རྒྱ་ནག་ཐན་ཅིན་གྲོང་ཁྱེར་གྱི་ཉེན་ཆས་མཛོད་ཁང་ཞིག་ཏུ་འབར་གས་དོན་རྐྱེན་བྱུང་སྟེ་ཉུང་མཐར་མི་ ༡༧ རྐྱེན་འདས་དང་མི་ ༤༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག
མདང་དགོང་རྒྱ་ནག་གི་མཚན་གུང་ཆུ་ཚོད་ ༡༡།༣༠ ཡས་མས་སུ། རྒྱ་ནག་ཐན་ཅིན་གྲོང་ཁྱེར་རེའུ་ཧེ་འཕེལ་རྒྱས་ས་ཁུལ་དུ་ཡོད་པའི་ཉེན་ཆས་མཛོད་ཁང་ཞིག་ལ་འབར་གས་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུག རྒྱ་ནག་གཞུང་འབྲེལ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་དོན་རྐྱེན་ཁྲོད་ཉུང་མཐར་མི་གྲངས་ ༡༧ རྐྱེན་འདས་སུ་ཕྱིན་པ་དང་། མི་ ༤༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ད་ལྟའི་ཆར་འབྲེལ་ཡོད་ཁེ་ལས་མི་སྣ་ཁག་ཅིག་འཛིན་བཟུང་བྱས་པ་སོགས་དོན་རྐྱེན་གྱི་རྒྱུ་རྐྱེན་གང་ཡིན་རྩད་གཅོད་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག
ཐེངས་འདིའི་དོན་རྐྱེན་ཁྲོད་ཉེ་འགྲམ་གྱི་སྤྱི་གཉེར་ལས་ཁུངས་ཁག་ཅིག་དང་འཛུགས་སྐྲུན་བཟོ་ལས་ཀྱི་དངོས་པོ་མང་པོ་མེས་ཚིག་སྟེ་གྱོང་གུན་ཚབས་ཆེན་བྱུང་ཡོད་པ་མ་ཟད། རེ་ནོལ་ཊི་ (Renault) རླངས་འཁོར་ཉར་འཇོག་ཁང་དུ་རླངས་འཁོར་ ༦༠༠༠ ལྷག་ཡོད་པའི་ཁྲོད་ནས་དྲུག་ཆའི་གཅིག་ལྷག་མེས་ཚིག་ཡོད་འདུག
པེ་ཅིན་གསར་བའི་དྲ་རྒྱ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དོན་རྐྱེན་དེའི་ཁྲོད་སྔ་ཕྱིར་འབར་གས་ཐེངས་གཉིས་བྱུང་ཡོད་པ་དང་། འབར་གས་གཉིས་པ་བྱུང་སྐབས་མེ་གསོད་རུ་ཁག་གི་རླངས་འཁོར་བདུན་བརྒྱད་ཅིག་ཀྱང་འབར་གཏོར་བྱུང་ཡོད་པ་མ་ཟད། མེ་གསོད་རུ་ཁག་གི་མི་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་རྐྱེན་འདས་སུ་ཕྱིན་ཡོད་སྐོར་བཀོད་འདུག
དོན་རྐྱེན་བྱུང་རྗེས་སྲིད་འཛིན་ཞི་ཅིན་ཕིན་གྱིས་འཕྲལ་དུ་རྨས་མར་སྨན་བཅོས་དང་མི་རྒྱུ་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པའི་བཀོད་མངག་བྱས་ཡོད་པ་དང་། ཐན་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧོང་ཞིན་ཀོ་ (Huang Xinguo) ཡིས། ནུས་ཤུགས་ཡོད་ཚད་ཀྱིས་བསྐྱར་དུ་འབར་གས་མི་འབྱུང་བར་སྔོན་འགོག་དང་། རྨས་མ་རྣམས་མྱུར་སྐྱོབ་བྱེད་དགོས་པ་མ་ཟད། གང་མགྱོགས་ཀྱིས་འབར་གས་དོན་རྐྱེན་གྱི་རྒྱུ་རྐྱེན་བཙལ་ནས་ཐག་གཅོད་ཡག་པོ་བྱེད་དགོས་སྐོར་བརྗོད་འདུག
འབར་གས་བྱུང་ས་ནས་སྤྱི་ལེ་བཞི་ཙམ་གྱི་སར་ཡོད་པའི་ཁྲིན་པེན་ཀྲི་ (Chen Bingzhi) ཟེར་བ་ཞིག་གིས། ཐོག་མར་འབར་གས་བྱུང་དུས་ས་ཡོམ་རྒྱུག་བཞིན་པའི་ཚོར་བ་བྱུང་། ཁང་རྩེག་ཆ་ཚང་འགུལ་སྐྱོད་བྱེད་བཞིན་འདུག སྐབས་དེར་ང་ཐོག་རྩེག་བཞི་བར་ཡོད། སྒེའུ་ཁུང་གི་ཤེལ་ཚང་མ་ཆག་སོང་། ཐེངས་གཉིས་པར་འབར་གས་བྱུང་སྐབས་མི་མང་པོས་ངུ་སྐད་རྒྱག་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད་ཅིང་། མི་མང་པོའི་ལུས་སྟངས་ལ་ཁྲག་གིས་ཁེངས་བ་མཐོང་སོང་། ཅེས་བརྗོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།