་ནའང་དེ་རེ་རེ་གསལ་བོ་བཟོས་ན་ཆོལ་ཁ་ཆོས་བརྒྱུད་ཀྱི་ཕྱོགས་རིས་སུ་འཐེན་པར་དོགས་ནས་ནམ་ཡང་སྤྱི་བམ་ཙམ་ལས་འབྲི་ཐུབ་ཀྱིན་མེད།

    Reply
  2. རྣམ་རྒྱལ་རྡོ་རྗེ། says:
    ལོ་ 10 སྔོན།

    རྩོམ་ཡིག་ཁ་གསལ་བོ་དོན་འདུས་ཧ་ཅང་ཡག་པོ་ཞིག་བྲིས་འདུག སྤྱིར་བཏང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཚོས་ཕན་ཐོགས་ས་མང་པོ་ཞིག་ཡོད་ནའང་ད་ལྟའི་བོད་པའི་ཛ་དྲག་གི་གནས་སྟངས་དང་། ལྷག་དོན་དུ་མིའི་ལུང་པར་གནས་ཚང་གཡར་སྡོད་པའི་མང་གཙོའི་ཆ་ལག་ཡོངས་སུ་རྫོགས་པ་ལག་བསྟར་གནང་ཐུབ་ཀྱིན་མེད་པའི་གནས་སྟངས་འདིའི་འོག་ཏུ་ཆོས་རྒྱུད་སྤྱི་འཐུས་ཚོ་དགོས་པ་གལ་ཆེན་པོ་མ་རེད་བསམ་གྱི་འདུག ལྷག་པར་དུ་བོད་པའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཡོང་ནའང་ཆོས་རྒྱུད་ཁག་བར་གྱི་རྙོག་གྲྭ་མང་པོ་ཞིག་གིས་བོད་དེ་ཐེངས་མང་པོར་ཕུང་ལ་སྦྱར་མྱོང་བ་མ་ཟད། བོད་རང་བཙན་ཤོར་བའི་རྗེས་ལའང་རྒྱ་གར་བཙན་བྱོལ་ལུང་པར་གནས་བཅས་ཏེ་དཀའ་སྡུག་རབ་དང་རིམ་པ་འབྱུང་བཞིན་པའི་སྐབས་སུའང་ཆོས་ལུགས་ཆོས་བརྒྱུད་ཕྱོགས་འཐེན་གྱིས་རྙོག་དྲ་མང་པོ་བྱུང་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་མ་མཐར་ཡང་བསམ་བློ་གཏོང་ཤེས་མཁན་དང་རྣམ་འབྱེད་ཀྱི་རིག་པ་ཡོད་མཁན་ཞིག་ཡིན་ན། འདས་པའི་ལོ་ཤས་ནང་གྲོས་ཚོགས་ནང་སྐད་གྲགས་ཆོད་པའི་གནས་ཚུལ་གཉིས་བྱུང་བ་རེད། དེ་གཉིས་ཀའི་རྙོག་གླེང་བཟོ་མཁན་གྱི་དཀྲུག་ཤིང་དེ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཆགས་ཡོད་པ་རེད། ང་ཚོའི་གྲོས་ཚོགས་ནང་གི་ཆོས་རྒྱུད་ཕྱོགས་འཐེན་དང་། ཕྱོགས་ཞེན་དང་ང་རྒྱལ་ཁོ་ན་ལས་ཤེས་ཡོན་དང་བསམ་བློ། རྣམ་དཔྱོད་རིག་པ་གང་ཡང་མེད་པའི་ཆོས་རྒྱུད་སྤྱི་འཐུས་ཁག་ཅིག་གི་བྱ་སྤྱོད་དེས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུའང་ཤུགས་རྐྱེན་ངན་པ་ཐེབས་ཏེ། སྒང་ནས་རྔ་རྡུང་སྟངས་ལ་འབབ་པའི་གཤམ་འོག་ནས་འཆམ་རྒྱག་སྟངས་ཤིག་ས་གནས་སྤྱི་ཚོགས་ནང་དུའང་བྱེད་ཀྱིན་འདུག མདོར་བསྡུས་ན་བཙན་བྱོལ་སྤྱི་ཚོགས་ནང་གི་མང་ཚོགས་ཁྲོད་ཕྱོགས་ཞེན་འཐེན་ཁྱེར་གྱི་གནས་ཚུལ་ཞིག་ཡོང་གི་ཡོད་པ་དེའང་གྲོས་ཚོགས་ལ་དཔེ་བལྟས་ཏེ་བྱུང་བ་རེད་ལ། གྲོས་ཚོགས་ནང་དུ་རྙོག་དྲ་བཟོ་མཁན་དང་ཕྱོགས་རེས་འཐེན་ཁྱེར་བྱེད་མཁན་གཏེ་བོ་དག་ཆོས་རྒྱུད་སྤྱི་འཐུས་དེ་ཚོ་རེད། གནས་སྐབས་རིང་དེ་ཙམ་ཞུས་ཏེ་ཆོག་པ་བགྱིས།

    Reply
  3. གཉའ་འབྲོང་ཐུ་བུ། says:
    ལོ་ 10 སྔོན།

    གྲྭ་བས་ཆབ་སྲིད་ཀྱི་འོས་འགན་འཁྱེར་མི་རུང་།
    ཟིན་བྲིས་ལ་བཟོ་བཅོས་རྒྱག་པ། | བརྗོད་བྱ་འདི་གསུབ་པ།

    གྲྭ་བས་ཆབ་སྲིད་ཀྱི་འོས་འགན་འཁྱེར་མི་རུང་།

    བོད་ཀྱི་འདས་མ་ད་གསུམ་གང་ལ་གཞིགས་ཀྱང་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁུར་མི་གྲོང་བ་ཡིན་པ་ལས་གྲྭ་བས་བྱས་ན་ནོར་བ་རེད། རྒྱུ་མཚན་ནི་གང་ཟག་དེ་གཉིས་ཀྱི་དམིགས་ཡུལ་རྦད་དེ་ཚ་གྲང་བཞིན་ལྷན་ཅིག་ཏུ་འདུ་མི་རུང་བས་སོ། །རེད་དེ་གྲྭ་བའི་ཤན་ཞུགས་པ་ཡིན་ནམ་དེང་སང་བོད་པའི་ཆབ་སྲིད་པ་ཡིན་ཟེར་མཁན་ཚོས་ནང་ན་སྐད་ཆ་ཡ་མཚན་ཅན་བཤད་མཁན་མང་པོ་ཡོད་ཚོད་རེད། ཉེ་ཆར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ཏུ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་མཁན་ཁ་ཤས་བསླེབས་སོང་། སྤྱིར་ན་ཁོང་ཚོ་བོད་དོན་ཐད་ལྷག་བསམ་དང་དྲང་བདེན་སྐྱོང་མཁན། སྙིང་སྟོབས་དང་སྤོབས་པ་ཡོད་མཁན་ཚོ་ཡིན་རྒྱུ་རེད། ལྷོ་མཐའི་ཚ་རླབས་ཁྲོད་ནང་བསྟན་གཞུང་ལུགས་ལ་ལོ་ནས་ལོ་མཐུད་དེ་འཕག་ཚག་རྒྱག་མི་ཚོར་ཆབ་སྲིད་ཡང་དག་པ་ཞིག་སྤེལ་རྒྱུ་ཡིན་ཚོད་རེད་བསམ་བྱུང་མོད། སྟབས་ཉེས་པ་ཞིག་ལ་ཆོས་ཀྱི་གདན་སའི་ནང་ཁོང་ཚོར་བཤད་རྒྱུ་ཞིག་ཡོད་པ་ནི་ཆོས་བཤད་ཆལ་མ་ཆོལ་ཞིག་རེད། དེས་ནི་ཁོང་ཚོར་ཆབ་སྲིད་ཀྱི་གོ་རྟོགས་གང་འདྲ་ཡོད་མེད་ཀྱང་བཤད་དཀའ་ཚོད་ཆགས་སོང་། དེ་དུས་བདག་གི་སེམས་སུ་ནང་བའི་གཞུང་ཞིག་ན། མི་ནག་ཁ་ནས་སྒོམ་བཤད་བྱེད་པའི་དུས། །དགེ་བཤེས་སྐྱ་ཆས་བྱས་ནས་ཚོང་སྤོགས་དུས། །ཞེས་པ་ཞིག་ཡོད་པ་དྲན་སོས་སོང་ལ་དེས་ནི་སྙིགས་མ་ལྔ་བདོའི་དུས་ཀྱི་འུ་ཚོའི་ཀུན་སྤྱོད་དང་བསམ་བློའི་འཁྱེར་སོ་སྟོན་གྱིན་ཡོད་པ་རེད་ཟེར་བའང་དྲན་སོང་། ད་དུང་དེ་ཚོས་ཆབ་སྲིད་ཡག་པོ་སྒྲུབ་པའི་ཆེད་ཡིན་ནམ་ཡང་ན་རང་ཉིད་ཆབ་སྲིད་པ་ཡིན་པས་རང་ཉིད་ཡག་པོ་སྒྲུབ་པའི་ཆེད་ཡིན། གང་ལྟར། ཆབ་སྲིད་དང་ཆོས་ལུགས་གཅིག་པ་རེད་ཟེར། རྒྱུ་མཚན་ལ་སྟོན་པ་ཐུགས་རྗེ་ཅན་གྱི་ལོ་དྲུག་དཀའ་སྤྱད་མཛད་དུས་སུ་སྐུ་རྒྱབ་བརྟེན་སའི་བྱང་ཆུབ་ཤིང་དང་རྩྭ་ཀུ་ཤའི་བཞུགས་གདན་སོགས་ཆབ་སྲིད་དང་ཆོས་ལུགས་གཉིས་ཀ་རེད་ཅེས་མཚན་གཞིའམ་དཔེ་ཡི་སྒྲུབ་བྱེད་བཀོད་སོང་། ཆབ་སྲིད་ཅེས་པ་ནང་བསམ་བློའི་སྟེང་ནས་འཇོག་དགོས་པ་ལས་ཕྱི་རོལ་གྱི་རྩི་ཤིང་སོགས་ཡིན་མི་སྲིད་སྙམ། གལ་སྲིད་དེ་དག་ཆབ་སྲིད་དང་འབྲེལ་བའི་དབང་དུ་བྱས་ནས་བཤད་ནའང་དེ་ནི་ཆབ་སྲིད་ཀྱི་དགོས་མཁོའམ་དམིགས་ཡུལ་ཡིན་པ་ལས་ཆབ་སྲིད་རེད་ཟེར་ན་ག་ལ་འགྲིག བོད་པའི་ཆབ་སྲིད་པ་ཚོས་ད་དུང་སྐད་ཆ་དེ་འདྲ་བཤད་དུས་སྐུ་གཤེགས་རྩོམ་པ་པོ་ཀླུ་ཚང་བློ་བཟང་ཡེ་ཤེས་ཀྱིས།
    ཕལ་མོ་ཆེ་ཡིས་མུན་ནག་འདོམ་འཇལ་བྱེད། །
    ནམ་ཕུགས་གསལ་ལ་ད་དུང་ཤིན་རིང་། །
    ཞེས་པའི་སྙན་ཚིག་དེ་ངའི་སེམས་ནང་དུ་ཏག་ཏག་དྲན་སོང་ལ་དེ་དང་ལྷན་གྲང་ཤུར་ཤུར་གྱི་དངོས་པོ་ཞིག་གིས་ཀྱང་ངའི་སྙིང་ལ་སྤར་ཤད་ཅིག་བྱས་སོང་། ནང་པའི་ཆོས་པ་ཞིག་ཡིན་ན་ལས་རྒྱུ་འབྲས་དཔང་པོར་འཇོག་དགོས་པ་དང་། མ་མཐའ་ཡང་བསམ་ནག་ཅིག་ནམ་ཡང་ཡིན་མི་ཆོག ད་དུང་བསམ་བློའི་ཚད་བཀག་མི་ཉུང་བ་ཞིག་ཡོད་ལ། གལ་སྲིད་ཁྱེད་ཀྱིས་ཡུལ་དང་དུས་སོགས་ལ་ཁ་གཡར་ནས་བསམ་བློའི་ཚད་བཀག་དེ་ལས་འདས་པ་ཡིན་ན་ཁྱེད་རང་ནང་བ་མ་ཡིན་པར་འགྱུར་རྒྱུ་རེད། ཆབ་སྲིད་པ་ཞིག་ཡིན་ན་བསམ་བློའི་ཚད་བཀག་ཡོད་མི་རུང་སྙམ་ལ། གལ་སྲིད་ཁྱེད་ཀྱིས་བོད་པའི་ཆབ་སྲིད་དང་ནང་བའི་ཆབ་སྲིད་སོགས་དམིགས་བསལ་སྦྱར་ཏེ་རང་ཉིད་ལ་བསམ་བློའི་ཚད་བཀག་བཟོས་པ་ཡིན་ན་ཁྱེད་རང་ཆབ་སྲིད་པ་ཡང་དག་པ་ཞིག་ནམ་ཡང་མིན་ལ་ཁྱེད་ཀྱིས་རང་གི་རྒྱལ་ཁབ་ཀྱང་ཡར་རྒྱས་སུ་གཏོང་མི་ཐུབ། ནང་བསྟན་གཞུང་ལུགས་སུ་ནང་བསམ་བློ་ཡར་རྒྱས་གཏོང་ཕྱོགས་ལས་ཕྱི་དངོས་པོ་ཡར་རྒྱས་གཏོང་ཕྱོགས་གསུངས་མེད། ཐ་ན་བཞེས་ལག་མཆོད་ནའང་འདོད་ཆགས་ཞེ་སྡང་མེད་པར་བསྟེན་དགོས་ཀྱི་ཡོད་ལ་དེ་ཡང་གཟུགས་པོ་རྒྱག་པ་དང་ལུས་འཚག་བཟང་བ་སོགས་ཀྱི་ཆེད་མ་ཡིན་པར་ཆོས་ཕྱིར་ལུས་གནས་པ་ཙམ་གྱི་ཆེད་ཡིན་དགོས། དེའི་ཕྱིར་ཆོས་ལུགས་ཀྱང་ཕྱི་རོལ་གྱི་ས་རྡོ་རི་བྲག་དང་རྩི་ཤིང་ནགས་ཚལ་སོགས་གཏན་ནས་མིན། དེ་བཞིན་ཆབ་སྲིད་ཀྱང་དེ་དག་ག་ལ་ཡིན་ཏེ། ཆབ་སྲིད་པ་ལ་དཔའ་བོ་སྟག་གི་གཤིས་ཅན་དང། གཡོ་ཅན་ཝ་མོ་གཤིས་གཉིས་ཀ་འཛོམས་དགོས་ཞེས་ཨེས་ཏྲ་ལེས་ཆབ་སྲིད་བསམ་བློ་བ་མ་ཆི་ཝ་ཡེས་བཤད་པ་དང་། བསམ་བློའི་དཔྱད་བརྗོད་པ་སྐུ་ཞབས་ཞོགས་དུང་གིས་ཀྱང། ཆབ་སྲིད་པའི་ལས་དོན་ཕྱེད་ཀ་ནི་བཙན་དྲག་དང་། གདུག་རྩུབ། གཡོ་སྒྱུ། ཚུལ་འཆོས། གསང་བ། གསོག་གསོབ། རྫུ་བག ཁ་གསག་སོགས་ཡ་ང་བ་ལ་སྐྱི་གཡའ་བའི་ལས་ལ་འཇུག་པ་ཅན་རེད་ཅེས་བཤད་པ་དག་ནི་ཤིན་ཏུ་མད་པ་དང་བསམ་བློའི་སྟེང་ནས་བཞག་པའི་ཕྱིར་རོ།
    དེའི་ཕྱིར་བོད་ཀྱི་ཆབ་སྲིད་པ་ཚོས་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆབ་སྲིད་ཅེས་འཛམ་བུ་གླིང་གི་ཆབ་སྲིད་གང་དང་ཡང་མི་མཐུན་པ་ཞིག་ལ་འུ་ཚུགས་བརྒྱབ་ཏེ་བོད་ཀྱི་ཆབ་སྲིད་ནི་དེ་འདྲ་ཞིག་མིན་ཞེས་དགེ་སྡུག་འདྲེས་མ་ལྟ་བུ་ཞིག་གིས་མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ན་ང་ཚོ་ད་དུང་མུ་མཐུད་དུ་རྗེས་སུ་ལུས་དགོས་པ་གདོན་མི་ཟའོ། མཐའ་དོན། ༧གོང་ས་མཆོག་གིས་བོད་ཀྱི་བདེན་མཐའ་ནམ་གསལ་ན་ཁོང་ཉིད་རྒས་ཡོལ་དུ་བཞུགས་རྐྱང་བྱེད་རྒྱུ་ཡིན་གསུངས་པ་དེར་ང་ཚོས་གོ་བ་ལེན་ཤེས་དགོས་པ་དང་། གྲྭ་བ་ཆབ་སྲིད་པ་མི་བྱེད་པར་ཆབ་སྲིད་པར་རོགས་རམ་བྱེད་མཁན་ཞིག་བྱས་ཏེ་ཆབ་སྲིད་པའི་རྐུབ་རྟེགས་ཁོ་རང་ཚོར་སྤྲད་ན་ཁོ་ཚོར་ཡང་དེ་ལུགས་ཀྱི་འགན་འཁྲི་གསར་བ་ཞིག་དང་དོ་སྣང་གསར་བ་ཞིག་བསླེབས་རྒྱུ་རེད་ལ་ཆབ་སྲིད་ཀྱི་ངོ་བོ་ལའང་འགྱུར་བ་ཐེབས་རྒྱུ་རེད། དེའི་ཉིན་མོ་ནས་གྲྭ་བ་གྲོང་བའི་མིག་ལ་ཇེ་མཛེས་སུ་འགྲོ་རྒྱུ་རེད་ལ་བོད་པ་ཡར་རྒྱས་ཀྱི་འགོ་ཡང་ཚུགས་རྒྱུ་རེད་སྙམ། མི་ཞིག་ཡིན་ཕྱིན་རྩ་མ་ཚང་བ་ཞིག་མིན་ན་ཕལ་ཆེར་ལ་རང་ཉིད་ཀྱི་ཆེད་ལས་ཟེར་བ་ཞིག་ཡོད་ལ། ཆབ་སྲིད་ནི་གྲོང་བའི་ཆེད་ལས་ཡིན་པ་ལས་གྲྭ་བའི་ཆེད་ལས་ཡིན་དོགས་མེད། དེའི་སྟབས་མ་འོངས་པའི་བཀའ་ཁྲི་ནི་ཆབ་སྲིད་ཆེད་ལས་པ་ཞིག་ཡིན་དགོས་པ་ལས་ཆབ་སྲིད་ཟུར་སྦྱོང་བ་ཞིག་གཏན་ནས་ཡིན་མི་རུང་ངོ་།

    འདོན་སྤེལ།: ༢༠༠༩/༠༨/༢༡
    བསམ་ཚུལ་འདི་བཀའ་ཁྲི་མ་འདེམས་པ་དང་༧ གོང་ས་མཆོག་གིས་སྲིད་དབང་མ་སྤྲད་པའི་སྔོན་དུ་བྲིས་པ་ཞིག་ཡིན། རྗེས་ནས་བདག་གི་འདོད་པ་བཞིན་བཀའ་ཁྲི་ཆབ་སྲིད་ཆེད་ལས་པ་ཞིག་སླེབས་སོང་ལ། ངའི་རྨི་ལམ་མང་པོ་ཞིག་མངོན་དུ་གྱུར་སོང་། དེ་བས་རང་ཉིད་ཀྱི་ཡིད་ཅུང་ཚིམ་སོང་། མ་འོངས་པར་ཡང་བདག་གི་རེ་བ་འགྲུབ་ཨེ་ཡོང་བསམ་པ་དྲན་གྱི་འདུག གང་ལྟར་རང་གི་ལྟ་ཚུལ་ལ་སྐྱོན་མ་མཐོང་བར་རང་དགར་འཇོག་སྙམ་མི་འདུག

    Reply
  4. གཉའ་འབྲོང་ཐུ་བུ། says:
    ལོ་ 10 སྔོན།

    དེ་འདྲ་རེད། བསམ་ཚུལ་བརྗེ་རེས་ཀྱི་མཇུག་འབྲས་ལ་ངེད་གཉིས་ཀྱི་བསམ་ཚུལ་ཕལ་ཆེར་མཐུན་གྱི་འདུག ངས་བཅོམ་ལྡན་འདས་ཀྱི་གསུང་ཁས་ལེན་གྱི་ཡོད་པས་གང་ཟག་གི་ཚོད་ག་བ་ཐུག དེའི་ཕྱིར་གྲོས་ཚོགས་ནང་གི་བླ་རྒན་དག་མི་ངན་རེད་ལབ་ཀྱི་མེད། བོད་དོན་ལ་གྲྭ་བས་སྒྲུབ་འོས་ཤིང་སྲིད་ལས་ལྷག་པའི་ལས་དོན་སྒྲུབ་ཕྱོགས་ནི་ཤིན་ཏུ་མང་། ཡིན་ཡང་སྲིད་ལ་འཐམས་བསྡད་པ་དེ་ག་རེ་ཡིན་ན་ནམ་ཡང་དྲན་གྱི་འདུག

    Reply
  5. འགྲུལ་བཞུད་པ། says:
    ལོ་ 10 སྔོན།

    མདོར་ན་ཁྱེད་ཀྱི་བསམ་ཚུལ་ཡག་པོ་འདུག
    ངས་ཀྱང་ཁྱེད་ཀྱི་ལྟ་བར་མོས་མཐུན་གང་ཙམ་ཡོད། ངས་བསམ་ཚུལ་ཅུང་བཤད་ན། ང་རང་ཕལ་པའི་ཁྱིམ་ཚང་ཞིག་ལས་འཚར་ལོངས་བྱུང་ཞིང་ལྷག་པར་འཚོ་གོས་ཀྱིས་ཕོངས་པའི་དུད་ཁྱིམ་ཞིག་ལས་ཡོང་བ་ཡིན། གང་ལྟར་ཡང་རྒྱུ་རྐྱེན་དེ་དག་བླ་རྒན་གཅིག་པུ་མིན་པར་སྐུ་དྲག་གི་ཁྱིམ་གཞིས་དེ་དག་ཀྱང་ཡིན་མོད། བཙན་བྱོལ་སྤྱི་ཚོགས་ནང་ད་དུང་ཡང་དེའི་འཕྲོས་ལྷག་ཡོད་ལ་དེ་ལས་ཀྱང་སེམས་འཚབ་དགོས་པ་ཞིག་ལ་དེ་དག་རོ་ལངས་བརྒྱབ་བཞིན་འདུག དེས་ན་རེ་ཞིག་གྲོས་ཚོགས་ནས་བླ་རྒན་དང་སྐུ་དྲག་རིགས་ཡོང་མེད་པ་བཟོ་དགོས། འོན་ཀྱང་བླ་རྒན་དང་སྐུ་དྲག་ཡོངས་མི་ངན་གྱི་ཁུངས་སུ་འཇོག་མི་རུང་།

    Reply
  6. གཉའ་འབྲོང་ཐུ་བུ། says:
    ལོ་ 10 སྔོན།

    མང་གཙོའི་ལམ་ལུགས་ནང་སྤྱི་འབངས་ལ་བསམ་ཚུལ་ཤོད་རྒྱུའི་ཐོབ་ཐང་ཡོད་པས་མ་འོངས་པར་སྲིད་གཉེར་བའི་གྲྭ་བའམ། གསལ་བོར་བཤད་ན་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་མང་ཚོགས་ཀྱིས་མཁྱེན་རྒྱུ་གལ་ཆེ། དེ་བས་བདག་གིས་རང་གི་བསམ་ཚུལ་འདི་སེམས་ལ་བཅངས་ནས་མ་བསྡད་པར་བཤད་པ་ཡིན། སྐྱ་བོས་ཆོས་སྒྲུབ་མིན་རང་ཉིད་ལ་ཐོབ་ཐང་ཡོད་པ་རེད། ཡིན་ཡང་གྲྭ་བར་སྲིད་སྒྲུབ་པའི་ཐོབ་ཐང་ཡོད་པ་མ་རེད། དེའི་རྒྱུ་མཚན་རང་ཉིད་འཛུལ་ས་དེ་སྲིད་མི་སྒྲུབ་ཟེར་ནས་ཁས་ལེན་བྱས་ཡོད་པའི་སྡེ་ཚོགས་ཤིག་ཡིན་ལ་སྡེ་ཚོགས་དེར་ཡང་ཁྲིམས་དང་སྒྲིག་གཞི་མེད་པ་ཞིག་ནི་མིན་པས་མང་གཙོའི་ལམ་ལུགས་ནང་སྡེ་ཚན་གང་དུ་འཛུལ་མིན་རང་ལ་ཐོབ་ཐང་ལོས་ཡོད་མོད་སྡེ་ཚན་དེར་འཛུལ་ན་དེའི་ཁྲིམས་འཁུར་མི་དགོས་ཟེར་བའི་མང་གཙོ་ཞིག་གང་ན་ཡོད། ཡིན་ཡང་སྲིད་སྒྲུབ་མཁན་གྲྭ་བ་ཡོད་པ་རེད། དེ་ནི་འགྲིག་གི་མེད་པ་རེད། ཡིན་ཡང་སློབ་སྦྱོང་ཟེར་ན་གནས་ཚུལ་གཞན་ཞིག་རེད།

    Reply
  7. འགྲུལ་བཞུད་པ། says:
    ལོ་ 10 སྔོན།

    ཁྱེད་ཀྱི་འདོད་གྲུབ་དེ་ནི། གྲྭ་བས་ཆོས་བྱས། སྐྱ་བོས་སྲིད་སྐྱོང་། དེས་ན་སྐྱ་བོས་ཆོས་བྱེད་གལ་མ་མཐོང་ལ་སེར་མོ་བ་ཚོས་སྲིད་ལ་སློབ་སྦྱོང་བྱེད་གལ་མ་མཐོང་། འོན་ཀྱང་མང་གཙོའི་སྤྱི་ཚོགས་ཀྱི་ལམ་ལུགས་ནང་དེ་ལྟར་ཡོང་བར་དཀའ་བས། དེས་ན་ཁྱེད་ཀྱི་མཁྱེན་ནོ།།

    Reply
  8. thapkegyatso says:
    ལོ་ 10 སྔོན།

    འགྲུལ་བཞུད་པའི་རིག་པ་གཉིས་ནི་གནས་ལུགས་ཀྱིས་ཕྱུག་འདུག

    Reply
  9. གཉའ་འབྲོང་ཐུ་བུ། says:
    ལོ་ 10 སྔོན།

    ཁྱེད་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། སྐྱོན་བགྲངས་པ་དེ་དག་ངོས་ལེན་ཡོད་དང་ཡོད། ཡིན་ཡང་ཆོས་སྲིད་ཟུང་འབྲེལ་གྱིས་མ་གནོད་པ་དང་། བླ་རྒན་ཚོས་སྲིད་ལ་ཐེ་ཇུས་ཀྱིས་མི་གནོད་པ། ༧ གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་བྱས་པ་དེས་བླ་རྒན་སྲིད་དོན་པ་དག་ལ་ལམ་ཁ་བསྟན་པ་མིན་ཟེར་བ་དག་ཁས་ལེན་ཐབས་བྲལ། རྒྱུ་མཚན་ཅི་ཡང་མེད་པའི་དམ་བཅའ་ཙམ་ལས་མི་འདུག ངས་བསམ་ན་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ནི་ཧ་ཅང་རྙོག་འཛིངས་ཅན་ཞིག་རེད་ལ། དེ་ཡིན་དོན་ཡང་ཆོས་སྲིད་གཉིས་ཟུང་འབྲེལ་མེད་བཞིན་དུ་ཨུ་ཚུགས་བྱས་པས་ནོངས་པར་འདོད། ང་ཚོའི་ནང་པའི་ཆོས་ཀྱི་བདག་པོ་རང་ཉིད་ཀྱིས་ཀྱང་ཆོས་སྲིད་ཟུང་འབྲེལ་བྱ་ཐབས་མེད་པར་གཟིགས་ནས་ཆོས་རྐྱང་བ་བདམས་ཡོད། དེ་བཞིན་རྗེ་ཙོང་ཁ་བས་ཀྱང་། དེ་ཡང་མྱ་ངན་འདའ་ཕྱིར་དང་།།ཞི་གྱུར་མིན་མཛད་ཁྱེད་ལ་མེད།། ཅེས་གསུངས་ཤིང་། ༧ གོང་ས་མཆོག་གིས་ཀྱང་ཆོས་ལུགས་ཀྱི་མཚམས་ལས་བརྒལ་བའི་མི་ཆོས་ཀྱི་བཟང་སྤྱོད་གསར་གཏོད་མཛད་པ་དག་ལ་བལྟས་ན་ཆོས་ནི་ཀུན་གྱིས་ཁས་ལེན་དགོས་པ་ཞིག་མིན་ལ་མི་ཆོས་བཟང་སྤྱོད་ནི་མི་སུ་ཡིན་ཡང་ཁྲིམས་ལུགས་སྟེང་འདྲ་མཉམ་ཁས་མི་ལེན་ཐུ་མེད་ཡིན་པས་ན་ང་ཚོས་ཀྱང་ཕུགས་རྒྱང་རིང་ཙམ་ལ་གཟིགས་ནས་གྲྭ་བས་སྲིད་ལ་ཐེ་ཇུས་བྱེད་པའི་སྒེར་གཅོད་དེ་བཞག་ན་ཆོས་སྲིད་གཉིས་ལ་ཁེ་ཕན་ལས་གྱོང་གང་ཡང་མི་འདུག་སྙམ། ལྷག་པར་མི་ཆོས་ཡང་དག་པ་ཞིག་གིས་ཆབ་སྲིད་སྐྱོང་བ་ལ་ངེས་པར་བླ་རྒན་དག་སྲིད་སྟེགས་ལ་འགྱིངས་དགོས་པའི་རྒྱུ་མཚན་གང་ཡང་མེད། མ་གཞི་ནས་ནང་ཆོས་ནི་གྲྭ་བའི་ཆེད་ལས་དང་སྲིད་ནི་སྐྱ་བོའི་ཆེད་ལས་ཡིན་པས་མི་སུ་འདྲ་ཞིག་ཡིན་ཡང་རང་གི་དབང་ཆ་དེ་སྒེར་གཅོད་དམ་འཕྲོག་ཐབས་བྱས་ན་རྙོག་གླེང་ཡོང་རྒྱུ་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་བས་བོད་འདི་ཆོས་སྲིད་གཉིས་ལྡན་ཞིག་ལས་ཟུང་འབྲེལ་ཟེར་བ་དེ་བདག་གིས་ཁས་ལེན་གྱི་མེད། ཟུང་འབྲེལ་གྱི་གོ་དོན་ཐབས་ཤེས་གཉིས་ལྟ་བུ་གཅིག་གྲོགས་གཅིག་གིས་བྱེད་པ་ཞིན་ཡིན་དགོས་པས་ན་ཆོས་སྲིད་གཉིས་སྤང་གཉེན་ལྟ་བུའི་འགལ་ཟླ་ཁོ་ནར་སེམས། གང་ལྟར་གྲྭ་བས་སྲིད་གཉེར་བའི་ལམ་ལུགས་ནང་ཆོས་གཙང་མ་དང་སྲིད་ཡང་དག་པ་ཞིག་ནམ་ཡང་མེད་ལ་མཐའ་མ་ཆོས་མིན་སྲིད་མིན་གྱི་ཁབ་རྩེ་གཉིས་ཀྱིས་བཟོ་མི་ཡོང་བ་དང་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་པ་ཁ་ཚོན་བཅད་ནས་བཤད་ཐུབ་ལ་ང་ཚོའི་གནས་བབ་ཀྱང་དེ་ལས་མ་འདས། ད་དུང་གསལ་བཤད་ཅིག་ལ་མི་སྒེར་བའི་མིང་བཟུང་དོན་བཟུང་གིས་སེམས་ལ་སྡིག་འཇོག་འདོད་ཀྱི་བསམ་བློ་ང་ལ་མེད། མ་གཞི་ནས་མི་སུ་ཡིན་ཡང་སེམས་ལ་ནག་ཐིག་འཕབ་མི་འདོད། དེ་བས་སྤྱི་བཤད་ཙམ་བྱས་པ་ཡིན། དེས་ནི་སུ་ལའང་མི་གནོད་པ་རང་གི་ཉམས་མྱོང་གིས་གྲུབ།

    Reply
  10. འགྲུལ་བཞུད་པ། says:
    ལོ་ 10 སྔོན།

    ཆོས་སྲིད་ཟུང་འབྲེལ་ཀྱི་དམིགས་ཡུལ་ནི་བཟང་སྤྱོད་ཀྱི་ངོ་བོས་བཟུང་བའི་སྤྱི་ཚོགས་ཞིག་བསྐྲུན་ཐབས་ཆེད་དུ་ཡིན་པས་དེས་ན་ཆོས་སྲིད་ཟུང་འབྲེལ་བྱས་པ་དེར་ནོར་འཁྲུལ་གང་ཡང་མ་མཐོང་། འོན་ཀྱང་སྤྱི་ཚོགས་ནང་སེར་སྐྱ་མི་དམངས་གཉིས་ལ་དེང་རབས་ཀྱི་ཤེས་ཡོན་མེད་པ་དང་གཅིག རང་ཤེད་ཆེ་ཤིང་མཁྲེགས་བཟུང་ཆེ་བའི་རང་གཤིས་ངན་པ་དང་གཉིས། དཔྱད་ཞིབ་མེད་པར་ཚོར་ཤུགས་ཀྱི་གཏམ་གླེང་བྱེད་པ་དང་གསུམ། གཞན་གྱིས་གང་བཤད་བདེན་པར་འཛིན་པའི་བློ་དང་བཞི། དེ་བཞིན་རང་གིས་རྣམ་དཔྱོད་ཀྱིས་བདེན་རྫུན་དབྱེ་འབྱེད་མི་བྱེད་པའི་སྒྱིད་ལུག་ངན་པ་དང་ལྔ་སོགས་ཀྱིས་ཤུགས་རྐྱེན་གྱིས་དབང་གིས་ངེད་ཚོའི་སྤྱི་ཚོགས་ལ་བརྡབ་སིག་བྱེད་ཡོད་པ་མ་གཏོགས། ཆོས་སྲིད་ཟུང་དུ་འབྲེལ་བའི་དབང་གིས་མིན་ལ་དེ་བཞིན་བླ་རྒན་ཚོས་སྲིད་ལ་ཐེ་བྱུས་བྱས་པས་ག་ལ་ཡིན་མོད། ༧རྒྱལ་བའི་སྲིད་དབང་རྩིས་སྤྲོད་བྱས་པ་དེས་བླ་རྒན་ཚོར་ཡང་དེ་ལྟར་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་པའི་བརྡ་ལན་སྤྲད་པ་ནམ་ཡང་མིན། དེས་ན་ནོར་འཁྲུལ་ཡོད་ན་མི་སྒེར་དང་འབྲེལ་ཡོད་ལ་གཞི་བཞག་ནས་ནོར་འཁྲུལ་སེལ་ཐབས་བྱས་ན་བཟང་བ་ལས་དེ་མིན་སྤྱི་འབངས་ལ་དེ་ལྟར་བཤད་ན་ཅུང་མི་ལེགས་པར་སྙམ། དེས་ན་ཁྱེད་ཀྱི་བསམ་གཞིགས་བྱེད་རོགས།

    Reply
  11. གཉའ་འབྲོང་ཐུ་བུ། says:
    ལོ་ 10 སྔོན།

    འགྲུལ་བཞུད་པ་ཁྱེད་རང་གི་སྐད་ཆ་མཐོང་སོང་། ང་སྤྱིར་ཚོར་བའི་དབང་དུ་མི་འགྲོ་བའི་མི་ཞིག་ཡིན་ཟེར་གྱི་ཡོད། འོན་ཀྱང་སོ་སོས་སོ་སོ་ངེས་འཛིན་རྒྱུ་ཧ་ཅང་དཀའ་བས་ཚོར་དབང་དུ་སོང་ཡོད་ན་དགོངས་དག་ཞུ། ཁྱེད་རང་གི་བཤད་སྟངས་དེར་ཡང་བསམ་གཞིགས་རེ་གནོངས། ད་རེ་ཡི་གནས་ཚུལ་དེ་ངས་སུ་བདེན་མི་ཤེས་མོད་གསལ་བོ་ཆགས་པའི་རེ་བ་ཡོད་ཅེས་བཤད་ཡོད། ངའི་སྐད་ཆ་གན་རྩོད་ཉོག་དེ་ལས་འཕྲོས་པ་ཡིན་པ་ལས་ཁ་སང་གི་བླ་རྒན་དེར་ཆེད་དམིགས་བསྡིགས་མེད། སྤྱིར་བླ་རྒན་དག་གིས་ཚེ་འདི་བློས་བཏང་ཕྱི་མ་དོན་དུ་གཉེར་བ་ཡིན་ཟེར་བས་ན་བྱ་བ་གང་འཚམ་མིན་དེ་ཤེས་དགོས་པ་དང་། སངས་རྒྱས་རང་ཉིད་ཀྱིས་རབ་བྱུང་བ་དོན་ཉུང་བྱ་ཉུང་དང་སྤོང་ཀློག་གི་བྱ་བ་ཅན་དུ་གསུངས་པས་ན་ཆོས་མིན་སྲིད་མིན་པའི་བྱ་ཁྲ་ཁྲ་ཞིག་གཉེར་མཁན་ལ་སྤྱིར་ང་རང་འཐད་མ་ཐུབ་པ་ཡིན་མ་གཏོགས་ང་ཕྱོགས་ཞེན་གྱི་དབང་དུ་འགྲོ་དོན་ཅང་མེད་བསམ་ཡོད། དེར་འཐད་མ་ཐུབ་པ་དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་གཙང་མ་ཞིག་ཨེ་ཡོང་གི་རེ་བ་བརྒྱབ་པ་ཙམ་ཡིན། དེ་ཡང་ཆོས་སྲིད་གཉིས་མི་གཅིག་གིས་མཉམ་དུ་མི་འོང་བའི་རིགས་ལམ་འདེད་མཁན་གྱི་མཁས་པ་དག་གི་གནས་ལུགས་ཀྱང་མཐོང་ལ། ང་རང་ལའང་རྟོགས་དཔྱོད་དང་ཉམས་མྱོང་གང་འཚམ་ཡོད། ལྷག་པར་༧ གོང་ས་མཆོག་གིས་ཀྱང་བླ་རྒན་ཚོར་ལམ་ཁ་བསྟན་པ་ཞིག་ཏུ་མཐོང་ཡོད། ད་དུང་ངའི་སྐད་ཆ་ལ་ཁུངས་མེད་པ་དེ་འདྲ་མིན། བོད་ཀྱི་འདས་པའི་ལོ་རྒྱུས་དང་མིག་སྔར་གྱི་གནས་ཚུལ་མང་པོ་ཞིག་གིས་ང་ཚོས་མངོན་སུམ་ལ་བསྙོན་མི་ནུས།

    Reply
  12. འགྲུལ་བཞུད་པ། says:
    ལོ་ 10 སྔོན།

    གཉའ་འབྲོང་ཐུ་བུ་ལགས། ཁྱེད་ཀྱི་གླེང་བའི་གཏམ་ལ་རྒྱུ་མཚན་ཁུངས་སྐྱེལ་དམིགས་བསལ་མིན་འདུག་པས་དེས་ན་དེ་ནི་ཚོར་བའི་ངར་ཤུགས་ཁོ་ན་ཙམ་ལས་རྩོད་རྙོག་སེལ་བའི་རལ་གྲྭི་རེད་མིན་འདུག བླ་རྒན་ཟེར་ནས་སྡིག་དམོད་བྱས་ན་ལས་འབྲས་ཀྱི་འཆིང་འཐག་ལས་ཐར་མི་སྲིད་ལ་ལྷག་པར་ཁྱེད་རང་གིས་བོད་མི་རིགས་ལ་མཐོང་ཆུང་བྱས་པ་རེད། ད་ལན་གྱི་གྲོས་ཚོགས་རྙོག་གླེང་དེ་གཙང་སེལ་བྱེད་མ་ཐུབ་བར་དུ་བླ་རྒན་ཞེས་སྡིག་དམོད་བྱས་ན་ཧ་ཅང་ཐལ་བར་དྲག ང་ཚོས་གནས་ཚུལ་གཅིག་ལ་དཔྱད་པ་བྱེད་སྐབས་ཉེ་རིང་གི་བསམ་པ་དོར་གལ་ཆེ། མདོར་ན། ཁུངས་སྐྱེལ་མེད་པའི་རྩོམ་ཡིག་དེ་རྒྱ་མཚོའི་ནང་གི་རྟུག་དྲིའི་ལྦུ་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese