མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྤྱི་དོན་ཆེད་མ་མཐར་དཔྱ་ཁྲལ་ཙམ་འབུལ་ཐུབ་ནའང་ཕན་ཐོགས་པོ་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ ཚོགས་ཚོགས་དུས་དགུ་པ་མཇུག་བསྒྲིལ་བ་དང་བསྟུན་ཏེ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཉེ་ཆར་ཨ་རིའི་ནེའུ་ཡོག་ཏུ་བྱུང་བའི་གནས་ཚུལ་ དང་། གྲོས་ཚོགས་ནང་ཚོགས་གཙོར་ཉེས་འཛུགས་བྱས་པའི་གནད་དོན། དེ་བཞིན། འཕྲོད་བསྟེན་བཀའ་བློན་མཆོག་གི་རྙོག་གླེང་སྐོར། ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་ཀྱི་གོ་སྐབས་སྤྲོད་མ་ཐུབ་པ་བཅས་ཀྱི་ཐོག་གསལ་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༢།༣༠ སྟེང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བ་མཇུག་བསྒྲིལ་ཡོད་པ་དང་། ད་རེབ་ཚེས་ ༡༦ ནས་ ༢༨ བར་གྱི་སྤྱི་འཐུས་ཚོགས་འདུའི་སྟེང་། བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ ལོའི་སྔོན་རྩིས་གཏན་འབེབས་དང་། བཅའ་ཁྲིམས་དང་སྒྲིག་གཞི་ཁག་ཅིག་བསྐྱར་བཅོས། དེ་བཞིན། སྐར་རྟགས་ཅན་གྱི་དྲི་བ་བཅུ་དྲུག་ཐོག་བགྲོ་གླེང་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ཆེད་འཛུགས་ཚོགས་ཆུང་ཁག་ ༥ ཙམ་གྱི་ཞིབ་འཇུག་སྙན་ཐོར་བགྲོ་གླེང་བཅས་གནང་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། ད་རེབ་ཀྱི་གྲོས་ཚོགས་མགོ་བཙུགས་པའི་སྐབས་ནས་ཏོག་ཙམ་བློ་མི་བདེ་བ་ཞིག་ཡོང་བསྡད་སོང་། ང་ཚོའི་ལས་དོན་ག་འདྲ་ཞིག་ཡིན་ནའང་གང་ལྟར་བར་ཆད་དང་གདོང་ལེན་བྱེད་དགོས་པ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་རེད། གནད་དོན་ག་རེ་བྱུང་བ་ཡིན་ནའང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་རྒྱུ་དང་རྐྱེན་མང་པོ་ཞིག་འཛོམས་པའི་ཐོག་ནས་ཡོང་གི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་དང་རྐྱེན་གཅིག་མིན་པར་རྒྱུ་མང་པོ་ཞིག་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ ཡོང་གི་ཡོད་ལ། ད་རེབ་གྲོས་ཚོགས་འདིའི་ནང་ལའང་ཡོང་ཡོད་པ་རེད། ཚོགས་གཙོ་སྒེར་ལ་ཆ་བཞག་ན་ད་རེབ་ཏོག་ཙམ་བློ་མ་བདེ་བ་གཅིག་དེ། གྲོས་ཚོགས་སྟངས་འཛིན་བྱེད་སྐབས་མཚམས་རེར་སྤྱི་འཐུས་རེ་ཟུང་གིས་ཁ་ཐུག་ཏུ་ལན་ བརྒྱབ་ཡོང་བ་དེ་ཚོགས་གཙོ་སྤེན་པ་ཚེ་རིང་གི་གནས་ཚུལ་ཞིག་རེད། ཡིན་ནའང་། གཙོ་སྐྱོང་བྱེད་མཁན་ཚོགས་གཙོ་སྔོན་མ་ཕེབས་ཡོད་ལ། མ་འོངས་པར་ཡང་ཕེབས་ཡོང་གི་ཡོད་སྟབས། གྲོས་ཚོགས་ཀྱི་འགྲོ་ལུགས་སོགས་ཀྱི་ཐོག་གཟབ་གཟབ་གནང་དགོས་པ་རེད། སོ་སོ་སྒེར་གཅིག་པུའི་དོན་དག་བསྒྲུབ་པའི་སྐད་ཆ་མ་རེད། ང་ཚོ་ཚང་མས་བོད་མི་ས་ཡ་དྲུག་གི་ལས་ཀ་བྱེད་ཀྱི་ཡོད་པ་དང་། བོད་སྤྱི་པའི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་པ་དེ་སེམས་ལ་བཞག་པའི་ཐོག གྲོས་ཚོགས་ཀྱི་འགྲོ་སྟངས་ཡིན་ནའང་ཚད་དང་ལྡན་པ་ཞིག་འགྲོ་ཐུབ་དགོས་པ་རེད། སྔོན་མ་ཚད་དང་ལྡན་པ་ཕྱིན་ཡོད་ལ་མ་འོངས་པར་ཡང་ཚད་དང་ལྡན་པ་འགྲོ་ཐུབ་པ་བྱེད་པར་དགོངས་པ་བཞེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་རང་སྒེར་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་འདིའི་ནང་གནས་ཚུལ་བསླེབས་ཡོད་ལ། དེའི་སྐབས་ལའང་གསལ་བཤད་བྱེད་རྒྱུ་བྱུང་། ང་རང་སྒེར་གྱི་ངོས་ནས་ལྷག་བསམ་རྣམ་དག་ཡིན། གཙང་མ་གཙང་རྐྱང་ཡིན། ངོ་གནོང་དགོས་པ་དང་ཞུམ་དགོས་པ་རྩ་བ་ཉིད་ནས་མེད། ཡིན་ནའང་། ང་སྒེར་དང་འབྲེལ་བའི་གནད་དོན་ཡང་གྲོས་ཚོགས་ནང་བསླེབས་པ་རེད། དེ་བཞིན་གནད་དོན་གཞན་པ་དེ་འདྲའང་གྲོས་ཚོགས་འདིའི་ནང་ཡང་ཡང་སླེབ་ཀྱི་ཡོད་སྟབས། སོ་སོའི་རེ་བར་ཡིན་པ་ཡིན་པ་དང་མིན་པ་མིན་པ་བྱས་ནས་གཙང་མ་ཞིག་བཟོ་ཐུབ་ན་བསམ་གྱི་འདུག འཛིན་སྐྱོང་བཀའ་ཤག་གིས་དེ་ཚོའི་བརྒྱུད་རིམ་ཆ་ཚང་ཞིག་མཁྱེན་གྱི་ཡོད་སྟབས། ངོས་འཛིན་ག་འདྲ་ཞིག་གནང་གི་ཡོད་མེད་གསལ་བོ་ཞིག་གསུང་བཞག་པ་ཡིན་ན། མ་འོངས་པར་གནད་དོན་དེ་དང་དེའི་རིགས་གྲོས་ཚོགས་ནང་གླེང་མི་དགོས་པའི་རེ་བ་ཞུ་བཞིན་ཡོད་སྟབས་དེ་དགོངས་པར་འཇགས་རོགས་གནང་ཞུ་འདོད་བྱུང་། ཞེས་གསུངས་སོང་།

སྔོན་རྩིས་གཏན་འབེབས་སྐོར་ལ་ཁོང་གིས། ད་རེབ་སྔོན་རྩིས་ཀྱི་གྲོས་ཚོགས་ཡིན་སྟབས་དུས་ཚོད་མང་ཤོས་དེ་སྔོན་རྩིས་ཐོག་བཏང་ཡོད་པ་རེད། རྩིས་ལོ་ ༢༠༡༤ དང་ ༢༠༡༥ ཡི་བསྡོམས་རྩིས་ལ་ཆ་བཞག་ན། འཛིན་སྐྱོང་བཀའ་ཤག་གིས་ས་ཡ་ཉིས་སྟོང་གཉིས་བརྒྱ་བཅུ་གཉིས་ཀྱི་འགྲོ་སོང་གཏོང་གི་ཡོད་པ་དང་། དེ་གཞིར་བཟུང་གིས་ང་ཚོས་བསྐྱར་བཅོས་སྔོན་རྩིས་ཀྱི་ཐོག་ནས་གཏན་འབེབས་བྱས་པ་རེད། ཚུར་ཡོང་འཆར་དེ་ས་ཡ་ཉིས་སྟོང་བཞི་བཅུ་ཞེ་ལྔ་དང་སོང་འཆར་ས་ཡ་ཉིས་སྟོང་གཉིས་བརྒྱ་བཅུ་གཉིས་བྱས་ཏེ། ཁ་མ་འདུམས་པ་ས་ཡ་ ༡༦༧ ཡིན་ཡང་དེ་ཆ་ཚང་ཁ་མ་འདུམས་པ་ལབ་ཐུབ་ཀྱི་མ་རེད། རྩིས་མགོ་རྒྱག་རྒྱུ་ཡིན་དུས་འགྲོ་སོང་གཏོང་མ་དགོས་པ་དང་ལྷག་མ་སོགས་ཀྱིས་ཁ་ཅིག་འདུམས་འགྲོ་ཡི་ཡོད་པ་རེད། གང་ལྟར་དངུལ་འབོར་ཆེན་པོ་ཞེ་དྲགས་ཤིག་འགྲོ་བཞིན་ཡོད་པ་རེད། དེ་བཞིན་ ༢༠༡༥ དང་ ༢༠༡༦ ལའང་ས་ཡ་ཉིས་སྟོང་བཅོ་བརྒྱད་(༢,༠༡༨,༠༣༩,༡༡༠)འགྲོ་སོང་དུ་འགྲོ་ཡི་ཡོད་པ་དང་། ཚུར་ཡོང་རྒྱུ་དེ་ས་ཡ་གཅིག་སྟོང་དགུ་བརྒྱ་(༡,༩༠༠,༧༥༤,༧༨༤)ཡིན་ལ། དེའི་སྒང་ལ་ས་གནས་འཐུས་ཚོགས་མེད་པ་དང་སྨན་ཁང་ཁག་ཅིག་གི་འགྲོ་སོང་ལ་ས་ཡ་ ༤༥ ཞིག་འགྲོ་བཞིན་ཡོད་པ་རེད། ཅེས་གསུངས་སོང་བ་དང་འབྲེལ་ཏེ། སོ་སོ་སྒེར་གྱི་ཆེད་ཁོ་ན་ཙམ་མ་ཡིན་པར་བོད་སྤྱི་པའི་ཐོག་དཔལ་འབྱོར་གྱི་ནུས་པ་གཅིག་ཏུ་སྤུང་གལ་ཆེ་བ་དང་། སྒེར་གྱི་ལས་ཀའི་རྐྱེན་པས་བོད་སྤྱི་པའི་རྩ་དོན་ཆེད་གཞན་ཅི་ཡང་བྱེད་མ་ཐུབ་ཀྱང་། དཔྱ་ཁྲལ་དེ་ཏག་ཏག་ཅིག་ཕུལ་བ་ཡིན་ན་བོད་སྤྱི་པའི་དོན་ལ་ཕན་ཐོགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་ནེའུ་ཡོག་ཏུ་བྱུང་བའི་གནས་ཚུལ་ཐད་ཁོང་གིས། བོད་ནང་ཛ་དྲག་གི་གནས་ཚུལ་ཡོང་གི་ཡོད་དུས། ང་ཚོས་ལས་འགུལ་མང་པོ་སྤེལ་གྱི་ཡོད་ལ། བཀའ་སྤྱི་ལྷན་རྒྱས་ཀྱི་ཐོག་ནས་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་བ་རེད། སྐབས་དེའི་ང་ཚོའི་བསམ་བློ་ནི་བོད་པའི་སྤྱི་ཚོགས་འདི་དམངས་གཙོ་ཡིན་སྟབས། སོ་སོའི་ཆབ་སྲིད་ལངས་ཕྱོགས་འདྲ་མི་འདྲ་ཡོང་གི་ཡོད་ལ་ཡོང་དགོས་པའང་རེད། ཡིན་ནའང་། གཞི་རྒྱ་ཆེ་བའི་ལས་འགུལ་དེ་འདྲ་སྤེལ་སྐབས། སུས་གོ་སྒྲིག་གནང་གི་ཡོད་པ་ཡིན་ན། སྔོན་མ་ང་ཚོའི་དེར་སྐྱོན་བརྗོད་བྱས་ཡོད་པ་རེད་དེ། ཐབས་ལམ་ཡག་ཤོས་དེ་འཕྲེད་དར་སོགས་གཅིག་མཚུངས་འདྲ་བོ་ཞིག་འཁུར་ན་མ་གཏོགས་སྐད་འབོད་དེ་ཚོ་སྟངས་འཛིན་བྱེད་ཐུབ་རྒྱུ་ཁག་པོ་རེད། དེ་ཚོར་ལྷུག་ཙམ་གནང་བ་ཡིན་ནའང་ཚང་མར་དཀའ་ངལ་མི་འཕྲད་པའི་དཔེ་སྟོན་ཞིག་ཡོད་པ་རེད། ཡིན་ནའང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་འདི་འདྲ་གནང་དགོས་པ་རེད་ཅེས་བཀའ་གཏོང་ཐུབ་པ་ཡོད་པ་མ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སོ་སོའི་ཕྱག་ལས་གནང་སྟངས་དེ་སོ་སོའི་འགྲོ་སྟངས་ཤིག་གི་འོག་ནས་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་དེ་འདྲ་བྱུང་བ་ཡིན་ན་ཡག་པོ་ཡོད་པ་རེད་ཅེས་ཞུ་ཡི་ཡོད། ཅེས་གསུངས་སོང་།

འཕྲོད་བསྟེན་བཀའ་བློན་མཆོག་དང་འབྲེལ་བའི་གནས་ཚུལ་ཐད་ཁོང་གིས། ང་ཚོས་ཉམས་མྱོང་ག་རེ་ལེན་དགོས་པ་རེད་ཅེས་ལབ་ན། འཛིན་སྐྱོང་གིས་ཕྱག་ལས་ག་རེ་གནང་བ་ཡིན་ནའང་ཚད་དང་ལྡན་པ་ཞིག་གནང་དགོས་ལ། མང་ཆེ་བ་ཞིག་ཚད་དང་ལྡན་པ་ཞིག་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གནས་ཚུལ་དེ་འདྲ་བྱུང་ནས་སྤྱི་ཚོགས་ནང་དུའང་བཀའ་མོལ་མང་པོ་བྱུང་བ་རེད་ལ། གྲོས་ཚོགས་ནང་ལའང་དུས་ཚོད་གང་ལ་གང་འཚམ་གཏོང་དགོས་པའི་གནས་སྟངས་བྱུང་པ་རེད། དེར་བརྟེན་ང་ཚོ་སྤྱི་པའི་འགན་འཁུར་མཁན་སུ་ཡིན་ནའང་སོ་སོ་ལྷག་བསམ་རྣམ་དག་ ཡིན་པ་ཞིག་ལ་སོ་སོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། གཞན་པ་ཚོས་ག་འདྲ་ལྟ་ཡི་འདུག་སོ་སོའི་ལས་ཀར་སྐྱོན་དང་ནོར་འཁྲུལ་ག་རེ་ཡོང་གི་འདུག་དེ་ཚོར་སྐབས་སྐབས་སུ་དཔྱད་པ་བྱས། སོ་སོར་དྲི་བ་བཏང་ན། དེ་འདྲ་བའི་གནས་ཚུལ་ཡོང་མི་དགོས་པ་འདྲ་བོ་ཞིག་མཐོང་གི་ཡོད། གང་ལྟར་འཚོ་བྱེད་སྨན་ཁང་ནས་ཀོ་ལི་སྒར་དེ་ཚོར་ཞིབ་འཇུག་བྱེད་དགོས་བྱུང་བ་དང་། ལས་བྱེད་ཁ་ཤས་གནས་དབྱུང་གཏོང་དགོས་བྱུང་བ། ཡང་ལས་བྱེད་མང་པོ་ཕར་ཚུར་གནས་སྤོ་གཏོང་དགོས་པའི་གནས་སྟངས་བཅས་འཚོ་བྱེད་སྨན་ཁང་གི་གནས་ཚུལ་གྱི་བྱུང་རིམ་ཆ་ཚང་གི་ཐོག་ནས། ང་ཚོ་ལས་ཀྱི་སྣེ་མོ་བ་ཚོས་ཉམས་མྱོང་ལེན་དགོས་པ་དང་བསླབ་བྱ་ལེན་དགོས་པ་ཞིག་དང་། ལས་བྱེད་ནང་ལོགས་ཡིན་ནའང་སྤྱི་པའི་ལས་དོན་བྱེད་སྐབས་ལས་དོན་ཚགས་ཚུད་པོ་དང་གྲ་འགྲིག་པོ་ཡོང་དགོས་པ། ལྐོག་ཟ་རུལ་སུངས་དང་ངན་ཇུས་དེ་འདྲ་མེད་པའི་གནས་སྟངས་ཡག་པོ་བསྐྲུན་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག འཕྲོད་བསྟེན་བཀའ་བློན་མཆོག་གཅིག་པུའི་བཀའ་མོལ་མ་རེད། གནས་ཚུལ་སྤྱི་ཡོངས་ནས་དེ་འདྲ་མ་ཡོང་བ་དང་སོ་སོའི་ལས་འགན་ཡག་པོ་བསྒྲུབ་དགོས་པ་དེ་གནད་དོན་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

དམངས་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་ཇོ་ནང་ལ་སྤྱི་འཐུས་གཉིས་ཀྱི་ཞབས་སྟེགས་མ་ཐོབ་པའི་སྐོར་ལ་ཁོང་གིས། ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཐོག་ནས་ང་ཚོས་རྒྱ་བལ་འབྲུག་གསུམ་འཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལེ་ཤི་་ཡའི་ཁུལ་དུ་ང་ཚོས་སྤྱི་འཐུས་གཅིག་གི་གོ་སྐབས་སྤྲོད་ཐུབ་ཡོད་པ་རེད། ང་རང་ཚོའི་གྲོས་ཚོགས་ནང་ནས་གང་ཐག་བཅད་པ་ཡིན་ནའང་དམངས་གཙོའི་ལམ་ལུགས་གཞིར་བཟུང་བྱས་ཏེ་ཐག་གཅོད་ཀྱི་ཡོད་པ་རེད། ཚོགས་འདུ་དབུ་འབྱེད་སྐབས་ལའང་ཞུས་པ་ཡིན། དམངས་གཙོའི་ལམ་ལུགས་གཞིར་བཟུང་གིས་ཐག་བཅད་ནས་འགྲོ་གི་རེད་དཱ། དེས་ཐོན་པ་དང་མ་ཐོན་པའི་གནས་སྟངས་ཀྱི་འོག་ནས་སྤྱི་ཚོགས་ནང་འཁྲུག་རྐྱེན་མ་ཐེབས་པ་ཞིག་ལ་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་རེད་ཅེས་ཞུས་པ་ཡིན། དེ་རིང་གྲོས་ཚོགས་མཇུག་བསྡུ་བའི་སྐབས་འདིར། ཇོ་ནང་པར་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲད་མ་སོང་ཟེར་བའི་རྣམ་འགྱུར་ཞིག་བསྟན་ཏེ་གྲོས་ཚོགས་ཕྱི་ལོགས་སུ་བཞུགས་བསྡད་ཡོད་པ་རེད། ཁོ་རང་ཚོས་དགོས་འདུན་དོན་ཚན་ ༤ བཏོན་འདུག དེའི་ནང་གཞིས་བྱེས་བོད་མི་ཁྲི་ཕྲག་མང་པོས་ལོ་ ༡༨ ལྷག་གི་རིང་ལ་སྙན་ཞུ་བརྒྱ་ཕྲག་ཕུལ་བ་རྩིས་མེད་གཏོང་དགོས་དོན་ག་རེ་ཡིན་གསལ་བཤད་དགོས་ཀྱི་ཡོད་ཅེས་ཞུ་ཡི་ཡོད་པ་རེད། གནད་དོན་འདི་ང་ཚོ་སྤྱི་འཐུས་ཚང་མ་དང་མང་ཚོགས་ནང་མ་མཁྱེན་པ་གང་ཡང་ཡོད་པ་མ་རེད། ང་ཚོ་དམངས་གཙོའི་ལམ་སྲོལ་ཞིག་ལ་ཕྱིན་པ་རེད། ཕུལ་མ་ཐུབ་པ་དེ་མ་ཐུབ་པ་རེད། མ་འོངས་པར་ཁོ་རང་ཚོས་ཞུ་སྐུལ་བྱེད་སྟངས་དེ་ཚོ་ཚད་དང་ལྡན་པ་བྱས་ཏེ་ལམ་ཁ་ཞིག་གཏོད་ཐུབ་ཀྱི་ཡོད་པ་ཡིན་ན་རྗེས་མ་གཟིགས་རྒྱུ་རེད། དེ་མ་གཏོགས་འདིའི་སྒང་ལ་དམིགས་བསལ་ཅི་ཡང་ཞུ་རྒྱུ་མི་འདུག དགོས་འདུན་དོན་ཚན་གཉིས་པའི་ནང་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོས་གཙོས་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་གི་བཀའ་སློབ་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་གནང་བའི་ཡིག་ཆ། དེ་བཞིན་ཆོས་ཚོགས་ཐེངས་ ༡༤ པའི་གྲོས་ཆོད་རྩིས་མེད་བཏང་དོན་ཅི་ཡིན་གསལ་བཤད་བྱ་དགོས་ཞེས་པ་དེར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ལན་རྒྱག་ཐབས་ཡོད་པ་མ་རེད། ཅེས་དང་གསུངས་སོང་།

ཁོང་གིས་མུ་མཐུད་དུ། དགོས་འདུན་དོན་ཚན་གསུམ་པ་ཐེངས་འདིའི་གྲོས་ཚོགས་ཐོག་དྲང་བདེན་མིན་པའི་ཐག་ གཅོད་ལ་ངོས་ལེན་མེད་པ་མ་ཟད། བགྲོ་གླེང་ཙམ་ཡང་མ་བྱས་པར་རྩིས་མེད་གཏོང་དོན་ཅི་ཡིན་གསལ་བཤད་བྱ་དགོས་ཞེས་པ་དེར་ངས་ཁ་སང་གྲོས་ཚོགས་ནང་གསལ་པོ་ཞུས་པ་ཡིན། ང་རང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་དེ་བཀུར་འོས་སྤྱི་འཐུས་ཚང་མས་མཁྱེན་གྱི་ཡོད་པ་དང་། ལྷག་པར་དུ་ཁྲིམས་བཟོའི་སྐབས་ཨང་དང་པོ་ཁྲིམས་འཆར་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱིས་སྙན་སྒྲོན་ཞུ་རྒྱུ་དང་། དེ་ནས་ཚུད་དང་མ་ཚུད་ལྟ་རྒྱུ། ཆེད་མངགས་དོ་དམ་པོ་ཡོང་བར་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པ། བརྗོད་པ་གསུམ་བྱས་ནས་འགྲོ་ཡི་ཡོད་པ་རེད། བརྗོད་པ་གཉིས་པའི་སྐབས་ལ་གསུང་དགོས་པ་ཡོད་ན་ཕྱག་བརྐྱང་དགོས་པ་རེད། གང་ཡིན་ཟེར་ན། ཁ་སང་ལས་རིམ་རྣམ་གཞག་ཅིག་ཕེབས་པ་རེད། ལས་རིམ་རྣམ་གཞག་ཕེབས་སྟངས་དེར་ཚོགས་གཙོ་འདོད་པ་ཁེངས་པོ་མ་བྱུང་ཞུ་རྒྱུ་ཡིན། ལས་རིམ་རྣམ་གཞག་གནང་མཁན་སྤྱི་འཐུས་ཀྱིས་ཀྱང་གྲོས་ཚོགས་ནང་ཞུས་ཡོད་པ་རེད། གཅིག་བྱས་ན་འདིའི་རྒྱུ་མཚན་ལ་བརྟེན་ནས་བསམ་ཚུལ་དེ་བསླེབས་མེད་འགྲོ་བསམ་བསམ་ཞིག་ཡོང་གི་འདུག ཡིན་ནའང་། བརྗོད་པ་གཉིས་པའི་སྐབས་ལ་སོ་སོས་ཕྱག་མ་བརྐྱངས་བ་དང་གཏན་འབེབས་བྱས་ཚར་རྗེས། གཞི་ནས་ལས་རིམ་རྣམ་གཞག་བཏོན་ཡོང་དུས། སོ་སོའི་ནོར་འཁྲུལ་དེ་ཕར་བཀབ་ནས་ཚོགས་གཙོའི་མ་འགྲིག་པའི་རྣམ་པ་འདྲ་བོ་ཞིག་སྟོན་ཡོང་དུས་དེ་ཏག་ཏག་བསྡད་ཀྱི་མི་འདུག་ཞུ་འདོད་བྱུང་། ཚོགས་གཙོའི་ངོས་ནས་བགྲོ་གླེང་བྱེད་རྒྱུ་བཀག་མེད། བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་མ་གནང་བ་ཡིན་ན། ཚོགས་གཙོས་ཁྱེད་རང་ཚོར་གསུང་རྒྱུ་ཡོད་དམ་ཞེས་ཕར་སྐད་ཆ་དྲིས་བསྡད་པ་ཡིན་ན་དེའང་ཚོགས་གཙོའི་ཐོག་ནས་ཏག་ཏག་བསྡད་ཡོད་པ་མ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 13

  1. ཕུན་ཚོགས ། says:
    ལོ་ 10 སྔོན།

    བཀའ་དྲིན་ཆེ་ཚོགས་གཙོ་ལགས། ཁྱོད་ཀྱིས་འོབ་རྒྱལ་མྱོང་སོང་། གླུན་རྨོངས་པ་གླང་མགོ་དག་གི་ཁྲོད་ནས་ཁྱོད་ཀྱིས་དཀའ་ལས་མྱོང་སོང་། ཁྱོད་ཀྱི་མཛད་འཕྲིན་སྔ་ཕྱི་དག་ལ་དོ་བསྡོ་བར་འདོད་མཁན་སུ་གང་མེད་ཀྱང་། ཁྱོད་ཀྱི་ཤེས་འཇོན་ཀྱི་ནུས་པ་མར་གཅོག་འདོད་ཀྱི་ཕྲོག་དོག་དུག་གི་མཆེ་མང་པོ་ཞིག་གིས་ཁྱོད་ལ་དཀའ་ལས་གཏད་སོང་།
    ཁག་ཅི་ལ་ཡོད། ཁྱོད་ཀྱི་རྒྱབ་མདུན་ན་ལག་པས་སྐྱོར་མཁན་གྱི་དཔུང་རོགས་མེད། ཁྱོད་ཀྱི་རྒྱབ་ལོག་ན་ཆོལ་ཀ་ཞིག་སྟོབས་ཤུགས་མེད། ཁྱོད་ཀྱི་རྒྱབ་མདུན་ན་ཚོགས་པ་གང་ཞིག་གི་ཆེད་གཉེར་དངུལ་ལོར་གྱི་ཡོང་ཁུངས་མེད། ཁྱོད་ཀྱིས་དཀའ་ལས་མྱོང་སོང་།
    གལ་སྲིད་སྐུ་ཉིད་ལ་མདོ་སྟོད་ཆོལ་ཀ་ལྟ་བུའི་གཅིག་རྒྱབ་གཅིག་གྲོགས་ཀྱི་དཔུང་ཚོགས་ཡོད་ན། གལ་སྲིད་སྐུ་ཉིད་ལ་དབུས་གཙང་ཆོལ་ཁ་ལྟ་བུའི་མི་འབོར་དཔུང་ཤུགས་ཀྱི་ནུས་པ་ཡོད་ན། ཐེངས་འདིའི་མ་ཉེས་ཁ་གཡོག་གི་ཉེས་འཛུགས་འདི་ཁྱོད་ལ་ཕོག་ཐུབ་མེད། ཐེངས་འདིའི་སྐྱུག་བྲོའི་ཟློས་གར་འདི་བསྐྱར་འཁྲབ་དགོས་དོན་མེད།
    ཁག་ཅི་ལ་ཡོད། ཁྱོད་ཉིད་མདོ་སྨད་པ་ཞིག་ཡིན་པས་རེད། ཁྱོད་ཉིད་མདོ་སྨད་ཀྱི་སྤྱི་འཐུས་ཤིག་ཡིན་པས་རེད། ཁྱོད་ཀྱི་ལས་དྲང་མི་འདུག ཚོགས་གཙོ་ལགས།

    Reply
  2. འདྲེ་མགོ་རྡོ། says:
    ལོ་ 10 སྔོན།

    ཟླ་བྷེ་ལགས་ཀྱི་རྣམ་འགྱུར་དྲང་མོད། རྒྱལ་སྲིད་རྩིས་སྤྲོད་གནང་སྐབས་ཀྱི་དབུ་ཁྲིད་དུ་འཁེལ་བ་ཙམ་གྱིས་ཕྱག་གཡས་གཡོན་ཆགས་པའི་ངེས་པ་མ་ཁྱོན་ནས་མེད་པ་དེ་ཐུགས་ལ་འཛིན་རོགས། སྲིད་སྐྱོང་ལུ་གུ་རྒྱུད་དུ་བྱོན་དགོས་ནའང། ཕྱག་གཡས་གཡོན་གྱི་ཀ་ཆེན་ལྟར་བགྲང་ཆོག་པ་རེ་གཉིས་ཙམ་ལས་ཡོང་མདོག་ཁ་པོ་མ་རེད། ཡུལ་ལུང་གཞན་ལའང་སྲིད་འཛིན་གྱི་མིང་ཐོགས་ཚད་བྱས་ཅན་མིན་པ་བཤད་མི་དགོ་བཤམས་བཞག་ཡོད་པའི་དོན་དངོས་ཤིག་རེད། དེའི་ཆ་ནས་ཆབ་སྲིད་དང་ཐད་འབྲེལ་ཡོད་པའི་བཀའ་མོལ་འདི་དག་ཚོར་བས་བེད་ལོག་ཏུ་སྤྱད་ན་འབྲས་བུ་ངན་པ་འབྱུང་གི་རེད། སྤྱར་ཀིར་རྣ་ཙོར་འདོག་གི་རེད།

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 10 སྔོན།

    བཛྲ་སུ་མ་ཏི་ལགས་ལེགས་སོ།། ཡིན་དང་ཡིན།

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 10 སྔོན།

    ཡ་ཡ་དྲ་གྲོགས་འདྲེ་མགོ་རྡོས་ལགས་ཀྱིས་ལམ་སྟོན་གནང་བར་བཀའ་དྲིན་ཆེ། གུས་པའི་འདིར་རང་གི་བཤད་འདོད་པ་དག་རིག་གནས་ཀྱི་བཀག་རྒྱའི་འོག་ཕ་རོལ་པོ་ལ་བརྡ་གསལ་བོ་ཞིག་སྤྲོད་མ་ཐུབ་པར་དགོངས་དག་ཞུ་རྒྱུ་དང་། སྤྱིར་སངས་རྒྱས་ཀྱི་མཛད་པ་དང་སོ་སྐྱེ་ཡི་འཇོན་ཐང་གཉིས་བསྡུར་ཐབས་རྩ་བ་ནས་མེད་པ་གུས་པའི་ཡང་ཤེས་ཡོད། བྱེ་བྲག་བོད་ཀྱི་ཆབ་སྲིད་ཀྱི་ཐད་ནས་བཤད་ཀྱིན་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཆེས་མཐོའི་ཆབ་སྲིད་སྐུ་དབང་དང་། མི་ལོ་སུམ་བརྒྱ་ལྷག་གི་དགའ་ལྡན་ཕོ་བྲང་གི་སྲིད་སྟེགས་དབང་ཚད་ཡོངས་སུ་རྫོགས་པ་དུས་བསྟུན་ཉེར་མཁོ་ཡི་གཟིགས་པ་ཆེན་པོས། བོད་མི་མང་གིས་འོས་འདེམས་བརྒྱུད་ཐོན་གྱི་དབུ་ཁྲིད་ལ་རྩིས་སྤྲོད་གནང་བ་ནས་བཟུང་། གུས་དམན་ཁོ་བོས་དེ་ལྟར་ངོས་འཛིན་བྱེད་བཞིན་ཡོད་ཞུ་བ་ལགས།

    Reply
  5. བཛྲ་སུ་མ་ཏི། says:
    ལོ་ 10 སྔོན།

    ཟླ་བྷེ་ལོ་ལོ། ༧གོང་ས་མཆོག་འཛམ་གླིང་ནང་མཚན་སྙན་འབར་བ་ཁོང་གི་བླ་ན་མེད་པའི་ཐུགས་དགོངས་དང་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་གཅིག་གྱུར་ཀུན་ཁྱབ་ཀྱི་ཚད་མེད་སྙིང་རྗེ་སོགས་མཁྱེན་རབ་འབར་བའི་འཇོན་ཐང་རེད་མ་གཏོགས། ཕྱག་གཡས་གཡོན་ཡིན་ཟེར་མཁན་འདི་དག་ལ་བསྟེན་ནས་བྱུང་བ་གང་ཡང་མ་རེད།

    Reply
  6. བཛྲ་སུ་མ་ཏི། says:
    ལོ་ 10 སྔོན།

    ཟླ་བྷེ་ལོ་ལོ། ༧གོང་ས་མཆོག་འཛམ་གླིང་ནང་མཚན་སྙན་འབར་བ་ཁོང་གི་བླ་ན་མེད་པའི་ཐུགས་དགོངས་དང་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་གཅིག་གྱུར་ཀུན་ཁྱབ་ཀྱི་ཚད་མེད་སྙིང་རྗེ་སོགས་མཁྱེན་རབ་འབར་བའི་འཇོན་ཐང་རེད་མ་གཏོགས། ཕྱག་གཡས་གཡོན་ཡིན་ཟེར་མཁན་འདི་དག་ལ་བསྟེན་ནས་བྱུང་བ་གང་ཡང་མ་རེད།

    Reply
  7. འདྲེ་མགོ་རྡོ། says:
    ལོ་ 10 སྔོན།

    མགོ་ལོག་ཟླ་བྷེ་ཟེར་བ་ལགས། བསྟོད་མི་ཤེས་པས་བསྟོད་པ་ལས། ཟེར་བ་ལས་བོད་ཀྱི་གཏམ་དཔེ་ལྟར། སྐད་ཆ་ཆེན་པོ་བཤད་རྕིས་རྐྱང་བྱེད་པ་དེ། ཁོར་ཡུག་གིས་ངན་ལངས་ལ་བཏང་བའི་ཆ་རེད། ཁྱོས་སྐད་ཅ་བཤད་ས་འདི་ཁུག་ཀྱོག་ཅིག་མ་རེད། བོད་ཀྱི་དུས་བབ་དྲ་ངོས་རེད། ཆོལ་གསུམ་བོད་མི་ཤེས་ཡོན་ཅན་ངོ་མ་ཚོས་གཟིགས་སའི་ཡུལ་རེད། དེ་བས་ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་༧གོང་ས་ཆེན་པོའི་ཕྱག་གཡས་གཡོན་ཆགས་མེད་པ་འཇིག་རྟེན་ཀུན་གསལ་རེད། ཐ་ན། ཕྱག་མཛུབ་ཅིག་གི་དཔེ་རུ་བཀོད་ཆོག་པའི་འཇོན་ཐང་གང་ཡང་ད་བར་བྱུང་མེད་པ་ཤེས་པར་གྱིས། ཤེས་ནས་སྨྲ་བའི་ལུགས་སུ་ཨུ་ཚུགས་བྱེད་རོགས།།

    Reply
  8. མགོ་ལོག་ཟླ་བྷེ། says:
    ལོ་ 10 སྔོན།

    ཤེས་འཇོན་ལྷག་བསམ་དང་ལྡན་པའི་གཞོན་སྐྱེས་དབུ་ཁྲིད་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་རྣམ་པ་གཉིས་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ལག་གཡས་གཡོན་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་སྤྱན་མིག་གཡས་གཡོན་དང་འདྲ་བར་གཞན་ལ་ཡོད་ན་སྨོན་རྒྱུ་དང་། རང་ལ་ཡོད་ན་ངོམ་རྒྱུའི་མི་དབང་གཉིས་ཡིན་པ་བཤད་མ་དགོས་ལ་དགའ་སྤོབས་སྐྱེ་དགོས་པ་ཞིག་ནི་ཁོང་རྣམ་པ་གཉིས་པོ་ཐུགས་མཐུན་དམ་གཙང་གིས་རྡོག་རྩ་གཅིག་སྒྲིལ་ཡིན་འདུག་པས་བསམ་སྤྱོད་མ་རུངས་བ་དག་གིས་འགལ་བ་འཕེན་མི་ཐུབ་པ་ངེས་པས་ཤིན་ཏུ་དགའ་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་བརྙན་རིས་དྲ་ལམ་ལ་ཡོང་ཚད་པོ་མགོ་ནས་མཇུག་བར་དུ་བལྟས་པ་ཡིན། བོད་མི་མང་སྤྱི་འཐུས་རྣམ་པས་མྱི་ངོ་དང་གནས་ལུགས་མི་བརྗེ་བའི་ཐོག་ནས་མི་མང་གི་ཚབ་ཡིན་པ་མ་བརྗེད་པར་གནད་འགག་ཅན་གྱི་དྲི་བ་དག་དང་། སྲིད་སྐྱོང་མཆོག་གིས་རྣམ་དཔྱོད་ཡངས་ཤིང་རྒྱུ་མཚན་ལྡན་པའི་བཀའ་ལན་རེ་རེ། གཞན་ཕྱག་རོགས་བཀའ་བློན་རྣམ་པ་ཚོས་རང་རང་གི་ཕྱག་ལས་དང་འབྲེལ་བའི་དྲིས་ལན། ལྷག་པར་དུ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གཟི་བརྗིད་ལྡན་ཞིང་ཁ་ཚ་དགོས་གཏུགས་ཀྱིས་དམངས་ཕན་གཞུང་བརྟན་ཅན་གྱི་ཕྱག་ལས་ཁག་གི་གཞི་ལམ་འབྲས་གསུམ་ངོས་སྤྱོར་གསལ་བཤད་དང་དྲིས་ལན་དག མང་གཙོ་ཡང་དག་གི་ལམ་ལུགས་ལྟར་སྤྱི་མོས་དང་མང་མོས་ཀྱིས་གྲོས་ཆོད་ཁག ཚོགས་གཙོ་གཞོན་གཉིས་ཀྱིས་འཇུག་ལྡོག་མཁས་པོས་སྟངས་འཛིན་གྱི་རིམ་པ། སྦྲེལ་པོའི་ཐུགས་འདུན་མཚོན་པའི་ཚོགས་གཙོའི་མཇུག་སྡོམ་གསུང་བཤད།བཅས་ཀྱིས་བོད་མི་བོད་སེམས་ཅན་དག་ལ་དགའ་སྤོབས་གསར་བ་ཞིག་དང་། ཡིས་ཆེས་འཕར་མ་ཞིག རེ་བ་གསོན་པོ་ཞིག་བཅས་སྐྲུན་སོང་བས་བཀའ་དྲིན་ཤིན་ཏུ་ཆེ་ཞུ། དེ་མིན་ཉིན་བཞི་བའི་གཏམ་ངན་བཤད་ཚེགས་དེ་ལ་བསམ་ཚུལ་ཞིག་གཞན་དུ་བཤད་ཡོད་པས་འཐུས་ལ། ཚོགས་འདུ་སོགས་ནས་གོ་སྐབས་ནམ་རག་ལ་ཁོང་གཉིས་ཆ་ལ་དྲི་བ་ཚ་བོས་རྒྱུ་མ་ཕུ་འདེད་བྱེད་རྩིས་ཡོད། ཧ་ཅང་སྟབས་མ་ལེགས་པ་ཞིག་ལ་དཔལ་རྒྱལ་བ་ཇོ་ནང་བ་ལ་བོད་ཀྱི་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཀྱིས་ཐོབ་ཐང་མ་རག་པ་དེ་རེད། དེ་ཡིས་བཀྲ་མ་ཤིས་པ་གཞན་ཞིག་འདྲེན་ཨེ་ཡོང་ན་བསམ་པའི་བློ་ཚབ་ཡང་ཆེན་པོ་འདུག ཇོ་ནང་བ་ཚོ་ལ་ངོ་མ་ཐུགས་ཁག་མེད། གདུང་སེམས་མཉམ་སྐྱེད་ཡོད། ཡིན་ཡང་མང་གཙོའི་འགྲོ་སྟངས་ལྟར་སྤྱི་འཐུས་སྒེར་བ་སྐོར་ཞིག་གིས་རྒྱབ་སྐྱོར་མ་བྱས་པའི་ཉེར་ལེན་གྱིས་བྱུང་བ་ལས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་ཡི་ནག་ཉེས་མིན་པས་དེ་ལུགས་ཐུགས་ལ་ངེས་རྒྱུ་གཞིས་བྱེས་ཇོ་ནང་བ་ཡོངས་ལ་རེ་ཞུ་ཙམ་ཞིག་ཀྱང་ཡིན།

    Reply
  9. བསྟན་འཛིན་རྣམ་དག says:
    ལོ་ 10 སྔོན།

    ད་རེས་སྤྱི་འཐུས་ཀྱི་ཚོགས་འདུའི་འགོ་མཇུག་བར་གསུམ་གྱི་གནས་ཚུལ་ཧང་སང་པ་སྤེལ་སོང་བས་བོད་ཀྱི་དུས་བབ་ཀྱི་མགོ་ལས་ཡོངས་ལ་སྙིང་ཁུངས་རུས་པའི་གཏིང་ནས་བཀྲ་ཤིས་བདེ་ལགས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་། ཉི་མ་རེ་རེའི་གནད་ཆེའི་གསར་འགྱུར་ཁ་གསལ་ཚིག་གསལ་དག་ཀློག་ནས་ཡོང་བའི་སྐབས་སུ་དུས་བབ་ཚང་གི་རྩོམ་སྒྲིག་པ་ཆེན་མོ་དོན་གྲུབ་བཀྲ་ཤིས་མཆོག་གི་ཞལ་དངོས་སུ་མཇལ་སྙིང་འདོད་པའི་སེམས་ཀྱི་ཚོར་བ་དྲག་པོ་ཞིག་ཀྱང་རང་དབང་མེད་པར་སྐྱེས་སོང་བས་ཁྱེད་རྣམས་པ་ལྷན་རྒྱས་མཆོག་ང་ཚོས་ཕན་ཚུན་ངོ་མི་ཤེས་ཀྱང་སེམས་བསམ་བློའི་ནང་ནས་དུས་ནམ་ཡང་བརྩེ་བ་དང་དུང་བ་ཧ་ཅང་གཏིང་ཟམ་མོ་ཞིག་འཆིང་ཡོད་པས་མུ་མཐུད་དུ་འབད་བརྩོན་གནང་རོགས་གནང་ཞུ་བཞིན་ཡོད།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 10 སྔོན།

    དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་གཙོའི་མཚན་དོན་དང་མཚུངས་པའི་མཇུག་སྡོམ་གསུང་བཤད་ལ་ཡི་རངས་ཞུ། དབུ་ཁྲིད་ངོ་མའི་ཁྱད་ཡོན་འབར་བཞིན་པའི་དན་རྟགས་གསལ་བོ་འདུག

    Reply
  11. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 10 སྔོན།

    ལག་དེབ་ལྗངས་ཁུའི་དཔྱ་ཁྲལ་འབུལ་རྒྱུ་མིན་ཟེར་ལོ་ཤས་སྔོན་ནས་ཐག་བཅད་ཕུལ་མེད། རྒྱུ་མཚན་གང་ཡིན་ཟེར་ན་དཔྱ་དངུལ་དེའི་རྒྱ་ནག་དམར་ཕྱོགས་ཚོགས་པ་ལ་རྒྱབ་སྐྱོར་བྱེད་ཀྱི་མིན་ཟེར་བ་ཡིན།

    Reply
  12. ཐོབ་ཐང་། says:
    ལོ་ 10 སྔོན།

    དཔྱ་ཁྲལ་འབུལ་རྒྱུ་ཡིན་།སྔོན་མ་དང་མ་འདྲ་བར་དེ་རིང་རྩིས་ཁྲ་རྙོག་གླེང་གྲོས་ཚོགས་ར་བ་ནང་གླེང་མོལ་བྱས་པ་དང་སྤྱི་འཐུས་ཁག་ཅིག་གི་ཕྱག་ལས་ཡག་པོ་གནང་འདུག་པ་ལེགས་བརྗོད་ཞུ།

    Reply
  13. བདེ་རྒྱལ། says:
    ལོ་ 10 སྔོན།

    སྲིད་སྐྱོང་མཆོག་དང་གྲོས་ཚོགས་ཚོགས་གཙོ་མཆོག་གཉིས་དངོས་ནས་༸གོང་ས་མཆོག་གི་ཕྱག་གཡས་གཡོན་རེད་ཟེར་ན་འགྲིག དངོས་ནས་འཇོན་པོ་གཉིས་འདུག ཁྱེད་གཉིས་ཀྱིས་རྩ་དོན་མདུན་ལ་སྤུངས་ནས་གཅིག་ཕན་གཅིག་གྲོགས་གནང་རོགས་ཞུ་ཡི་ཡོད།ཆོས་ཕྱོགས་ནས་བཤད་ན་བླ་མའི་ཐུགས་དགོངས་སྒྲུབ་ཡ་དེ་ལས་ལྷག་ཅིག་གང་དུ་ཡོད། ཆབ་སྲིད་ཐོག་བོད་མི་དམངས་ཀྱི་རེ་འདུན་དེ་ལས་ལྷག་ཅིག་གང་དུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese