གཟའ་པ་སངས་ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཧི་པེ་ཞིང་ཆེན་གྱི་མགོ་གཙོ་ཀྲུའུ་པིན་ཧྲོན་ (Zhou benshun) ལ་ཁྲིམས་འགལ་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཕྱིའི་བརྒྱུད་ལམ་ཁག་ཏུ་ཀྲུའུ་པིན་ཧྲོན་དང་ཀྲུའུ་ཡོན་ཁཱང་གཉིས་འབྲེལ་བ་ཡོད་ཚུལ་གླེང་གི་འདུག
དེ་རིང་བྷེ་བྷེ་སི་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བའི་ནང་། རེས་གཟའ་པ་སངས་ཉིན་ཀྲུའུ་པིན་ཧྲོན་ལ་ཞིབ་བཤེར་ཁྱབ་བསྒྲགས་བྱས་པ་དང་། གཟའ་སྤེན་པའི་ཉིན་ཞིང་ཆེན་རིམ་པའི་མགོ་ཁྲིད་ཚོགས་འདུ་བསྐོངས་ཏེ་ལྷན་ཁང་ཁག་དང་ལས་ཁུངས་ཀྱི་དཔོན་རིགས་ཚོས་ཏང་གི་སྒྲིག་ཁྲིམས་དང་། དམིགས་བསལ་ཆབ་སྲིད་ཀྱི་སྒྲིག་སྲོལ་རིགས་བརྩི་སྲུང་ཡག་པོ་བྱེད་དགོས་ཚུལ་ནན་གྱིས་བརྗོད་ཡོད་འདུག ཧོང་ཀོང་གི་རྒྱ་ནག་དུས་དོན་དཔྱད་ཞིབ་པ་ལིའུ་རོའེ་ཧོ་ (Liu Ruishao) ཡིས་བྷེ་བྷེ་སིའི་རྒྱ་ཡིག་སྡེ་ཚན་ལ། རྒྱ་གཞུང་གིས་ཆབ་སྲིད་ཀྱི་སྒྲིག་སྲོལ་ཟེར་བ་དེ་དོན་དངོས་སུ་རྒྱ་ནག་གུང་ཁྲན་ཏང་ནང་ཁུལ་གྱི་སྤྱོད་ཚུལ་ཞིག་ཡིན་སྟབས། དེ་ཡིག་ཐོག་ཏུ་བརྟན་ཁེལ་བྱས་མེད་ཀྱང་དེ་ནི་གལ་ཆེ་བའི་དོན་དག་ཅིག་རེད། ཅེས་བརྗོད་འདུག
དེ་རིང་ཀྲུང་གོར་ལྟ་བ་ཞེས་པའི་དྲ་བའི་སྟེང་། ཟླ་འདིའི་ཚེས་ ༢༤ ཉིན་གྱི་ཕྱོ་དྲོའི་ཆུ་ཚོད་ ༦ པའི་ཡས་མས་ལ་དབུས་སྒྲིག་ཁྲིམས་ཞིབ་བཤེར་དྲ་བས་གློ་བུར་དུ། སྔོན་ཆད་ཅིང་ཙེ་མིན་གྱི་སྲིད་འགྱུར་ཤོག་ཁག་ལ་འབྲེལ་བ་ཡོད་པའི་ཧི་པེ་ཞིང་ཆེན་གྱི་མགོ་གཙོ་ཀྲུའུ་པིན་ཧྲོན་གོ་གནས་ནས་ཕབ་ཡོད་པ་དེ་ནི། པེ་ཏེ་གཙང་བོའི་ཚོགས་འདུ་ཡི་བདེ་འཇགས་ལ་འབྲེལ་བ་ཡོད་པ་མ་ཟད། ཁོས་སྔོན་ཆད་ཧི་པེ་ཞིང་ཆེན་གྱི་ཆབ་སྲིད་གཙོ་སྐྱོང་མཛད་ཡོད་སྟབས་པེ་ཏེ་གཙང་བོའི་ཚོགས་འདུ་ལ་ཤུགས་རྐྱེན་ངན་པ་ཡོད་ཚུལ་སོགས་འཁོད་འདུག
གནས་ཚུལ་དེའི་ནང་། རྨ་བྱ་དྲ་བའི་གནས་ཚུལ་ལུང་འདྲེན་བྱས་ཏེ། ཀྲུའུ་པིན་ཧྲོན་ནི་སྔོན་ཆད་ཀྲུའུ་ཡོན་ཁཱང་གི་དྲུང་ཆེ་ཡིན་སྟབས་སྲིད་འགྱུར་གྱེན་ལོག་པར་འབྲེལ་བ་ཡོད་པ་དང་། ལོ་སྔོན་མར་སྲིད་འགྱུར་གྱེན་ལོག་པ་ ༡༨ ཀྱི་མིང་ཐོ་ཕྱིར་ཐོན་པའི་ནང་། གལ་སྲིད་སྲིད་འགྱུར་ལེགས་འགྲུབ་འབྱུང་ན། རྗེས་སུ་ཀྲུའུ་པིན་ཧྲོན་རྒྱ་གཞུང་ཆེས་མཐོའི་ཁྲིམས་ཁང་གི་མགན་འཛིན་དུ་བསྐོ་རྒྱུ་བྱས་ཡོད་འདུག དེ་བཞིན་སྔོན་ཆད་ཧོང་ཀོང་གི་བརྒྱུད་ལམ་ཁག་ཏུ། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཟུར་བ་ཀྲུའུ་ཡོན་ཁཱང་གིས་ལོ་གསུམ་སྔོན་ལ་པེ་ཏེ་གཙང་བོའི་ཚོགས་འདུའི་སྐབས་ཉུང་མཐར་ཞི་ཅིན་ཕིན་ཐེངས་གཉིས་ལ་གསོད་རྩིས་བྱས་འདུག ད་ལྟ་ཀྲུའུ་ཡོན་ཁཱང་ཚེ་བཙོན་དུ་བཅུག་རྗེས་ཀྲུའུ་ཡོན་ཁཱང་གི་བློས་ཐུབ་ཀྲུའུ་པིན་ཧྲོན་ཡང་། ད་ལོའི་པེ་ཏེ་གཙང་བོའི་ཚོགས་འདུའི་སྔོན་ལ་འཛིན་བཟུང་བྱས་པ་སྟེ། རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་ད་དུང་ཁྱོད་ཤི་ང་གསོན་གྱི་ཁ་དབུགས་སྟུག་པོ་ཡོད་པ་མཚོན་ཚུལ་བཀོད་འདུག
༢༠༡༣ ལོར་ཀྲུའུ་པིན་ཧྲོན་དབུས་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ནས་ཧི་པེ་ཞིང་ཆེན་གྱི་མགོ་གཙོར་གོ་གནས་ལ་མར་ཕབ་པ་ནས་བཟུང་། སྐབས་དེར་ཧི་པེ་ཡི་ཆབ་སྲིད་གནས་ཚུལ་གྱི་འབྲེལ་ཡོད་མི་སྣ་ཚོས་ཚོད་དཔག་ལ། ཀྲུའུ་པིན་ཧྲོན་པེ་ཅིན་གྲོང་ཁྱེར་སྲུང་སྐྱོབ་ཀྱི་གཙང་བོ་ (ཧི་པེ)ནས་གོ་གནས་འཁུར་བཅུག་པ་དེ་དབུས་གཞུང་གིས་ཀྲུའུ་ཡོན་ཁཱང་ཞིབ་བཤེར་བྱེད་རྒྱུ་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག
ཀྲུའུ་པིན་ཧྲོན་ལིན་ཅི་ཧྭ་ཡི་གྱོད་དོན་དང་འབྲེལ་བ་ཡོད་པའི་སྐོར་ལ། ༢༠༡༢ ལོའི་ཟླ་ ༣ པའི་ནང་། ལིན་ཅི་ཧྭ་ཡི་བུ་ལིན་ཀོ་ལ་རླངས་འཁོར་དོན་རྐྱེན་བྱུང་རྗེས། ཀྲུའུ་ཡོན་ཁཱང་དང་ལིན་ཅི་ཧྭ་གཉིས་ཀྱིས་ཆེད་དུ་ཚོགས་ཆུང་ཞིག་བཙུགས་ཏེ། སྐབས་དེའི་སྲིད་གྲོས་ལྷན་ཁང་གི་དྲུང་ཆེ་ཀྲུའུ་པིན་ཧྲོན་དང་ལིན་ཅི་ཧྭ་ཡི་སྐྱེས་སྨན་གྱི་ནུ་བོ་ཀོ་ཡོན་ཞའོ་ (Gu Yuanxu)སོགས་ལ་རླངས་འཁོར་དོན་རྐྱེན་དེ་ཐག་གཅོད་བྱེད་དུ་བཅུག་ཡོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།