རྒྱ་ནག་གཞུང་གིས་ཐིན་ཅིན་གྲོང་ཁྱེར་དུ་བྱུང་བའི་འབར་གས་དོན་རྐྱེན་ཐད་ཀྱི་དོགས་ཡོད་མི་སྣ་ ༡༢ འཛིན་བཟུང་བྱས་འདུག
དེ་རིང་རྒྱ་གཞུང་གིས་ཉེ་ལམ་ཐིན་ཅིན་གྲོང་ཁྱེར་གྱི་གྲུ་ཁར་བྱུང་བའི་འབར་གས་དོན་རྐྱེན་དང་འབྲེལ་བའི་དོགས་ཡོད་མི་སྣ་ ༡༢ འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་མི་སྣ་དེ་ཚོ་ཐིན་ཅིན་གྲོང་ཁྱེར་གྱི་གྲུ་ཁའི་རྡོ་སྣུམ་དང་མེ་རྫས། རྫས་འགྱུར་གསོག་ཉར་ཁང་གི་ཚོགས་གཙོ་གཞོན་གཉིས་དང་དོ་དམ་པ་སོགས་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ཡིན་འདུག
ཡང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་ནས་སྤེལ་བའི་གནས་ཚུལ་ནང་། ཟླ་འདིའི་ཚེས་ ༡༢ ཉིན་བྱུང་བའི་ཐིན་ཅིན་གྲོང་ཁྱེར་གྱི་འབར་གས་དེའི་ཁྲོད། ད་ལྟའི་བར་ཡུལ་མི་དང་ལས་མི་ ༡༣༩ ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ ༦༤༦ སྨན་ཁང་དུ་ཡོད་པ། མི་ ༦༠ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག དོན་རྐྱེན་བྱུང་རྗེས་བརྟག་དཔྱད་བྱས་པ་བརྒྱུད་གྲུ་ཁ་དེར་དུག་རྫས་ཏུན་བརྒྱ་ཕྲག་ཁ་ཤས་དང་། མེ་རྫས་ཏུན་ ༧༠༠ ཡས་མས་ཤིག་གསོག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།