ཡུལ་ཤུལ་ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོའི་བོད་མི་མང་པོར་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། ཨ་རྡོ་ཞུ་བ་སོགས་རྨས་མ་ཁག་ཅིག་གི་གནས་སྟངས་ཛ་དྲག་ཆཊ་ཡོད་འདུག
ཕ་ཡུལ་ནང་ཆེན་ནས་ཡིན་པ་དྷ་སར་གནས་སྡོད་བློ་བཟང་ཚེ་རིང་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ལྟར་རྒྱ་གཞུང་གིས་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཁོངས་ཀྱི་ཡུལ་ཚོ་སོ་སོའི་ནང་དུས་སྟོན་འཚོགས་ཏུ་འཇུག་བཞིན་ཡོད་པ་ལྟར། འདི་ལོར་ཁུལ་དང་རྫོང་རིམ་པ་ནས་རིག་གནས་དར་སྤེལ་ཟེར་བའི་དབྱར་ཁའི་དུས་སྟོན་ཞིག་སྐོང་ཚོགས་དགོས་པའི་བཀའ་བཀོད་བཏང་བ་ལྟར། ནང་ཆེན་རྫོང་ཁོངས་ཀྱི་ཡུལ་ཚོ་ ༡༠ ལ་ས་གནས་སོ་སོའི་ནང་ངོམ་རིན་ཡོད་པའི་དཔལ་འབྱོར་དང་རིག་གནས་ཆས་གོས། དེ་བཞིན་སྲོལ་རྒྱུན་ལག་རྩལ་སོགས་གང་ཡོད་འགྲེམ་སྟོན་བྱེད་དགོས་ལ། ཐོག་མར་ཡུལ་ཚོ་སོ་སོས་ས་གནས་སུ་རིག་གནས་དར་སྤེལ་གྱི་དུས་སྟོན་འཚོགས་རྗེས། འགྲན་བསྡུར་གྱི་རྩེར་སོན་རྣམས་རྫོང་ཐོག་ཏུ་ཡོང་དགོས་པའི་བརྡ་ཁྱབ་བཏང་ཡོད་སྟབས། ཉེ་སྔོན་ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོའི་མགོ་ཁྲིད་རྣམས་ཀྱིས་དུས་སྟོན་ཚོགས་དགོས་པ་བརྗོད་དེ། དུས་སྟོན་ཚོགས་སའི་ས་ཆ་དེར་ཡོད་པའི་ཡུལ་མི་ཚོ་འཕྲལ་དུ་ཀ་གསུམ་སུམ་མདོ་ཞེས་པར་གནས་སྤོ་རུ་བཅུག་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡ ནས་ ༣ བར་ཡུལ་ཚོའི་རུ་ཆེན་ཁག་གི་མགོ་ཁྲིད་རྣམ་པ་དང་མང་ཚོགས་ཚོར་དུས་སྟོན་ལ་གྲ་སྒྲིག་བྱེད་དུ་བཅུག་ཡོད་ཀྱང་། ཕྱི་ཚེས་ ༣ ཉིན་གྱི་ཉིན་གུང་ཙམ་ལ་གློ་བུར་དུ་རྫོང་ཉེན་རྟོག་ཁང་གི་རླངས་འཁོར་ ༤ ས་གནས་སུ་བསླེབས་ཏེ། དྲག་ཆས་ཉེན་རྟོག་པ་ ༡༦ ཙམ་གྱིས་ལག་ཏུ་མེ་མདའ་སོགས་བཟུང་སྟེ་དུས་སྟོན་གོ་སྒྲིག་བྱེད་སར་ཡར་གཤར་མར་གཤར་གྱིས་སྐོར་གཡེང་བྱས་ཡོད་པ་མ་ཟད། མི་མང་ལ་མེ་མདའི་ཁ་གཏད་པ་སོགས་དོན་མེད་དུ་འཇིགས་སྐུལ་བྱས་པར་བརྟེན། དུས་སྟོན་གོ་སྒྲིག་བྱེད་སར་ཡོད་པའི་མི་མང་ཕལ་ཆེར་བ་རང་ཁྱིམ་དུ་ལོག་ཡོད་འདུག
ཕྱི་ཚེས་ ༤ ཉིན་ཀ་གཞུང་ཡུལ་ཚོའི་ནང་གཞས་སྣ་འཁྲབ་སྟོན་དང་ཐང་ཀ་སོགས་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་བྱས་ཏེ་དུས་སྟོན་མཇུག་སྒྲིལ་ཡོད་པ་དང་། དགོང་མོ་དེར་ཕོ་གསར་ཁག་ཅིག་ཨ་རག་གིས་བཟི་སྟེ་འཁྲུག་འཛིང་ཏོག་ཙམ་བྱུང་ཡོད་ཀྱང་སྔ་ས་ནས་འགྲིག་འཇགས་བྱུང་སྟེ། རུ་ཆེན་ཁག་གི་མགོ་ཁྲིད་རྣམ་དང་ཡུལ་མི་ཚང་མ་གུར་ནང་ཉལ་བསྡད་ཡོད་པའི་སྐབས་དང་བསྟུན་ཏེ། མཚན་གུང་ཆུ་ཚོད་ ༡༢།༣༠ ཙམ་ལ། གློ་བུར་དུ་ཉེན་རྟོག་པ་མང་པོ་ཡོང་ནས་རྣམ་འགྱུར་ཡག་པོ་མེད་པའི་ཉེས་འཛུགས་བྱས་ཏེ། རྨེ་སྨད་རུ་ཆེན་གྱི་མགོ་ཁྲིད་ཀྱིས་གཙོས་དགྲ་འདུལ་དང་ཨ་རྡོ་སོགས་བོད་མི་ ༣༠ ལྷག་ལ་གང་བྱུང་གཅར་རྡུང་བཏང་ནས་རྨས་སྐྱོན་བཟོས་ཡོད་སྟབས། ཕྱི་ཚེས་ ༥ ཉིན་རྨས་མ་རྣམས་ནང་ཆེན་རྫོང་ཐོག་གི་སྨན་ཁང་ནང་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། རྨས་སྐྱོན་ཚབས་ཆེན་ཕོག་པའི་ཨ་རྡོ་སོགས་རྨས་མ་ཁག་ཅིག་ཞིང་ཆེན་སྨན་ཁང་སོགས་སུ་མ་བསྐྱལ་ན་སྲོག་ཉེན་ཡོད་ལུགས་བརྗོད་པ་ལྟར། ཟི་ལིང་སྨན་ཁང་དུ་ཁྱེར་ནས་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག
དེ་རིང་སྔ་དྲོར་འདི་གའི་གསར་འགོད་པས་བློ་བཟང་ཚེ་རིང་ལགས་སུ་དེའི་སྐོར་བཅར་འདྲི་བྱས་པར་ཁོང་གིས། དུས་སྟོན་དེ་ཚོ་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་བཀའ་བཀོད་བཏང་སྟེ་སྔོན་མ་ནས་ཚོགས་ཀྱི་ཡོད་ལ། གཞས་དང་ཞབས་བྲོ་འཁྲབ་མཁན་སོགས་ལ་གཞུང་ནས་འགྲོ་སོང་གཏོང་གི་ཡོད་ས་རེད། ཡིན་ནའང་། ད་ལོ་རུ་ཁག་སོ་སོ་ནས་འགྲོ་སོང་ཚང་མ་གཏོང་དགོས་ལ། སྔ་ས་ནས་གཞས་དང་ཞབས་བྲོ་དེ་ཚོ་སྦྱང་ནས་གྲ་སྒྲིག་བྱེད་དགོས་པའི་བཀའ་དེ་སྔོན་ནས་བཏང་ཡོད་སྟབས། ང་ཚོའི་གྲོང་མི་མང་པོ་ཞིག་གིས་གཞས་དང་རྩེད་མོ་རིགས་སྦྱང་ནས་གྲ་སྒྲིག་བྱེད་བཞིན་འདུག ཅེས་བརྗོད་བྱུང་།
ཁྱོན་བོད་མི་ག་ཚོད་ཅིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་ཡུལ་མི་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་མེད་དྲིས་པར། འཛིན་བཟུང་བྱས་པ་དེ་འདྲ་ཧ་གོ་མ་སོང་། ས་གནས་བོད་མི་ཚོས་རྣམ་འགྱུར་ཡག་པོ་མ་བསྟན་པའི་ཉེས་འཛུགས་བྱས་ཏེ། མི་མང་པོ་ཞིག་ལ་ཉེས་རྡུང་བཏང་ནས་སྨན་ཁང་དུ་འཁུར་དགོས་བྱུང་ཡོད་པ་མ་ཟད། ཁ་ཤས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་ཞིང་ཆེན་སྨན་ཁང་ནང་འགྲོ་དགོས་བྱུང་བའི་གནས་སྟངས་ཛ་དྲག་ཆགས་བསྡད་ཡོད་ས་རེད། ངས་ཐད་ཀར་སྐད་ཆ་བཤད་རྒྱུ་མ་བྱུང་སྟེ་ས་གནས་ནས་གནས་ཚུལ་བཏང་བ་ལྟར་ན། ཁ་ཤས་ཛ་དྲག་ཆགས་ཏེ་ཞིང་ཆེན་གྱི་སྨན་ཁང་དེ་འདྲ་ནང་འགྲོ་དགོས་ཁེལ་སོང་ཟེར་གྱི་འདུག ཅེས་བརྗོད་བྱུང་།
ཡང་བོད་ནས་བཏང་བའི་དེ་འབྲེལ་གྱི་གནས་ཚུལ་ཞིག་གི་ནང་། ཀ་གཞུང་ཡུལ་ཤོག་གི་མི་སེར་གཅིག་གིས་ཀྱང་གོང་རིམ་མགོ་ཁྲིད་དག་ལ་གནོད་པ་ཤིག་ཙམ་ཡང་བསྐྱལ་མ་མྱོང་ལ། དེ་བཞིན་ཡུལ་མི་སུས་ཀྱང་ཁྲིམས་འགལ་ཚུལ་མིན་གྱི་ལས་ཀ་སྤུ་ཙམ་ཡང་བསྒྲུབས་མ་མྱོང་། མ་མྱོང་བཞིན་དུ་ཉེས་མེད་དྲག་རྡུང་དང་། མི་དཀར་བཙན་གསོད་བྱེད་པའི་སྦྱོར་བ་འདི་ཁྲིམས་དང་བདེན་པའི་ངོས་ནས་ནམ་ཡང་དག་ཐབས་མེད་པས། བྱང་ཁོག་བྱེ་མས་མ་གང་ཞིང་། ཀ་ལིས་གནམ་ཆུ་མ་འཐུང་བར་དུ་ལས་སླ་བོར་མི་འཇོག་སེམས་ཐག་ཡིན། ཁྱེད་ཅག་བཙན་པོས་མི་མགོ་གཅོད་བཞིན་འཆི་ནུས་ན། ངེད་ཚོ་ཉམ་ཆུང་རང་ལུས་སྲུང་ཕྱིར་འཆི་མི་ནུས་རྒྱུ་གཏན་ནས་མེད། ཅེས་དང་། ཁྱེད་ཚོས་དམངས་ཀྱི་ཁེ་དབང་ལ་མི་བསམ་ཞིང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་མི་བརྩི་བར་མི་མགོ་བཙན་གཅོད་དང་། མི་ཁྲག་རྔམ་འཐུང་བྱེད་ཆོག་ན། ངེད་ཚོས་ཀྱང་ལས་མཐའ་ཅི་ལ་ཐུག་རུང་། ཁྲིམས་བདེན་པའི་རྒྱབ་རྩ་གྲོགས་སུ་བོས་ནས་ངོ་རྒོལ་དང་འཐབ་རྩོད་ཀྱི་བགྱི་བ་ལྷུར་ལེན་ངེས་ཡིན། ཞེས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།