ཉི་རྒྱ་གྲོས་ཚོགས་བར་འབྲེལ་ལམ་ཆད་དེ་ལོ་ངོ་ ༣ ཙམ་འགྲོ་བཞིན་ཡོད་པ་དང་། མི་འགྱངས་བར་འབྲེལ་བ་བསྐྱར་མཐུད་བྱ་རྒྱུ་ཡིན་འདུག
ཉི་ཧོང་གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཇེ་པིན་ཤན་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་ཞིག་གིས། ཉི་ཧོང་ནང་ཉིན་གྲངས་ ༣ རིང་སྐོར་སྐྱོད་བྱ་འཆར་ཡོད་པ་མ་ཟད། ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་གཙོ་ནོ་བྷ་ཊཱ་ཀཱ (Nobutaka Machimura )དང་ཐུག་འཕྲད་བྱ་རྒྱུ་ཡིན་སྟབས། འདས་པའི་ལོ་ངོ་ ༣ ཙམ་གྱི་རིང་འབྲེལ་ལམ་ཆད་པ་བསྐྱར་གསོ་བྱ་རྒྱུ་ཡིན་འདུག
རྒྱ་ནག་ཕྱོགས་ནས་གནས་ཚུལ་འདིའི་སྐོར་བརྒྱུད་ལམ་དུ་བསྒྲགས་མེད་ཀྱང་། ཉི་ཧོང་གི་བརྒྱུད་ལམ་ཁག་ནས་སྤྱིར་བཏང་ཉི་རྒྱ་གྲོས་ཚོགས་གཉིས་ཀྱི་གོ་སྒྲིག་འོག ལོ་ལྟར་༼ཉི་རྒྱ་གྲོས་ཚོགས་ཀྱི་འབྲེལ་མོལ་ལྷན་ཚོགས༽ཞེས་པ་ཚོགས་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ཟླ་ ༩ པའི་ནང་ཉི་ཧོང་གཞུང་གིས་སིན་ཁཱ་ཁའོ་སི་(Senkakus)མཚོ་གླིང་གི་བདག་དབང་ཕྱིར་བསྒྲགས་བྱས་པ་ནས་བཟུང་སྟེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་མོལ་ལྷན་ཚོགས་དེའི་རྒྱུན་ཆད་ཡོད་སྟབས། ད་རེས་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་བར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་དེས། ཉི་རྒྱ་བར་གྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག
གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་ནག་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཞོ་ལིན་དང་། ཉི་ཧོང་གི་ཕྱི་འབྲེལ་བློན་ཆེན་ཟུར་པ་ཧེ་རོ་ཧྥ་མའི་ནཱ་ཀཱ་སོན་(Hirofumi Nakasone)གཉིས་ཐུག་འཕྲད་གནང་སྐབས། ལི་ཞོ་ལིན་གྱིས་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཉི་རྒྱ་མཛའ་འབྲེལ་གྱི་བརྗོད་གཞིའི་འོག་རིག་རྩལ་འཁྲབ་སྟོན་གྱི་གོ་སྐབས་དང་བསྟུན། ཁོ་མོ་ཉི་ཧོང་ནང་སྐོར་སྐྱོད་དུ་འགྲོ་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་ཡོད་པ་དང་། ལི་ཞོ་ལིན་ནི་རྒྱ་ནག་གི་མགོ་ཁྲིད་ཟུར་པ་ལི་ཞན་ཉན་གྱི་བུ་མོ་ཡིན་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞི་ཕིན་ཕིན་གྱི་ཆུང་གྲོགས་དང་ཁོང་གཉིས་བར་འབྲེལ་འདྲིས་གཏིང་ཟབ་ཡོད་འདུག
སན་ཁོ་ཁའོ་སི་མཚོ་གླིང་གིས་གཙོས་ལྷོ་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་བདག་དབང་འཕྲོག་རྩོད་ཀྱིས། འདས་པའི་ལོ་ཤས་ནང་རྒྱ་ནག་དང་ལྷོ་ཀོ་རི་ཡ། ཧྥེ་ལི་པིན། ཉི་ཧོང་སོགས་ཀྱི་བར་རྩོད་གླེང་དང་། ངོ་རྒོལ་སྐྱོན་བརྗོད་ཀྱི་འཐབ་རྩོད་མང་དུ་བྱུང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་དུ། ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཡེན་བྷེ་ཡུང་སི་(Yun Byung-se)དང་། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཧྥོ་མིའོ་ཀེ་ཤི་ཌཱ་(Fumio Kishida)། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ (Wang Yi)བཅས་ཀྱིས་ཞི་བའི་གྲོས་མོལ་བྱས་པ་བརྒྱུད། གསར་འགོད་ལྷན་ཚོགས་ཤིག་བསྡུས་པའི་ཐོག རྒྱལ་ཁབ་གསུམ་བར་གྱི་རྩོད་ཉོག་ཞི་འགྲིག་ཡོང་ཐབས་བྱས་ཏེ། མཉམ་ལས་འབྲེལ་བ་གོང་མཐོར་གཏོང་རྒྱུར་གྲོས་མོལ་བྱས་སྐོར་བསྒྲགས་ཡོད་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡིས་མ་འོངས་པར་རྒྱ་ནག་དང་ཉི་ཧོང་གི་མགོ་ཁྲིད་བར་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་རྩོད་ཉོག་ཞི་འགྲིག་ཡོང་ཐབས་ལ་གྲོས་མཐུན་བྱུང་ཡོད་སྐོར་བརྗོད་ཡོད་འདུག
གསར་འགོད་པ། པདྨ་མཚོ།
་་་་་་་་་ རྒྱལ་ཁབ་གཉིས་བར་གྱི་འབྲེལ་མོལ་ལྷན་ཚོགས་དེའི་རྒྱུན་ཆད་ཡོད་སྟབས། ད་རེས་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་བར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་དེས། ཉི་རྒྱ་བར་གྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད་་་་་་་་་་