མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་པ་ལཊ་ལྟར་ཆཊ་མིན་ཞུ་ཚོད་ཐིག་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

 

སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ནང་བཀའ་ཤག་གི་ཆབ་སྲིད་དང་འཛིན་སྐྱོང་གི་གནད་དོན་གལ་ཆེའི་ཐོག་གསལ་བཤད་གནང་སྐབས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་ཀྱི་མེད་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་།

 

དེ་རིང་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་པའི་ཕྱི་དྲོར། ཐེངས་འདིའི་གྲོས་ཚོགས་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ལོའི་ཟླ་ ༤ དང་ ༩ པ་བཅས་ནང་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སོགས་ཀྱི་ཐོག་བཀའ་ཤག་གིས་རྒྱལ་སྤྱིའི་ཁ་ཕྱོགས་འགྱུར་རྒྱུ་གཙོ་དོན་བྱས་ནས་དོན་ཚན་བཞིའི་ཐོག་ལན་འདེབས་བརྒྱབ་ཡོད་པ། དེ་བཞིན་བལ་ཡུལ་ས་ཡོམ་གྱི་གོད་སྐྱོབ་ཆེད་བོད་མིའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་བྲང་གཙོས། བོད་མིའི་ཚོགས་སྡེ་ཁག་གིས་བལ་སྒོར་འབུམ་ ༣༠༠ ལྷག་གི་རོགས་དངུལ་བཏང་ཡོད་པ་བཅས་ཀྱི་གནད་དོན་ཁག་ཅིག་ལ་གསལ་བཤད་གནང་བར་སྤྱི་འཐུས་རྣམ་པས་དྲི་བ་དང་དགོངས་ཚུལ་བཏོན་པར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་སོང་།

 

1སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། སྔོན་མ་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ར་བ་འདིའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཟེར་མཁན་དེ། གང་འདྲ་འདྲ་པོ་ཞིག་ཡོང་ས་རེད། རྒྱལ་སྤྱིའི་མཁས་པ་ཚོས་འདི་འདྲ་ཞིག་བཤད་ཀྱི་ཡོད་པ་རེད་ཟེར་བ་སོགས་ཀྱི་རྣམ་བཞག་མང་པོ་ཞིག་གསུངས་ཡོད་སྟབས། ད་ལྟ་ཞི་ཅིན་ཕིན་གྱིས་འགན་ཁུར་ཚར་ཡོད་པ་མ་ཟད། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཡང་ཚོགས་ཚར་ཡོད་སྟབས། ད་ལྟ་ཞི་ཅིན་ཕིན་ཟེར་མཁན་དེ་གང་འདྲ་ཞིག་ཡིན་པ་གཟིགས་ཀྱི་འདུག དེ་དང་མཉམ་དུ་ཉེ་ཆར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་སྐབས། བོད་ཡིག་གི་ཡིག་ཆ་ཞི་ཅིན་ཕིན་གྱི་གཏམ་བཤད་རེད་ལབ་མཁན་དེ་ཚོའི་ནང་ལ། ཏཱ་ལའི་ཁ་བྲལ་རིང་ལུགས་ཟེར་བའི་ཚིག་དེ་འཁོད་འདུག སྤྱིར་བཏང་ཁ་བྲལ་རིང་ལུགས་དང་ཏཱ་ལའི་ཟེར་བ་སྦྱར་མ་སྦྱར་གྱི་ཁྱད་པར་མང་པོ་ཞིག་ཡོད་དུས། ཞི་ཅིན་ཕིན་གྱི་གཏམ་བཤད་ངོ་མ་ནང་ལ་ཏཱ་ལའི་ཁ་བྲལ་རིང་ལུགས་ཞེས་པ་ཏཱ་ལའི་ཟེར་བའི་ཚིག་དེ་ཡོད་དང་མེད། ད་ལྟ་རྒྱ་ནག་གི་མགོ་ཁྲིད་དེ་ཚོའི་པར་བཞི་ལྔ་ཞིག་བཤམས་བསྡད་པ་མི་རབས་ཁ་ཤས་ཤིག་ཡོད་པ་དེ་ཚོའི་ནང་ལ། ཏཱ་ལའི་ཁ་བྲལ་རིང་ལུགས་ཟེར་བ་རྒྱ་ནག་གི་མགོ་ཁྲིད་ངོ་མ་སྲིད་འཛིན་རང་གི་ཁ་ནས་བཏོན་མྱོང་མཁན་མའོ་ཀྲུ་ཞི་ཕར་ཕུད་པའི་མགོ་ཁྲིད་གཞན་པ་ག་ཚོད་བྱུང་ཡོད། དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་རྗེས། ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་ཁང་གིས་གསལ་བསྒྲགས་ཤིག་བྱས་ཡོད་པ་རེད། དེའི་ནང་དབུ་མའི་ལམ་སྐོར་ལ་འགྲེལ་བཤད་མང་པོ་ཞིག་བརྒྱབ་ཡོད་སྟབས། ཞི་ཅིན་ཕིན་རང་གིས་དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བཏང་མྱོང་ཡོད་དང་མེད་དོན་དག་དང་པོ་དེ་ཡིན།

 

དོན་དག་གཉིས་པ་དེ་ད་ལོའི་ཕྱི་ཟླ་ ༤ པའི་ནང་བཏོན་པའི་རྒྱབ་ཤ་དཀར་པོའི་གནད་དོན་དང་འབྲེལ་བའི་སྐོར་ཡིན། སྤྱིར་བཏང་གསལ་བཤད་མང་པོ་ཞིག་གནང་ཡོད་པ་རེད། གསལ་བཤད་གནང་བཞག་པ་དེ་ཚོ་ཁྱབ་བསྒྲགས་འགྲོ་སྟངས་ཀྱི་གསལ་བཤད་རེད་འདུག རྒྱབ་ཤ་དཀར་པ་དེའི་གནད་དོན་ཁ་ཤས་ཤིག་ནང་ “ང་ཚོའི་དཔལ་ལྡན་སྲིད་སྐྱོང་མཆོག་དང་འབྲེལ་བ་ཡོད་པའི་གནད་དོན་བོད་ཀྱི་ཡུལ་གྱར་སྲིད་གཞུང་གི་འགོ་པ་གསར་པ་ཡིན་ཟེར་མཁན་གཅིག་ཀྱང་། རྒྱ་གར་གྱི་གླེང་མོལ་དུས་དེབ་ནང་བོད་རང་བཙན་དང་བོད་རང་སྐྱོང་གི་ལྟ་བ་གཉིས་བར་ལ་འགལ་བ་མེད། རྩོད་སྒྲུབ་རིག་པའི་ཐོག་ནས་བརྗོད་ན་བོད་རང་བཙན་ནི་རྩ་དོན་གྱི་དམིགས་ཚད་ཡིན་པ་དང་། བོད་རང་སྐྱོང་ནི་དངོས་ཡོད་ཀྱི་དམིགས་ཚད་ཡིན་” ཞེས་བཤད་ཡོད་རེད་ཟེར་བ་དེ་འདྲ་ཡང་འདུག སྤྱིར་བཏང་གནད་དོན་འདི་དངོས་ཡོད་གནས་ཚུལ་ཡིན་གྱི་མ་རེད་དེ། དེའི་ཐོག་ལ་ལན་དེའི་ནང་ལ་དམིགས་སུ་བཀར་ནས་བཤད་ཡོད་དང་མེད། དེ་ནས་ཉེ་ཆར་ཕྱི་ཟླ་དྲུག་པའི་ཟླ་མཇུག་ནང་ལ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་ཡོངས་གྲགས་བྱས་སོང་། ཨ་མི་རི་ཁའི་ནང་དམངས་ཁྲོད་ཁ་བརྡ་འདྲ་མི་འདྲ་མང་པོ་ཡོད་པ་རེད། དེའི་ནང་ནས་དམངས་ཁྲོད་ཁ་བརྡ་ཡག་པ་དེ་ཡིན་ས་རེད། དེའི་ནང་ནས་བླ་མ་ཚེ་བཀྲ་ཞེས་པ་ཞིག་གིས་དོན་དག་དོལ་རྒྱལ་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་མང་པོ་ཞེ་པོ་ཞིག་བརྒྱབ་ཡོད་པ་རེད། མཐའ་མ་དེར་འབབ་ས་ངོ་མ་དེ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོས་པའི་བླ་ཆེན་དང་མི་ཆེན་ཁག་ཅིག་སྐུ་བཀྲོང་ཆེད་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་གྱི་མགོ་གཙོ་དེ་ཚོས་དངུལ་སྤྲད་ཡོད་པའི་གནས་སྟངས་དེ་གསལ་པོ་བྱས་ནས་བཤད་ཀྱི་འདུག དེ་ལ་དགའ་བསུ་ཞུ་མཁན་ཡུ་ཌུབ་ལྟ་མཁན་དཔེ་མང་པོ་བྱུང་སོང་། དེའི་གནད་དོན་དེ་ངོ་མ་མཐའ་མ་ཐུག་ས་དེ་ཀྲུའུ་ཝེ་ཆིན་དང་སྲིད་ཐད་གཉིས་ལ་ཐུག་འདུག སྲིད་ཐར་དང་ཀྲུའུ་ཝེ་ཆིན་གཉིས་ཀྱིས་དངུལ་སྤྲད་སོང་ཟེར་གྱི་འདུག དེ་ཡིན་དུས་བཀའ་ཤག་གིས་དེ་སྔོན་ཀྲུའུ་ཝེ་ཆིན་དང་སྲིད་ཐར་གཉིས་ཀྱིས་དངུལ་སྤྲད་ཡོད་པ་དེ་མཁྱེན་རྟོགས་ག་ཚོད་ཡོད་དང་མེད། དེ་མཁྱེན་རྗེས་མ་འོངས་པར་བོད་རྒྱ་འབྲེལ་མོལ་བྱས་ན་ཀྲུའུ་ཝེ་ཆིན་ཡོང་གི་ཡོད་མེད་མི་ཤེས་ཀྱང་སྲིད་ཐར་ཡོང་རྒྱུ་ཡིན་སྟབས། དེ་ཚོར་ང་ཚོས་ལག་པ་སྤྲད་ཐུབ་ཀྱི་རེད་པས། སྤྲད་ཤེས་ཀྱི་རེད་པས། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་བཀྲོང་རྒྱུའི་ཆེད་དངུལ་སྤྲད་སྡོད་མཁན་དེ་ཚོའི་མཉམ་དུ་ག་རེ་བྱེད་ཀྱི་རེད། དེ་ཚོའི་ཐོག་ལ་ཚོར་སྣང་ཆེན་པོ་ཡོང་གི་འདུག་སྟབས། དེའི་ཐོག་ལ་གནང་ཕྱོགས་ག་རེ་གཅིག་གནང་རྩིས་ཡོད།

 

དེ་བཞིན་བླ་མ་ཚེ་བཀྲ་ཟེར་བ་ཞེས་པ་ཁོ་རང་གིས་ཀྱང་སྔོན་མ་ང་ཚོའི་ཐོག་ལ་ལྡོག་ཕྱོགས་གནང་བཞག་པ་དེ་འདྲ་ཡོད་དང་མེད། བརྙན་འཕྲིན་དེའི་ནང་ལ་གང་ཡང་མི་འདུག མི་གཅིག་གིས་བྱས་སོང་དང་གཉིས་ཀྱིས་བྱས་སོང་། དགའ་ལྡན་ཁྲི་པའི་སར་སོང་བ་ཡིན། ཁོ་ཚོས་འདི་འདྲ་ལབ་ཀྱི་འདུག ང་ཚོས་འདི་འདྲ་ལབ་ཀྱི་འདུག་ཟེར་བ་ལས་ཁོ་རང་གིས་འདི་འདྲ་བྱས་མྱོང་ཟེར་བ་གཅིག་ཀྱང་མེད་སྟབས། དེ་ཡང་ཚོར་སྣང་ཁྱད་མཚར་ཞིག་བྱུང་ཞེས་གྲོས་ཚོགས་ར་བ་འདི་བརྒྱུད་ནས་ཞུས་ཡོད། ཁོང་རྣམ་པ་ཚོས་གསན་བསྡད་ཡོད་ཀྱི་རེད། ང་ཚོར་དུས་དུས་ལ་གནས་ཚུལ་དེ་འདྲ་བྱུང་དུས། མི་དེ་ཚོ་ཡར་འཁྲིད་པ་དང་མཇལ་ཁ་ཞུ་རྒྱུ་སོགས་ཀྱི་གནས་སྟངས་འདྲ་མི་འདྲ་མང་པོ་ཡོང་གི་ཡོད་པ་རེད་པཱ། དེ་ཡིན་དུས་ཀྲུའུ་ཝེ་ཆིན་དང་སྲིད་ཐར་གཉིས་ཀྱིས་དངུལ་སྤྲད་ས་དེ་ཁོ་རང་གིས་མཐོང་འདུག སྔོན་མ་མཁྱེན་གྱི་མེད་ན་མཁྱེན་ཚར་རྗེས་ག་རེ་ཆགས་ཀྱི་རེད། དེ་བཞིན་དངུལ་སྤྲད་རྒྱུའི་གནད་དོན་ཐོག་ལ་མང་པོ་ཞུ་རྒྱུ་ཡོད་མ་རེད་གསུང་གི་འདུག ཡིན་ནའང་རྒྱ་ནག་གི་ཡིག་ཆ་སྔ་རྗེས་ཚང་མའི་ནང་ལ། ད་ལྟ་བར་དུ་ང་ཚོས་བཤད་བསྡད་པའི་དབུ་མའི་ལམ་དེ་ཁྱོན་ནས་བཤད་ཀྱི་མི་འདུག་སྟབས། ༢༠༠༨ ལོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ངོ་མ་ཁོ་ཚོར་སྤྲད་ན་གོ་བརྡ་འཕྲོད་ཐག་གཅོད་བྱུང་ཡོད་དང་མེད། ངས་སྔོན་མ་ཡང་ཞུས་པ་ཡིན་ལ་ད་ལྟའང་ཞུ་གི་ཡོད། རྒྱུ་མཚན་ག་རེ་རེད་ཟེར་ན། རྒྱབ་ཤ་དཀར་པོའི་དེབ་ནང་ལ་བཤད་སྟངས་དེ་ཚོ་སྔོན་མ་སི་ཀྲ་སི་བྷག་གི་གསུང་བཤད་ཀྱི་རྣམ་པ་འདྲ་པོ་རྐྱང་རྐྱང་སྟེ། ང་ཚོའི་འཛིན་སྐྱོང་གིས་ག་རེ་བྱེད་ཀྱི་རེད། ཞི་བདེའི་བསྟི་གནས་ག་རེ་བསྐྲུན་གྱི་རེད། དེ་བཞིན་ས་ཁྱོན་སོགས་ཀྱི་ཐོག་ལ་མང་པོ་ཞིག་བཤད་བསྡད་ཀྱི་ཡོད་པ་རེད། ད་ལྟ་ང་ཚོ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བསམ་འཆར་ནང་རྒྱ་ནག་རྩ་ཁྲིམས་ནང་ལ་གང་ཡོད་པ་དེ་དེ་བཞིན་ནོ་ཟེར་བ་མ་གཏོགས་གཞན་པ་མེད་པ་རེད་དེ། བཤད་སྟངས་དེ་དེ་འདྲ་རྐྱང་རྐྱང་བཤད་བསྡད་ཀྱི་འདུག དེའི་སྐོར་ལན་འདེབས་དེའི་ནང་ལ་ཁྱེད་རང་ཚོས་འདི་འདྲ་ཞིག་བཤད་ཀྱི་འདུག་ཀྱང་དེ་མ་རེད་དཱ། ང་ཚོས་ཁྱོད་ཚོར་སྔོན་མ་སྤྲད་ཡོད་པ་དེ་རེད་དཱ་ཟེར་ནས་གོ་བརྡ་སྤྲོད་ཐུབ་པ་དེ་འདྲ་ཞིག་གསུངས་ཡོད་དང་མེད་དེ་ཡང་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་འདུག དེ་བཞིན་གལ་ཆེ་ཤོས་དེ་ད་ལྟ་བར་དུ་བཀའ་ཤག་འདིའི་སྐབས་སུ་བོད་རྒྱ་འབྲེལ་མོལ་གནང་ཐུབ་ཡོད་མ་རེད། འགྲེལ་བཤད་བསྐྱོན་དུས་ཨ་རི་ནས་མགོ་འཛུགས་ཏེ་ཕལ་ཆེར་རྒྱལ་སྤྱིའི་ཐོག་ནས་ཚང་མས་གནང་ས་རེད་བསམ་བསམ་ཞིག་གསུངས་ཀྱི་འདུག་ཀྱང་། དོན་དག་ངོ་མ་དེ་བོད་རྒྱ་འབྲེལ་མོལ་ཉི་མ་གཅིག་ཀྱང་བྱུང་ཡོད་མ་རེད་ལ། ད་དུང་ཡང་ག་དུས་ཡོང་མིན་མ་ཤེས་སྟབས། དེའི་ཐོག་ལ་ཚོར་སྣང་ག་རེ་ཡོད་པ་སྔོན་མ་ནས་ཞུས་པ་ཡིན་ལ་ད་ལྟ་ཡང་ཞུ་ཡི་ཡོད། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༤ པའི་ནང་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ལ་ང་རང་ཚོའི་སྤྱི་ཟུར་ཞིག་གིས་བྲིས་པའི་ ༼རང་སྲེག་སློབ་སྟོན་གྱི་དེབ༽ཅེས་པ་དེ་ལུང་འདྲེན་བྱས་ཡོད་པ་རེད། སྔོན་མ་ངས་དེ་འབྲེལ་ཡོད་ལའང་ཞུས་ཡོད་པ་མ་ཟད། དེ་དེ་སྔོན་རྒྱ་ནག་དབུས་བརྙན་འཕྲིན་ཁང་ནས་ཀྱང་སྟོན་ཡོད་པ་རེད། དེབ་དེ་བེད་སྤྱོད་བཏང་ནས་ང་ཚོར་ཕར་རྒྱུད་སྐུལ་བྱས་སོང་ཟེར་ནས་བེད་སྤྱོད་ཤུགས་ཆེན་པོ་བཏང་ཡོད་སྟབས། དཔལ་ལྡན་བཀའ་ཤག་བརྒྱུད་ནས་སྤྱི་ཟུར་དེར་སྐད་ཆ་བྱུང་སོང་ངམ། གནད་དོན་དེའི་ཐོག་ལ་ང་ཚོའི་སྒྲིག་འཛུགས་འདིས་འགན་ཁུར་དགོས་ཀྱི་འདུག་གམ། ཡང་ན་གང་ཟག་སྒེར་ཁོ་རང་གིས་འགན་འཁུར་དགོས་འདུག རྒྱབ་ཤ་དཀར་པོའི་ལན་འདེབས་ནང་ལ་ག་རེ་བྲིས་ཡོད་པ་ཧ་གོ་ཉིད་འདོད་བྱུང་ཞུ་རྒྱུ་ཡིན།

 

ང་ཚོའི་སྤྱི་ཚོགས་འདིའི་ནང་ལ་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་དགོས་ཟེར་བའི་ཚིག་མང་པོ་ཞིག་བེད་སྤྱོད་བཏང་སྟེ། རང་བཙན་རྩོད་མཁན་ཞིག་ཡིན་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བསྒྲུབ་ཀྱི་མེད་པའི་རྣམ་པ་འདྲ་པོ་ཞིག་སྟོན་མཁན་དང་། དེ་བཞིན་གང་ཟག་མཁས་པ་དེ་འདྲས་ཀྱིས་འགྲེལ་བཤད་བརྒྱབ་པ་ཡང་གོ་མྱོང་། གནད་དོན་ཁ་ཤས་ཀྱི་ཐོག་ནས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་སྐྱོད་བྱེད་ཀྱི་ཡིན་ལབ་པ་དང་། མཇུག་ཏུ་རང་བཙན་གྱི་གནད་དོན་གླེང་སྐབས་དེ་འགྲིག་ཐབས་མེད་པ་དེ་འདྲ་གསུངས་བཞག་པའི་གནས་སྟངས་དེ་འདྲ་གོ་བྱུང་། དེ་འདྲའི་ཐོག་ལ་དགོངས་ཚུལ་གང་འདྲ་ཡོད། ༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་དགོས་ན། ༧གོང་ས་མཆོག་གིས་ག་རེ་གནང་ཡང་དེ་དེ་བཞིན་བསྒྲུབ་དགོས་ཀྱི་ཡོད་རེད་པས། དེ་ཡིན་ན་འདི་ལ་ཕོ་མོ་གཉིས་ཀ་ཡོད་སྟབས། ཚང་མ་ཤཱཀྱའི་དགེ་སློང་ཆགས་ཀྱི་ཡོད་པ་མ་རེད། ངས་དཔེ་ཞིག་འཇོག་གི་ཡིན། ངས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བསྒྲུབ་ཀྱི་ཡོད་དྲན་གྱི་ཡོད། ཡིན་ནའང་༧གོང་ས་མཆོག་གི་ཡི་དམ་གསང་བདེ་འཇིགས་གསུམ་བསྟེན་གནང་གི་ཡོད་པ་རེད། ངས་གསས་མཁར་མཆོག་ལྔ་བསྟེན་གྱི་ཡོད་ཀྱང་། བཀའ་དགོངས་དང་འགལ་མེད་དྲན་གྱི་འདུག ༧གོང་ས་མཆོག་གི་དབུ་མའི་ལམ་ཐོག་ཕེབས་ན་ཚང་མ་དབུ་མའི་ལམ་ཐོག་ལ་འགྲོ་དགོས་པ་ཨ་ཡོད་བསམ་པའི་ཚོར་སྣང་དེ་བྱུང་བ་མ་ཟད་འབྲེལ་ཡོད་ཁ་ཤས་ལའང་ཞུ་མྱོང་ཡོད། དེ་འདྲ་ཡིན་དུས་དེ་འདྲའི་ཐོག་ལའང་ལམ་སྟོན་དེ་འདྲ་ཡོད་པ་ཡིན་ན་དགོས་པ་དང་། དེ་མིན་ན་ཕར་འཐེན་ཚུར་འཐེན་མང་པོ་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་འདུག དཔེར་ན། ང་ཚོས་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ་སྒྲིག་པའི་གནས་སྐབས་སུ། ང་ཚོས་རང་བཙན་གཙང་མ་དང་རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས། དབུ་མའི་ལམ་བཅས་བཞི་བཏོན་ཡོད་པ་རེད། དེའི་ནང་ནས་བདེན་པའི་ཞུ་ཚུགས་སྟོན་མཁན་དེ། ད་ལྟ་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ནང་ནས་རྩེ་ཕུད་རྩེ་ཕུད་དེ་ཆགས་བསྡད་ཡོད་པ་རེད། ཡིན་ཡང་བདེན་པའི་ཨུ་ཚུགས་ཟེར་བ་དེ་མ་འདྲ་བ་ཞིག་ཡོད་མེད་མི་ཤེས་ཏེ། སྐབས་དེ་དུས་དབུ་མའི་ལམ་ལས་གཞན་པ་ཞིག་བཏོན་བཞག་པ་ཞིག་ཆགས་ཡོད་སྟབས། ད་ལྟ་བར་དུ་འགྱུར་བ་བཏང་ཡོད་མ་རེད། དེ་ལ་བཀའ་དགོངས་མ་སྒྲུབ་མཁན་ཞིག་ལ་བརྩི་དགོས་པའི་གནས་སྟངས་མི་འདུག་བསམ་པའི་ཚོར་སྣང་དེ་འདྲ་ཡོད་སྟབས། དེ་ཚོར་དགོངས་བཞེས་གནང་དགོས་འདུག་ཞུ་རྒྱུ་ཡིན། བལ་ཡུལ་གྱི་ས་ཡོམ་སྐོར་ལ་གསུངས་ཡོད་སྟབས། ས་ཡོམ་སྐོར་ལ་འཛིན་སྐྱོང་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་གིས་ཞལ་འདེབས་བརྒྱབ་པའི་དངུལ་དེ། བལ་ཡུལ་གཞུང་ལ་ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོག་ལ་རག་བསྡད་ཡོད་པ་རེད་པས། ཁོ་ཚོའི་བྱུང་འཛིན་ནང་ལ་ (CTA) དང་། དེ་བཞིན་ཏཱ་ལའི་བླ་མའི་ཐེབས་རྩ་ལས་ཁང་ཞེས་པ་འཁོད་ཡོད་དང་མེད། དེ་དང་མཉམ་དུ་བལ་ཡུལ་ལ་འགྲོ་སོང་མང་པོ་ཞིག་གཏོང་གི་ཡོད་གསུངས་པ་རེད། བཏང་བ་དེ་ཚོའི་ནང་ནས་གཞིས་ཆགས་ཡོད་མཁན་ས་ཁང་ཡོད་མཁན་དེ་ཚོར་ག་ཚོད་ཞིག་པ་དང་འཐོར་བ་དག་ལ་ལྟ་རྟོག་གནང་མཁན་ཡོད་ཀྱང་། ས་ཁང་མེད་མཁན་དམིགས་བསལ་བོད་ནས་ཕྱིས་སུ་སླེབ་མཁན་ས་ཁང་མེད་མཁན་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས།  མ་འོངས་པར་དེ་ཚོར་གཟིགས་རྟོག་རྒྱ་མི་ཆུང་བ་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

 

DSC_7165སྲིད་སྐྱོང་མཆོག་གིས་ཞི་ཅིན་ཕིན་སྐོར་གསལ་བཤད་གནང་དོན། ཞི་ཅིན་ཕིན་གྱི་པ་ཕ་ཞི་ཀྲུང་ཞོན་ (Xi Zhongxun) བོད་སྐོར་ལ་རྒྱུས་མངའ་ཡོད་པ་དང་། ༧གོང་ས་མཆོག་ལ་མཇལ་མྱོང་ཡོད་པ། དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བ་ཡོད་པ། ཁོ་རང་གི་ཨ་མ་ལགས་དང་ནང་མིས་ནང་ཆོས་ཉམས་ལེན་གནང་གི་ཡོད་པ་ཐོས་རྒྱུ་འདུག ཁོ་རང་གི་པ་ལགས་ནི་སྲིད་བྱུས་གུ་ཡངས་འཛིན་མཁན་ཞིག་ཡིན་པ་ཡོངས་གྲགས་རེད། དཔེར་ན། རྒྱ་ནག་གི་མགོ་ཁྲིད་ནང་སྲིད་བྱུས་གུ་ཡངས་ཆེ་ཤོས་འཛིན་མཁན་ཧུའུ་ཡོ་པང་རེད། ཁོར་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་གཅིག་ཞི་ཅིན་ཕིན་གྱི་པ་ལགས་ཆགས་ཀྱི་ཡོད་པ་རེད། ངས་སྐབས་དེ་དུས་ཞི་ཅིན་ཕིན་པ་ལགས་ནང་བཞིན་ཆགས་ཀྱི་རེད་དང་མ་རེད་ཅེས་ཞུ་ཚོད་ཐིག་གི་མ་རེད་ཞུས་པ་ཡིན། པ་ལགས་སུ་བལྟས་ནས་ཁོ་ག་འདྲ་ཞིག་ཆགས་ཡོང་བསམ་པའི་ཐོག་ནས་ང་ཚོས་རེ་བ་ཞིག་ཞུ་ཡི་ཡོད་ཅེས་ཞུས་བསྡད་པ་ཡིན། ཉེ་ཆར་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཛ་དྲག་ཆགས་ཏེ་དཔལ་འབྱོར་ཉམས་རྒུད་འགྲོ་བའི་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་རེད། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་དུ་གླེང་སློང་མང་པོ་ཞིག་ཡོང་བསྡད་ཡོད་པ་རེད། དེ་བཞིན་ལྐོག་ཟ་རུལ་སུངས་བརྒྱུད་ཆབ་སྲིད་ཀྱི་རྩོད་རྙོག་དབང་ཆ་འཐབ་རྩོད་བྱེད་དགོས་པའི་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་ཡོད་ཀྱང་། བོད་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་གསུང་བཤད་གནང་པ་དེ་དག་གིས་ག་རེ་སྟོན་གྱི་ཡོད་པ་རེད་ཅེས་ན། ད་ལྟའི་རྒྱ་ནག་སྲིད་གཞུང་གིས་བོད་དེ་གལ་ཆེན་པོ་ཞིག་ཡིན་པ་མ་ཟད། ཞི་ཅིན་ཕིན་རང་གིས་རྒྱ་ནག་གཞུང་གི་བདེ་འཇགས་དང་སྲུང་སྐྱོབ་དེ། བོད་ནང་གི་བདེ་འཇགས་དང་སྲུང་སྐྱོབ་ལ་ཐུགས་ཡོད་པ་གསུངས་ཡོད་སྟབས། ང་ཚོས་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་།

 

ཡང་ཁོང་གིས། ཏཱ་ལའི་ཁ་བྲལ་རིང་ལུགས་ཟེར་བའི་ཚིག་དེ། ད་སྔ་སྲིད་འཛིན་ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ཡིས་ཀྱང་བཤད་འདུག བོད་རྒྱ་ཞི་མོལ་གྱི་ལས་དོན་ཚོགས་འདུའི་འགྲོ་སྟངས་འགྲོ་ལུགས་ལ་གཟིགས་པ་ཡིན་ན། ༡༩༩༤ ལོར་བོད་ཀྱི་ཞི་མོལ་ཚོགས་འདུའི་རྗེས་སུ་ཏཱ་ལའི་རུ་ཚོགས་ཟེར་བའི་ཐ་སྙད་དེ་བེད་སྤྱོད་གཏོང་མགོ་བཙུགས་འདུག སྐབས་དེར་རྒྱ་ནག་གི་ཡོངས་གྲགས་དུས་དེབ་ཞིག་གི་ནང་ག་རེ་བཀོད་ཡོད་པ་རེད་ཅེས་ན། སྤྲུལ་གསོད་པར་སྤྲུལ་གྱི་མགོ་གཏུབ་དགོས་པ་རེད་ཅེས་བཀོད་པ་ནས་བཟུང་། ཏཱ་ལའི་རུ་ཚོགས་དང་ཁ་བྲལ་ཞེས་བེད་སྤྱོད་བཏང་ཡོད་པ་རེད། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་ཡིན་ཞེས་ནས་མིང་ལ་སྐལ་བཟང་ཟེར་བ་ཞིག་གིས་འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ལ་དབུ་མའི་ལམ་ལ་ད་སྔ་དང་ད་ལྟ། མ་འོངས་པ་བཅས་ལ་ཡིན་ཡང་མོས་མཐུན་མེད་ཅེས་བཀོད་ཡོད་པ་མ་གཏོགས། སྲིད་འཛིན་ཞི་ཅིན་ཕིན་གྱི་གསུང་བཤད་ནང་ལ་དབུ་མའི་ལམ་ཞེས་བེད་སྤྱོད་བཏང་བ་ད་ལྟ་བར་དུ་ཐོན་རྒྱུ་མི་འདུག་ལ་མཐོང་རྒྱུ་ཡང་མི་འདུག འོན་ཀྱང་ད་ལྟ་ང་ཚོར་ཁོང་གིས་ག་རེ་གསུངས་ཡོད་མེད་ཞིབ་ཅིང་ཕྲ་བ་འབྱོར་རྒྱུ་རེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་དང་འབྲེལ་བའི་ཐོག་གསལ་བཤད་གནང་དོན། ཀྲུའུ་ཝེ་ཆིན་གཙོས་པའི་རྒྱ་ནག་ནང་གི་ལས་བྱེད་ཁ་ཤས་ཀྱིས་དབུ་མའི་ལམ་འགྲེལ་བཤད་རྒྱག་སྐབས། བོད་ནང་གི་རྒྱ་རིགས་ཚང་མ་བོད་ནས་ཕྱིར་འཕུད་བྱེད་ཀྱི་རེད། ཆོལ་ཁ་གསུམ་དང་བོད་ཆེན་པོ་རྩོད་ཀྱི་ཡོད་པ་རེད་ཅེས་ (Strasbourg Proposal) ཀྱི་གྲོས་ཆོད་ནང་བཀོད་པ་དེར་འགྲེལ་ལོག་རྒྱག་གི་འདུག་ཅེས་ཞུས་ཡོད། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་མིང་འཁྱེར་ནས་ལན་འདེབས་གནང་གི་འདུག་ཅེས་ཞུས་པ་དེར། ད་ལྟ་ཡང་འཐབ་ཕྱོགས་གཅིག་གྱུར་གྱི་མིང་འཁུར་མཁན་སྐལ་བཟང་ཟེར་བའི་རྩོམ་ནང་ལ། དབུ་མའི་ལམ་ཡིན་ཡང་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཟེར་བ་དེ་རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལ་མཐུན་གྱི་མེད་སྟབས་དེ་འདྲ་ཡོང་རྒྱུ་ཡོད་མ་རེད་ཅེས་ཐད་ཀར་སྐྱོན་འཛུགས་བྱས་ནས་ལན་འདེབས་གནང་སྐབས། དབུ་མའི་ལམ་གོ་རྟོགས་བྱུང་ནས་ལན་འདེབས་རྒྱག་གི་འདུག་ཅེས་ཞུ་རྒྱུ་ཡིན། ཞེས་དང་།

 

དེ་བཞིན་ཁོང་གིས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་ཀྱི་མི་འདུག ཨ་རི་དང་ཡུ་རོབ་འཛམ་གླིང་རྒྱབ་ཁབ་མང་པོས་ཕྱོགས་གང་ཅིའི་ཐད་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་དང་གནང་མུས་རེད་ཞུ་རྒྱུ་ཡིན། ༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ཐོག་འགྲོ་ཡི་ཡིན་ཟེར་བ་དེ། ང་ཚོ་བོད་མི་ཞིག་ཡིན་པ་དང་རྩ་དོན་རྩོད་མཁན་ཞིག་ཡིན་པའི་ཆ་ནས་མི་སྒེར་གཅིག་གི་དམ་བཅའ་ཡིན་ཡང་། ༧གོང་ས་མཆོག་གིས་ག་དུས་ཡིན་ཡང་ལོ་རྒྱུས་ཐོག་བོད་རང་བཙན་རེད། ད་ལྟ་མི་སེར་སྤེལ་ཡུལ་ལམ་ལུགས་འོག་ལ་ལྷག་ཡོད་པ་དང་ཆབ་སྲིད་ཀྱི་དམ་དྲག་འོག་ཡོད་པ། ལོ་རྒྱུས་ཐོག་ནས་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་ཀྱང་། རྒྱལ་སྤྱིའི་གནས་སྟངས་དང་། རྒྱ་དཀར་ནག བོད་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་དེ་གཉིས་སྨན་ཞིག་ཡིན་སྟབས། ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་པའི་རེ་བ་ཆེ་ཤོས་ཡིན་པའི་ཆ་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདི་བཏོན་བཞག་པ་ཞིག་རེད། ཡིན་ན་ཡང་དགོངས་ཚུལ་འདྲ་མིན་ཡོང་སྲིད་པ་ཞིག་རེད་ལ་ཡོང་ཆོག་པ་ཞིག་ཀྱང་རེད། ཅེས་གསུངས་སོང་།

 

སྲིད་སྐྱོང་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་ཐོག་གསུངས་དོན། བླ་མ་ཚེ་བཀྲ་ཁོ་རང་གིས་ག་རེ་གསུངས་བཞག་པ་དེ། དེ་སྔ་ཁོ་རང་དོལ་རྒྱལ་ཚོགས་པའི་འགན་འཁྱེར་མཁན་ཞིག་ཡིན་པ། དེ་བཞིན་རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་དང་མཉམ་དུ། ཁོ་རང་སྒེར་གྱི་ཐོག་ནས་ཉམས་མྱོང་དང་བསམ་ཚུལ། འབྲེལ་བ་ག་རེ་བྱུང་ཡོད་མེད་ཚང་མ་ཁོ་རང་གིས་གསུངས་པ་དེས། ག་རེ་སྟོན་གྱི་ཡོད་རེད་ལབ་ན། ང་ཚོས་དུས་རྟག་ཏུ་དོལ་རྒྱལ་རྗེས་འབྲང་པ་ཚོ་རྒྱ་ནག་གཞུང་གིས་བེད་སྤྱོད་གཏོང་གི་འདུག་ཅེས་བཤད་བསྡད་པ་དེ་ཚོར། བླ་མ་ཚེ་བཀྲས་ཁུངས་སྐྱེལ་བྱས་ཡོད་སྟབས། བཀའ་ཤག་གིས་གསུང་མཁན་གྱི་ངོ་གདོང་དེར་བལྟས་པའི་ཐོག་ནས་ངོས་ལེན་ཆ་ཚང་ཞུ་ཡི་ཡོད། ང་ཚོས་བཤད་པ་དེ་བདེན་པ་རེད་འདུག་གཱ་ཞུ་ཡི་ཡོད། ཁུངས་བདེན་འདི་བླ་མ་ཚེ་བཀྲ་ཁོ་རང་གིས་ཟེར་གྱི་འདུག་གཱ་ཟེར་ནས་ཞུ་རྒྱུ་ཡིན། དེ་དང་འབྲེལ་བའི་ཐོག་ནས་བླ་མ་ཚེ་བཀྲས་སྲིད་ཐར་དང་ཀྲུའུ་ཝེ་ཆིན་གཉིས་ཐུག་པ་ཡིན་མང་པོ་ཞིག་ཟེར་གྱི་འདུག་སྟབས། མ་འོངས་པར་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་ནག་ལ་ཕེབས་པ་ཡིན་ན་ཁོ་ཚོ་དང་མཇལ་འཕྲད་གནང་གི་རེད་དང་མ་རེད་བཀའ་འདྲི་གནང་བ་རེད། ང་ཚོས་འབྲེལ་བ་གནང་རྒྱུ་དེ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་གྱི་བཀའ་མོལ་གནང་རྒྱུ་དེ་གནད་དོན་དང་རྣམ་པ་མི་འདྲ་བ་ཡིན་པ་མ་ཟད། གནང་ལུགས་ཀྱང་ཁ་ཁ་ཡིན་སྟབས། སྐུ་ཚབ་རྣམ་པ་ཚོས་ཕྱོགས་གཅིག་ནས་རྒྱ་ནག་གཞུང་དང་བཀའ་མོལ་གནང་གི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་གི་དགོངས་པ་དང་བོད་མིའི་བསམ་ཚུལ་ཕུལ་དགོས་པ་མ་ཟད། རྒྱ་ནག་གཞུང་གི་ལན་དེ་ཡང་ཚུར་སྤྲོད་མཁན་ཞིག་ཀྱང་ཆགས་ཡོད་སྟབས། བཀའ་མོལ་གྱི་རྣམ་པ་དང་གནང་ལུགས་མི་འདྲ་བ་ཡིན་སྟབས། མ་འོངས་པར་གཟིགས་དགོས་པ་ཆགས་ཡོད་པ་རེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

ཡང་བལ་ཡུལ་གྱི་ས་ཡོམ་དང་འབྲེལ་བའི་ཐོག་ལ་གསལ་བཤད་གནང་དོན། དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱིས་གནང་བཞག་པ་འབུམ་ ༥༠ དང་འབུམ་ ༢༠ དེ། བལ་ཡུལ་གཞུང་གིས་གནང་བ་མཁྱེན་གྱི་ཡོད་མེད་ཐོག་བཀའ་འདྲི་གནང་ཡོད་པ་རེད། དེ་སྔ་ཤེས་རིག་བཀའ་བློན་བལ་ཡུལ་ལ་ཕེབས་རྗེས་ཀྱང་། གྲོས་ཚོགས་ར་བ་འདིའི་ནང་ལ་སྙན་སེང་ཞུས་ཡོད་པ་མ་ཟད། ང་ཚོའི་རྒྱུན་ལས་ལའང་སྙན་སེང་ཞུས་སོང་ཞུ་རྒྱུ་ཡིན། དེ་བཞིན། བལ་ཡུལ་དོན་གཅོད་ལས་ཁུངས་ནས་ག་རེ་གསུངས་སོང་ལབ་ན། དངུལ་ཕུལ་བ་དེ་བལ་ཡུལ་གཞུང་ནས་སུས་གནང་བ་དེ་མཁྱེན་ཡོད་ཅེས་སྙན་སེང་ཞུས་ཡོད་སྟབས། ང་ཚོས་བལ་ཡུལ་གཞུང་གིས་མཁྱེན་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ང་ཚོས་དངུལ་བགོ་འགྲེམས་བྱེད་སྐབས་ས་ཡོམ་གུད་སྐྱོབ་ཚོགས་ཆུང་གིས། བལ་ཡུལ་ཡོངས་རྫོགས་ཀྱི་ནང་མི་རེ་རེར་བཅར་ནས་དངུལ་སྤྲོད་རྒྱུ་ཐུགས་ཐག་བཅད་འདུག དེ་དང་མཉམ་དུ་ཉམ་ཐག་གི་ཐོ་གཞུང་ཞིག་བསླེབས་ཡོད་སྟབས། ང་ཚོས་ཟླ་བ་དྲུག་རིང་ཉམ་ཐག་གི་ཐོ་གཞུང་ཡོད་པ་དག་ལ་དངུལ་ཏོག་ཙམ་སྤར་ཏེ། འགྲོ་སོང་ཐོད་པ་གཏོང་བཞིན་ཡོད་པ་མ་ཟད། བལ་ཡུལ་གྱི་ས་གནས་འགོ་འཛིན་ཡོངས་ལ་བལ་ཡུལ་ནང་ཡོད་པའི་ཕ་མ་དཀའ་ངལ་འཕྲད་མཁན་ཕྲུག་གུ་བོད་ཁྱིམ་དང་གཏན་འཇགས་སློབ་གྲྭར་ཚུགས་ཀྱི་ཡིན་པ་ཡིན་ན་འབྲེལ་བ་བྱོས་ལབ་པ་ལྟར། ང་ཚོས་གོ་རྟོགས་བྱས་པ་ཡིན་ན་བོད་ཁྱིམ་གྱི་སློབ་གྲྭ་ཁག་ནང་ཕྲུག་གུ་བཅུག་པ་དེ་འདྲ་བྱུང་འདུག ད་དུང་ཡིན་ཡང་དཀའ་ངལ་ཡོད་པ་ཡིན་ན། བལ་ཡུལ་གྱི་ས་གནས་དོན་གཅོད་དང་འགོ་འཛིན་ལས་ཁུངས། ནང་སྲིད་དང་ཤེས་རིག་ལས་ཁུངས་ལ་འབྲེལ་བ་གནང་རོགས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་མཐུན་རྐྱེན་སྦྱར་ཐུབ་པ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

སྤྱི་འཐུས་ཤིག་གིས་སྲིད་སྐྱོང་མཆོག་ལྷོ་ཕྱོགས་དང་མ་སུ་རི་སོགས་ལ་ཕྱིན་པ་དང་འགྲོ་འཆར་ཡོད་པ་དེ་དུས་ཚོད་རན་པ་ཞིག་ཆགས་ཡོད་མེད་ཐོག་བཀའ་འདྲི་ཞུས་པའི་ཐད་གསལ་བཤད་གནང་དོན། ཁ་སང་ནང་སྲིད་བཀའ་བློན་མཆོག་གིས་གསལ་བཤད་ཞུས་པ་ལྟར། བཀའ་ཤག་ལྷན་རྒྱས་ནས་འགྲོ་དགོས་འདུག་གསུངས་པ་རེད། དེ་ཡང་བྷེང་ལོར་ལ་ཡོད་པའི་ཞིབ་འཇུག་བསྟི་གནས་ཁང་ཏག་ཤ་ཤི་ལཱ་དང་། ལྷོ་ཕྱོགས་གཞིས་ཆགས་ཁག་གཉིས་ནས་མགྲོན་ཤོག་བཏང་ནས་ཡོང་རོགས་ཞུས་པ་ལྟར། གཅིག་མཚུངས་ཐོག་ནས་བཅར་པ་ཡིན། མོན་གྷོ་འདོད་རྒུ་གླིང་ནས་གཟེངས་རྟགས་ཕུལ་བ་དེ། ས་གནས་འཐུས་ཚོགས་ངོས་ནས་སྔོན་མ་ཡིན་ཡང་གཞུང་འབྲེལ་ཐོག་གྲོས་ཆོད་བཞག་ནས་གཟེངས་རྟགས་དེ་འདྲ་ཕུལ་འདུག ད་རེས་གཟེངས་རྟགས་འདི་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་ལས་ཐེངས་དང་པོ་གང་ཡང་ཆགས་ཀྱི་ཡོད་པ་མ་རེད། ང་ལྷོ་ཕྱོགས་གཙོས་ས་གནས་ག་པར་ཕྱིན་པ་ཡིན་ཡང་། ང་སྲིད་སྐྱོང་ལ་ལང་རྒྱུའི་དངོས་གཞིའི་གསལ་བསྒྲགས་བྱ་རྒྱུ་ཡིན་སྟབས། འོས་བསྡུ་དང་འབྲེལ་བའི་དྲི་བ་རྩ་ནས་མ་སྐུལ་རོགས་ཞེས་སློབ་གྲྭ་དང་གཞིས་ཆགས་ག་པར་ཕྱིན་ཡང་། དང་པོ་ནས་གསལ་བསྒྲགས་བྱོས་ཤོག་ཟེར་བ་ལྟར་གསལ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། འོས་བསྡུ་དང་འབྲེལ་བའི་དྲི་བ་སྐུལ་བ་ཡིན་ཡང་ལན་རྒྱག་གི་མེད། དེ་བཞིན་མ་སུ་རིར་འགྲོ་དང་མ་འགྲོ་གསུངས་ཀྱི་ཡོད་སྟབས། མ་སུ་རིའི་བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྲིད་སྐྱོང་ཆགས་ཀྱི་ཡོད་པ་རེད། དེར་སློབ་གྲྭ་ ༨ མཉམ་དུ་གྱ་སྟོན་སྲུང་གཙི་ཞུ་ཡི་ཡོད་པ་མ་ཟད། ཁོ་ཚོས་མགྲོན་ཤོག་ཀྱང་བསླེབས་ཡོད་སྟབས། ངས་གཞི་རྩའི་བཀའ་ཤག་ལྷན་རྒྱས་དང་བཀའ་བསྡུར་ཞུ་རྒྱུ་མ་བྱུང་ཡང་། སྲིད་སྐྱོང་ག་པར་ཕྱིན་པ་ཡིན་ཡང་ཉེ་འཁོར་གྱི་ས་གནས་ཁག་གི་ཡོང་རོགས་ལབ་པ་དེ་ལམ་ལུགས་ཤིག་ཆགས་འདུག་སྟབས། ཉེ་ཁུལ་གྱི་ས་ཁུལ་ཁག་ལ་འགྲོ་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

དབུ་མའི་ལམ་གྱི་འོད་སྡེར་ནང་བླ་ཆེན་ཁག་གདན་འདྲེན་ཞུས་ནས་དགོངས་ཚུལ་གསུངས་བཅུག་པའི་གནད་དོན་དང་འབྲེལ་བའི་ཐོག་གསལ་བཤད་གནང་དོན། ང་ཚོ་ཚང་མ་ཆོས་དད་ཆེན་པོ་ཡོད་པ་མ་ཟད། ཆོས་དད་ཅན་གྱི་སྤྱི་ཚོགས་ཤིག་ཀྱང་ཆགས་ཡོད་སྟབས། བླ་ཆེན་རྣམ་པ་ཚོས་ཡིན་ཡང་སྤྱི་ཚོགས་དང་རྩ་དོན་དང་འགན་ཁུར་གནང་སྟེ། དུས་རྟག་ཏུ་བཀའ་སློབ་ལམ་སྟོན་གནང་གི་ཡོད་སྟབས། དེ་སྔ་ནས་བོད་མིའི་སྒྲིག་འཛུགས་ངོས་ཀྱིས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་བསྡད་ཀྱི་ཡོད་པ་མ་ཟད། ད་ལན་ཡིན་ཡང་ཁོང་རྣམ་པས་དབུ་མའི་ལམ་སྐོར་ལ་དགོངས་ཚུལ་གསུངས་པ་དེ་ལའང་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན། ང་ཚོ་དམངས་གཙོའི་ལམ་ལུགས་ཤིག་ཡིན་སྟབས། ཁོང་རྣམ་པ་ཚོར་ཡིན་ཡང་གཏམ་བརྗོད་རང་དབང་ཡོད་དུས། དབུ་མའི་ལམ་ཐོག་དགོངས་ཚུལ་གསུངས་པ་དེར་ང་ཚོས་འགྲིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ད་ལན་གྱི་འོད་སྡེར་དེ་བོད་སྐད་ནང་ཡིན་སྟབས། ཆབ་སྲིད་བཙོན་ཟུར་ཚོ་ཡིན་ཡང་དེའི་ནང་ཕེབས་ནས་བོད་ནང་གི་དགོངས་ཚུལ་གསུངས་རོགས་ལབ་པ་ལྟར་གསུངས་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 3

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    གང་ལྟར་སྲིད་སྐྱོང་གིས་ལན་འདེབས་གསལ་བོ་ཞིག་གནང་ཐུབ་མེད་པ་གསལ་བོ་རེད་དེའི་རྒྱུ་མཚན་ངས་བཤད་རུང་མཁྱེན་ཚོད་རེད།  དེ་འདྲ་ཡིན་དུས་ངེས་པར་འུ་ཚོགས་སྲིད་སྐྱོང་གནས་སྟངས་གང་ཡིན་ན་མགོ་ཚོས་བོ་ཞིག་གལ་ཆེན་ཡིན་པ་འདི་བསྟན་ཡོད་པ་རེད།  བཀུར་འོས་སྤྱི་འཐུས་ལས་དྲི་བ་ཡག་པོ་གནང་འདུག

    Reply
  2. Thupten Egnyen says:
    ལོ་ 10 སྔོན།

    དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསལ་བཤད་དང་དེ་ལ་སྤྱི་འཐུས་རྣམ་པས་འདྲི་བ་ཞུས་པ་ལན་གནང་བ་བཅས་ཡོངས་སུ་ཉན་པ་ཡིན། དང་པོ་དཔལ་ལྡན་སྲིད་སྐྱོང་གི་གསལ་བཤད་དེ་དག་དེའི་གོང་ལས་རིམ་སྔོན་མར་རྒྱབ་ཤ་དཀར་པོའི་སྐོར་ལ་གསུང་པ་ནས་གསར་པ་གང་ཡང་གསལ་དུ་གཏོང་རྒྱུའི་འགྲེལ་བཤད་གནང་མ་སོང་། ལྷག་པར་སྤྱི་འཐུས་རྣམ་པས་དེ་ལས་འཕྲོས་པའི་གནད་དོན་གཞན་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་མང་པོར་མང་ཚོགས་ཀྱིས་དངོས་ཡོད་གནས་ཚུལ་གང་ཤེས་རྟོགས་ཐུབ་རྒྱུར་ལན་དྲང་པོ་ཞིག་གནང་རྒྱུར་འདུན་པ་མེད་པ་མངོན་གསལ་རེད་འདུག གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཐོག་འདྲི་བ་དྲིས་པའི་ལན་དུ་སྲིད་སྐྱོང་གི་འོས་བསྡུར་བཞེངས་རྒྱུ་ཡིན་གསུང་པ་མ་ཟད། ཞིབ་ཕྲ་མང་གཙོའི་དུས་ཆེན་རྗེས་གསལ་བསྒྲགས་གནང་གི་ཡིན་ཞེས་གསུངས་པ་དེ་བརྙན་འཕྲིན་ནང་མཐཽང་རྒྱུ་ཡོད་བཞིན་ད་དུང་གཞིས་ཆགས་སོགས་ལ་ཕེབས་པ་དེ་འོས་བསྡུའི་ལམ་སྟོན་སྒྲིག་ཁྲིམས་དང་མི་འགལ་བ་མངོན་ཐབས་ལ་ད་ལྟ་གསལ་བསྒྲགས་གནང་མེད་གསུངས་པ་མ་ཟད། ཕར་ཚུར་ཕེབས་སྐབས་འོས་བསྡུའི་སྐོར་འདྲི་གཏོང་མ་ཡོང་། ལན་འདེབས་གནང་གི་མིན་ཞེས་གསུངས་ཀྱི་ཡོད་ཅེས་འགྲེལ་བཤད་གནང་སོང་། ཕྱི་དྲིལ་ལས་ཁུངས་ཀྱི་དྲ་བརྙན་ཐོག་ད་ལྟའང་མལ་རྒྱུ་ཡོད་པའི་གསར་འགོད་པའི་འདྲི་བར་ལན་གནང་བའི་ནང་ལངས་རྒྱུ་ཡིན་ཞེས་གསུངས་པ་དེ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མིན་པའི་གང་ཟག་གཞན་ཞིག་དེར་འཛུལ་ནས་ལན་གནང་བ་ནི་ཡིན་དྭོགས་མ་རེད། བཟང་སྤྱོད་དང་ཡ་རབས། དྲང་པོ་ཞེས་པ་དེ་དབུ་ལ་བཞུགས་མཁན་གྱིས་མ་སྲུང་ན་གཤམ་འོག་མི་མང་ལྟ་ཅི། སློབ་ཕྲུག་ཚོར་ཇི་ལྟར་མིག་དཔེ་བྱེད་ཐུབ།

    Reply
  3. བོད་མི་དམངས says:
    ལོ་ 10 སྔོན།

    ཟླ་འདིའི་ཚེས་ ༢༥ ཉིན་གྱི་ཉིན་གུང་ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་དུ་ཨ་རིའི་སྲིད་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཀྱིས་ཐེངས་འདིར་རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་དང་དྲ་ཚིགས་གསང་མྱུལ། རྒྱ་ནག་གི་དངུལ་གྱི་གོང་ཚད་གཙོས་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོན་བཟོ་སྐྲུན་ཚོད་འཛིན་དང་དཀྱིལ་ཤར་ཨེ་ཤ་ཡའི་སེ་རེ་ཡའི་དཀའ་ངལ།ལྷོ་རྒྱ་ནག་གི་རྒྱ་མཚོ་ནང་མཚོ་གླིང་རྩོད་རྙོག འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་གྲོས་ཆོད་བཞག་པའི་ཐད་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

    སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་བོད་དོན་སྐོར་ལ། ང་ཚོ་ཨ་རིའི་གཞུང་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཞིག་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་གཞུང་གིས་མུ་མཐུད་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་དང་། ལྷག་པར་དུ་ཏཱ་ལའི་བླ་མ་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་མཉམ་དུ་གྲོས་མོལ་བྱེད་པར་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese