ཁ་སང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཧི་ཙི་གྲོང་ཁྱེར་ནང་འབར་གད་དོན་རྐྱེན་ཞིག་བྱུང་སྟེ་མི་ ༢ རྐྱེན་འདས་དང་མི་ ༢༤ ལ་རྨས་སྐྱོན་བཟོས་ཡོད་འདུག
ཁ་སང་དགོང་མོ་པེ་ཅིན་གྱི་ཆུ་ཚོད་ ༡༠།༣༠ ཙམ་ལ། རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཧི་ཙི་གྲོང་ཁྱེར་ཧན་རྫོང་གི་ཁོངས་སུ་ཡོད་པའི་ཧུའུ་ཞི་སྤྱི་གླིང་ཟེར་བ་ཞིག་གི་ལྷོ་སྒོ་རུ། འབར་གད་དོན་རྐྱེན་ཞིག་བྱུང་སྟེ་མི་གཉིས་ཡུལ་དངོས་ནས་རྐྱེན་ལམ་དུ་བཏང་བ་དང་། མི་གྲངས་ ༢༤ ལ་རྨས་སྐྱོན་བཟོས་ཡོད་འདུག
ཉེན་རྟོག་ཕྱོགས་ནས་འབར་གད་དོན་རྐྱེན་བཟོ་མཁན་གྱི་དོགས་ཡོད་ཉེས་ཅན་ཇེ་ཞིན་ཐང་ཟེར་བ་ཞིག་ཡིན་ལ། ཁོ་བོ་ཧྲན་རྫོང་ཧྥོ་ཀང་གྲོང་རྡལ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༣༣ ཡིན་པ་དང་། ལས་ཀ་མེད་ལ་མཆིན་པ་སྲ་འགྱུར་གྱི་ཟེགས་ཆུའི་ན་ཚ་ཡོད་པ་མ་ཟད། ཉེ་སྔོན་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཡོད་ལ། ཐེངས་འདིའི་འབར་གད་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་གཉིས་ཀྱི་ནང་ནས་གཅིག་ཁོ་རང་ཡིན་སྐོར་དང་། ད་ལྟའི་ཆར་འབར་གད་ཀྱི་དོན་རྐྱེན་བཟོས་བའི་རྒྱུ་རྐྱེན་སོགས་ཐད་རྩད་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཁོ་ནར་ཧྲན་ཏུང་ཞིང་ཆེན་གྱིས་གཙོས་རྒྱ་ནག་ནང་ཉུང་མཐར་འབར་གད་དོན་རྐྱེན་ ༤ ལྷག་སྔ་རྗེས་སུ་བྱུང་ཡོད་པ་དང་། དེའི་ཁྲོད་ཉུང་མཐར་མི་གྲངས་ ༧ རྐྱེན་འདས་དང་། མི་ ༥༠ ལ་རྨས་སྐྱོན་བཟོས་ཡོད་འདུག
གསར་འགོད་པ། པདྨ་མཚོ།