རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཞི་རྒོལ་བ་དབང་མོ་ལགས་ཁ་སང་ཀློད་གྲོལ་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ། ཞི་རྒོལ་སྐད་འབོད་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བུ་མོ་དབང་མོ་ཞུ་བ་ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་ཀློད་གྲོལ་བཏང་ཡོད་པ་དང་། ཁོང་མོ་ཕྱིར་ཕ་ཡུལ་དུ་འབྱོར་སྐབས་ཁྱིམ་མི་གཉེན་འབྲེལ་དང་། ས་གནས་བོད་མི་མང་པོས་ཁ་བཏགས་དང་གོས་ཆེན་གཡོགས་ནས་དགའ་བསུ་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཁོང་མོ་ས་གནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ཉིན་འགའ་འགོར་ཡོད་པ་དང་། སྡེ་བའི་མགོ་ཁྲིད་ཚོ་ས་གནས་ཉེན་རྟོག་ཁང་དུ་སོང་སྟེ། ཁོང་མོའི་བུ་ཕྲུག་ཆུང་ཆུང་གཉིས་ལ་གཉོར་སྐྱོང་བྱེད་མཁན་མེད་ལུགས་དང་། རྗེས་ཕྱོགས་ཁོང་མོས་དོན་དག་མི་ཕུད་རྒྱུ་སོགས་ཁས་ལེན་ཁག་ཐེག་བྱས་མཐར། ཉེན་རྟོག་ཁང་གིས་ཁོང་མོ་ཐག་དྲུད་ཡིན་ཟེར་ནས་ཀློད་གྲོལ་བཏང་ཡོད་འདུག
གསར་འགོད་པ། པདྨ་མཚོ།