མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་རྔ་མ་ཅན་དང་རྭ་ཅོ་ཅན་བཟོས་པར་དགའ་བོ་བྱུང་།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་མཁར་བྱམས་ལགས་ཀྱིས་ཁོང་སྲིད་སྐྱོང་འོས་མིར་ལངས་བ་དེར་ཐའེ་ཝན་དང་ཧོང་ཀོང་། རྒྱ་ནག་ནང་བཅས་ནས་དོ་སྣང་ཆེན་པོ་བྱུང་ཡོད་པ་དང་། འོས་མི་གཞན་ལ་གནས་སྟངས་ཤིག་གི་འོག་ནས་དེ་འདྲ་རྩ་བ་ཉིད་ནས་བྱུང་མྱོང་མེད་སྐོར་བརྗོད་སོང་།

1111དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱི་དང་བླངས་རྒྱབ་སྐྱོར་བའི་གོ་སྒྲིག་འོག ༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་རྒྱ་གར་ནང་གི་ས་གནས་ཁག་ ༢༦ ནང་སྐོར་སྐྱོད་ཀྱིས་མི་མང་ལ་གཏམ་བཤད་བྱས་པའི་གྲུབ་འབྲས་དང་། དེ་འབྲེལ་གྱི་གནད་དོན་ཁག། དེ་བཞིན་སང་ཉིན་ནས་བཟུང་ཨ་རི་དང་ཁེ་ན་ཌའི་ནང་སྐོར་སྐྱོད་བྱ་རྒྱུ་ཡིན་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་བྱས་སོང་།

སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་ཀྱིས་ཁོང་གི་སྐོར་སྐྱོད་ཀྱི་གྲུབ་འབྲས་དང་ཁྱབ་བསྒྲགས་ཀྱི་ནུས་པ་ཅི་ཐོན་སྐོར་བརྗོད་དོན། ཕྱོགས་མཐའ་ཁག་དང་དགོན་སྡེ་ཁག་ནང་བོད་རང་བཙན་རྩོད་ལེན་བྱེད་མཁན་ཚོར་ད་ལྟ་བར་དུ་ཞྭ་མོ་ནག་པོ་གཡོགས་ཟེར་ནའང་རེད། གང་ལྟར་བོད་རང་བཙན་གྱི་གནས་བབ་འདི་ལོ་ཁ་ཤས་ནང་ལ་ཧ་ཅང་གིས་ཉམས་རྒུད་ཕྱིན་པ་རེད། ཉམས་རྒུད་འགྲོ་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། གཞུང་ངོས་ནས་སྤྱི་ཚོགས་ནང་གི་ལས་དོན་བྱེད་ཕྱོགས་ཤིག་དང་ཏན་ཏན་འབྲེལ་བ་ཡོད་པ་རེད། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་རྒྱ་ཆེའི་མི་མང་གི་སེམས་ཁམས་འཁྲུག་བསྡད་པ་དེས། རང་བཙན་གྱི་ཚོགས་པ་དང་རྩ་འཛུགས་སྒྲིག་འཛུགས་ཁག་ཀྱང་ཡག་པོ་གནས་ཐུབ་མ་ཐུབ་ཙམ་མིན་པར། མི་སྒེར་མང་པོ་ཞིག་ནག་པོ་བཟོ་རྒྱུ་སོགས་ཀྱི་གནས་སྟངས་མང་པོ་བྱུང་ཡོད་པ་རེད། ད་རེབ་ཀྱི་ངའི་ཕྱོགས་སྐྱོད་ཀྱི་གོ་སྐབས་འདི་བརྒྱུད་དེ། རང་བཙན་དང་དབུ་མའི་ལམ་བར་ལ་དམ་ཚིག་མཐུན་དུ་འགྲོ་རྒྱུ་དང་། གཅིག་གིས་གཅིག་ལ་འགྲེལ་བཤད་དེ་ཁ་གསལ་དུ་འགྲོ་རྒྱུ། ཁྱད་པར་དུ་བོད་རང་བཙན་ཕྱོགས་གཏོགས་ལ་མ་ཉེས་མ་ཡོག་བྱས་བསྡད་ཡོད་པའི་གནས་སྟངས་དེ་ཚོ་གསལ་པོ་ཆགས་རྒྱུ་སོགས་རྒྱ་ཆེའི་མི་མང་ནང་གོ་རྟོགས་ཡག་པོ་ཞིག་འཕེལ་སོང་བསམ་གྱི་འདུག རང་བཙན་རྩོད་མཁན་ཚོར་ངོ་རྒོལ་བྱེད་རྒྱུ་གཅིག་པུ་མ་རེད། ཁོ་ཚོར་འཆར་གཞི་དང་དམིགས་ཡུལ་འདུག ཁོ་ཚོས་སྐྱོན་འཛུགས་གཅིག་པུའི་ཆེད་དུ་སྐད་ཆ་བཤད་ཀྱི་མེད་པ་གང་ཞིག་ལ། རྒྱ་ཆེའི་མི་མང་གི་མངོན་འདོད་དང་སེམས་ཚོར་གྱི་ཆེད་དུ་ལས་དོན་དང་འཆར་གཞི་བྱེད་ཕྱོགས་ག་རེ་ཡོད་པ་མི་མང་ནང་གསལ་པོ་བྱུང་པ་དེས། ང་ཀླུ་མཁར་བྱམས་ལ་ཆ་བཞག་ན། ང་དཀར་པོ་ཆགས་ཆེད་མ་རེད། བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་འཛིན་མཁན་གྱི་མི་མང་ཆེ་བ་ཞིག་དཀར་འདོན་བྱ་རྒྱུའི་གོ་སྐབས་དང་། ཚོགས་པ་ཁག་ཡིན་ཡང་ཕན་ཐོགས་རྒྱུ། ང་ཚོ་རང་བཙན་དང་དབུ་མའི་ལམ་བར་ལ་གོ་ནོར་འགྲེལ་ལོག་བརྒྱབ་བསྡད་ཡོད་པ་དེ་གསལ་ཁ་འགྲོ་རྒྱུར་ངས་ཕན་ཐོགས་སོང་བསམ་གྱི་འདུག ཁྱད་པར་དུ་ང་ཚོ་ལངས་པའི་བརྒྱུད་རིམ་འདི་བརྒྱུད་ནས་གལ་ཆེ་ཤོས་ཤིག་ལ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་དེ་ཚོའི་ནང་དྲིལ་བསྒྲགས་ཤུགས་ཆེན་པོ་ཕྱིན་ཡོད་པ་རེད། དཔེར་ན། ཐའེ་ཝན་དང་ཧོང་ཀོང་། རྒྱ་ནག་ནང་བཅས་ནས་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། རྒྱ་ནག་ནང་ནས་དོ་སྣང་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། བཙན་བྱོལ་སྤྱི་ཚོགས་ནང་ནས་རང་བཙན་གྱི་ལྟ་བ་འཁྱེར་མཁན་གྱི་ཤོག་ཁག་ཅིག་ལངས་ཀྱི་ཡོད་པ་དེ། རྒྱ་ནག་གཞུང་གིས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྟབས། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནས་ཧ་ཅང་གིས་དོ་སྣང་བྱས་ཡོད་པ་མ་ཟད། བོད་རང་བཙན་གྱི་རྒྱབ་སྐྱོར་བ་རྒྱ་རིགས་ཁ་ཤས་ཀྱིས་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་པ་དང་རྩོམ་བྲིས་པ་སོགས་ད་བར་འདི་འདྲ་བའི་གནས་སྟངས་ཤིག་ཧ་ལམ་བྱུང་མེད་པ་མ་ཟད། སྲིད་སྐྱོང་གི་འོས་མི་གཞན་ཚོར་གནས་སྟངས་གཞན་པ་ཞིག་གི་འོག་ནས་འདི་འདྲ་རྩ་བ་ཉིད་ནས་བྱུང་མྱོང་ཡོད་པ་མ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་འོས་བསྡུའི་རྣམ་འགྱུར་འཛིན་སྟངས་ཐད་བརྗོད་དོན། ད་རེབ་ང་ལངས་པའི་རྒྱུ་མཚན་འདི་དང་བསྟུན་ནས། ང་ཚོ་ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་ཆབ་སྲིད་ཀྱི་རོལ་རྩེད་དམ་རྩེད་འཇོ་ཡག་པོ་འགྲོ་ཡི་འདུག དཔེར་ན། ང་ཚོར་ཟུར་ཟའི་བརྙན་པར་དང་ཟུར་ཟའི་རི་མོ་འདྲ་མི་འདྲ་བཟོས་ཏེ། རྒྱ་ཆེའི་མི་མང་ལ་སྐྱིད་པོ་གཏོང་རྒྱུ་དང་ཉི་མ་སྐྱེལ་རྒྱུ་ལྷོད་ལྷོད་བྱས་ནས་རྣམ་གཡེང་ལ་རོལ་རྒྱུའི་ལམ་ཁ་གཏོད་འདུག ཆབ་སྲིད་ཁྲོད་དེ་འདྲ་ཏན་ཏན་དགོས་ཀྱི་ཡོད་པ་རེད། ང་འདྲ་པོ་ཡིན་ན་རྔ་མ་དང་རྭ་ཅོ་ཡོད་པ་དེ་འདྲ་འདྲ་མི་འདྲ་བཟོས་འདུག་ཀྱང་། ང་དེར་དགའ་པོ་བྱུང་། དེ་ག་རེ་རེད་ཟེར་ན། ང་ཚོའི་ཆབ་སྲིད་འདི་གུ་ཡངས་པོ་ཞིག་དང་ཕྱོགས་ཡོངས་ནས་མང་ཚོགས་རང་བཞིན་གྱི་བགྲོ་གླེང་ཞིག་བྱ་རྒྱུར་ཧ་ཅང་གིས་ཕན་ཆེན་པོ་ཐོགས་ཀྱི་རེད་བསམ་གྱི་འདུག ང་ཚོས་ཆབ་སྲིད་ཟེར་བ་དེ་ཧ་ཅང་གིས་གུ་དོག་པོ་ཞིག་དང་། དགོན་པ་གྲྭ་ཚང་གི་སྐུ་འདྲ་ཤོམ་སྟངས་ཀྱི་རྣམ་པ་མིན་པར་ཤེས་རིག་སྣ་ཚོགས་ཀྱི་ཁྱབ་ཁོངས་ཏེ། རོལ་རྩེད་དང་གཞས། ཞབས་བྲོ་སོགས་ཀྱི་ནང་ང་ཡིན་ན་འདྲ་མི་འདྲ་བཟོས་འདུག་ལ། གཞན་ཚོར་ཡིན་ནའང་འདྲ་མི་འདྲ་བཟོས་ཡོད་སྲིད་པ་ཞིག་ཡིན་སྟབས། སྐབས་སྔོན་མ་ཁག་དང་བསྡུར་ན་ད་ལྟ་ལེགས་པོ་བྱུང་ཡོད་པ་མ་ཟད། ལྷག་པར་དུ་ངའི་སྐོར་ལ་འདྲ་མི་འདྲ་བཟོས་ཡོང་གི་འདུག དེ་ཚོ་དྲང་ཕྱོགས་ནས་བཤད་ཀྱི་ཡོད་ན་རེད་ལ། ལྡོག་ཕྱོགས་ནས་བཤད་ཀྱི་ཡོད་ནའང་རེད། ང་དེ་ཚོར་དགའ་པོ་ཡོད་པ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་སེམས་ཁམས་གུ་ཡངས་སུ་གཏོང་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

ཀླུ་མཁར་བྱམས་ལགས་ཀྱིས་ཚོགས་པ་སྒྲིག་འཛུགས་འགས་ཁོང་གི་འོས་བསྡུའི་གཏམ་བཤད་བཀག་འགོག་བྱས་པའི་སྐོར་བརྗོད་དོན། ཚོགས་པ་སྐྱིད་སྡུག་ཁ་ཤས་ཤིག་གིས། དཔེར་ན་མིང་བཏོན་པ་ཡིན་ན་བོད་ཁྱིམ་དང་། དགའ་ལྡན་དང་སེ་ར་དགོན་པ་སོགས་ཀྱིས་རྒྱ་ཆེའི་མི་མང་ལ་འོས་འདེམས་ཀྱི་གོ་སྐབས་འདི་ཏན་ཏན་སྤྲད་ཡོད་པ་མ་རེད། སྤྱིར་བཏང་ཁོ་ཚོའི་གྲས་དེ་བཤད་སྟངས་བྱས་ན། གཞུང་འབྲེལ་མིན་པའི་སྡེ་ཚན་ཡིན་ལབ་ཀྱི་ཡོད་ཀྱང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ནང་ཁྱབ་དགོས་ཀྱི་ཡོད་སྟབས། སྒྲིག་འཛུགས་འདིའི་འོག་ནས་རྒྱལ་ཡོངས་འོས་བསྡུ་འགྲོ་བཞིན་ཡོད་སྟབས། ངས་སྒེར་གྱི་ཚོགས་པ་ཡིན་པའི་བསམ་བློ་བཏང་བ་ཡིན་ན་འགྲིག་གི་ཡོད་པ་མ་རེད་བསམ་གྱི་འདུག ཡིན་ཡང་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ངའི་གཏམ་བཤད་ཀྱི་ལམ་ཁ་བཀག་པ་དེ། ང་ཀླུ་མཁར་བྱམས་ལ་ཐད་ཀར་དོ་ཕོག་དང་སྐྱོན་འགྲོ་བཞིན་ཡོད་པ་ཧ་གོ་ཡི་མི་འདུག་ཀྱང་། ལས་ཀ་བྱེད་སྟངས་དེ་ང་ཚོ་དམངས་གཙོའི་ལམ་ལུགས་སྲོལ་ཡག་པོ་ཞིག་གི་ཐོག་འགྲོ་ཡི་མེད་པ་གསལ་པོ་ཡིན་པ་མ་ཟད། རྒྱ་ཆེའི་མི་མང་གི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ལ་ཏན་ཏན་དོ་ཕོག་འགྲོ་ཡི་ཡོད་པ་རེད། ཅེས་བརྗོད་སོང་།

ཁོང་གིས་མ་འོངས་པར་གདོང་ལེན་བྱེད་ཕྱོགས་སྐོར་བརྗོད་དོན། ང་ཚོས་གདོང་ལེན་བྱེད་དགོས་པ་ཞིག་ནི་དབང་ཆའི་འཐབ་རྩོད་རེད། དབང་ཆའི་འཐབ་རྩོད་ཁྲོད་ནས་སྲིད་སྐྱོང་ལ་ལངས་ཀྱི་ཡིན་ལབ་དུས། རྩ་བའི་ཆ་ནས་དབང་ཆའི་ཁྱབ་ཁོངས་ཀྱི་སྐད་ཆ་ཞིག་བཤད་ཀྱི་ཡོད་སྟབས། སྤྱིར་བཏང་དམངས་གཙོ་ཡང་དག་པ་ཞིག་གི་གོ་རིམ་ཁྲོད་ནས་དབང་ཆ་དེ་བརྗེ་སྤོར་བྱ་རྒྱུ་དང་། དབང་ཆར་འགྱུར་བ་འགྲོ་དགོས་པ་དེ་དཀའ་ངལ་ཆེན་པོ་ཞིག་མ་རེད། ཡིན་ཡང་དབང་ཆ་བརྗེ་སྤོར་དང་མཉམ་དུ་མི་གཅིག་གི་མཚན་གནས་དང་རྐུབ་བཀྱག་གི་གནད་དོན་ཙམ་མིན་པར། འདིའི་རྒྱབ་ལོགས་ལ་ཁེ་ཕན་དང་ཕྱོགས་གཏོགས་མང་པོ་ཞིག་གིས་རྐྱ་འདྲ་པོ་ཐེབས་ཡོད་སྟབས། གནད་དོན་འདིའི་ཐོག་ནས་ང་ཚོར་དཀའ་ངལ་ཞིག་ཡོང་གི་འདུག ཡིན་ཡང་ད་ལྟའི་སྐབས་ལ་ཧ་ཅང་གི་ཛ་དྲག་ཅིག་མ་རེད་བསམ་གྱི་འདུག དཀའ་ངལ་འདི་ཆེ་རུ་ག་དུས་འགྲོ་ཡི་རེད་ཟེར་ན། ང་སྔོན་འགྲོ་ནས་དངོས་གཞིའི་སྒང་ལ་ཡར་གང་འཚམ་ཞིག་བསླེབས་ཏེ། མ་འོངས་པར་དངོས་སུ་སྲིད་སྐྱོང་གི་རྐུབ་བཀྱག་སྟེང་སླེབ་སྐབས་དེ་བས་ཀྱང་ཛ་དྲག་ཆགས་ཀྱི་རེད་བསམ་གྱི་འདུག ཡིན་ནའང་། གནད་དོན་འདིར་ང་ཀླུ་མཁར་བྱམས་སྒེར་གྱིས་མགོ་སྒུར་རྒྱུའི་འཆར་གཞི་མེད་ལ། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཀྱང་དེ་ལུགས་ཀྱིས་དབང་ཆའི་འཐབ་རྩོད་འདིའི་ནང་འགྲོ་དགོས་འདུག དབང་ཆའི་འཐབ་རྩོད་འདི་ཀླུ་མཁར་བྱམས་སྒེར་ལ་རྐུབ་བཀྱག་ཅིག་རག་མ་རག་གི་གནད་དོན་ཞིག་རྩ་བ་ཉིད་ནས་མ་རེད་ལ། མཚན་གནས་ཤིག་ཀྱང་མ་རེད། དབང་ཆ་འདི་དང་འབྲེལ་ནས་ང་ཚོའི་སྤྱི་ཚོགས་འདི་གཙང་མ་བཟོ་དགོས་པ་ཞིག་དང་། ད་ལྟ་བར་དུ་མ་དག་རྒྱུན་འབྱམས་ཀྱི་སྤྱི་ཚོགས་ཤིག་ལྷགས་བསྡད་ཡོད་པ་དེ་གཙང་མ་ཞིག་བཟོ་དགོས་ཀྱི་ཡོད་ན། དབང་ཆ་འཕོ་འགྱུར་ཞིག་མ་འགྲོ་བར་རྩ་བ་ཉིད་ནས་གཙང་མ་ཆགས་ཐབས་མེད་སྟབས། བཙན་བྱོལ་བོད་གཞུང་གི་དབང་ཆའི་མ་ལག་གཙོས་བསམ་བློ་གཏོང་ཕྱོགས་ཡན་ཆད་ཀྱང་གཙང་མ་ཆགས་དགོས་ཀྱི་འདུག ཅེས་བརྗོད་སོང་།

བཙན་བྱོལ་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་བཏང་ནས་ཆབ་སྲིད་འཁྲབ་མཁན་ཡོད་སྐོར་ལ་ཁོང་གིས། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ང་ཚོར་བོད་ཀྱི་དམངས་གཙོ་གསོལ་རས་གནང་མཁན་དང་། གུ་ཡངས་དང་དམངས་གཙོའི་དབུ་ཁྲིད་ཅིག་ཡིན་པ་འཛམ་གླིང་ཐོག་སྤྱི་མོས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ང་རང་སྒེར་གྱི་ངོས་ནས་ཀྱང་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ཡང་༧གོང་ས་མཆོག་གི་མཚན་གནས་བེད་སྤྱོད་བཏང་སྟེ། ང་ཚོའི་དམངས་གཙོའི་ལམ་ཁ་འགོག་གི་ཡོད་པ་རེད། དེ་༧གོང་ས་མཆོག་གི་སྐྱོན་མ་རེད། ད་ལྟ་ཡིན་ཡང་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ཁོང་གིས་གནང་བཞག་པའི་དམངས་གཙོའི་ལམ་ཁ་ཡང་དག་པ་དེ། ཡང་བསྐྱར་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བཀག་བསྡད་ཡོད་པ་དེ། ད་རེབ་ང་ཕྱོགས་མཐའ་ཁག་ཏུ་ཕྱིན་པ་དང་སྲིད་སྐྱོང་གི་འོས་མིར་ལངས་པའི་ཁྲོད་ནས་ངོས་འཛིན་གསལ་པོ་བྱུང་། དེར་བརྟེན་འདིར་རྒྱ་ཆེའི་མི་མང་གི་ངོས་ནས་ཀྱང་དོ་སྣང་བྱེད་དགོས་པ་དང་། ཁྱད་པར་དུ་འདིའི་ཐོག་ནས་༧གོང་ས་མཆོག་སྐུ་སྒེར་ལ་ཡིན་ཡང་ཐུགས་སུན་ཞུ་མི་དགོས་པ་ཞིག་ང་ཚོ་མི་མང་ནང་ནས་ཏན་ཏན་འགན་འཁྱེར་དགོས་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

གཞོན་ནུའི་རྒྱུན་ལས་གསུམ་གྱི་ཟས་བཅད་ངོ་རྒོལ་དང་འབྲེལ་བའི་ཐོག་ཁོང་གིས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་བསྟན་འཛིན་དབང་ཕྱུག་ལགས། ཚེ་དབང་སྒྲོལ་མ་ལགས་བཅས་ཀྱིས་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་ ༢༤ ཕྱིན་ཡོད་པ་རེད། ང་ཡིན་ན་རྒྱ་མིའི་བཙོན་ཁང་ནང་འགྲོ་མྱོང་། གྲོད་ཁོག་ཀྱང་ལྟོགས་མྱོང་། ཁ་སང་ང་ཁོང་ཚོར་ལྟ་བར་ཕྱིན་པ་ཡིན། ངའི་ངོས་ནས་མནར་གཅོད་ཀྱི་གོ་རིམ་ཁྲོད་ནས་མི་ཟེར་བ་དེ་མེ་མདའ་གཅིག་བརྒྱབ་ནས་ལམ་སེང་བསད་པ་ཡིན་ན། དེ་འདྲའི་མནར་གཅོད་ཆེན་པོ་ཞིག་གང་ཡང་མ་རེད། གལ་ཆེ་ཤོས་དེ་ཉིན་གྲངས་འདི་འདྲའི་མང་པོ་ཞིག་ལ་ཟ་རྒྱུ་འཐུང་རྒྱུ་མེད་པར་གྲོད་ཁོག་སྟོང་པར་མནར་གཅོད་བཏང་པ་དེ། གཡུལ་ས་ཞིག་ཏུ་ཕྱིན་ནས་མེ་མདའ་ཞིག་ཐེབས་པ་ལས་ཀྱང་ཧ་ཅང་གིས་བཟོད་སྒོམ་བྱེད་མ་ཐུབ་པའི་གནས་སྟངས་ཤིག་རེད། ད་ལྟ་ཚེ་དབང་སྒྲོལ་མ་ལགས་ཡིན་ན་སྨན་ཁང་ནང་བསྐྱལ་ཀྱང་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་སྟབས། ད་རེབ་བརྒྱུད་ལམ་ཁག་བརྒྱུད་རྒྱ་ཆེའི་མི་མང་གིས་འདིར་དོ་སྣང་བྱེད་དགོས་ཀྱི་འདུག གང་ཡིན་ཟེར་ན། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ད་ལྟ་ཡིན་ཡང་བློས་གཏོང་བྱེད་མཁན་འདི་འདྲ་ཡོད་སྟབས། ང་ཚོས་འདིའི་རིགས་གསལ་པོ་མཐོང་དགོས་པ་རེད། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་གནད་དོན་ཙམ་མིན་པར་དངོས་གནས་དྲང་གནས་ཀྱི་དཀའ་ལས་རྒྱག་མཁན་གྱི་མི་འདི་ཚོའི་རིགས་ལ་མཐོང་ཆུང་དང་སྣང་མེད་བཏང་སྟེ། ཁོང་ཚོས་འཐོབ་རྒྱུ་མེད་པའི་འདི་དང་དེ་བྱེད་ཀྱི་འདུག་སོགས་ལབ་པ་ཡིན་ན། ལས་རྒྱུ་འབྲས་ལའང་འགྲོ་ཡི་མ་རེད། ཅེས་བརྗོད་སོང་།

མཇུག་ཏུ་ཟུར་ཉན་པ་ཞིག་གིས་ཁྱེད་ཀྱིས་༧གོང་ས་མཆོག་ལ་རྒྱལ་འཚོང་བ་ལབ་ཡོད་པ་རེད་ཅེས་རྒྱ་བསྒྲགས་བོད་བསྒྲགས་བྱེད་བཞིན་འདུག་སྟབས། དེའི་སྐོར་གསལ་བཤད་ཅིག་བྱེད་རོགས་བརྗོད་པར་ཁོང་གིས། སྔོན་མ་ནས་ངས་༧རྒྱལ་བ་རིན་པོ་ཆེར་རྒྱལ་འཚོང་པ་ལབ་པ་རེད་ཅེས་སྤྱི་ཚོགས་ནང་ཁྱབ་བསྡད་ཡོད་པ་མ་ཟད། ཉེ་ལམ་སྐད་ཆ་དེ་ཤུགས་ཆེ་རུ་འགྲོ་དགོས་པའི་རྒྱུ་མཚན་ག་པར་ཐུག་ཡོད་དམ་ཞེས་ན། ནོར་ཝེ་རླུང་འཕྲིན་ཁང་གིས་ང་ལ་དམངས་ཁྲོད་ནས་ཀླུ་མཁར་བྱམས་ཀྱིས་༧གོང་ས་མཆོག་ལ་རྒྱལ་འཚོང་པ་ལབ་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག་སྟབས། དེ་དངོས་གནས་རེད་དམ་མ་རེད་ཅེས་དྲིས་པར་བརྟེན། ངས་སྐབས་དེ་དུས་ང་སྒེར་གྱི་ངོས་ནས་བརྙན་འཕྲིན་དེའི་ནང་༧གོང་ས་མཆོག་ལ་རྒྱལ་འཚོང་པ་ལབ་མེད་པ་གསལ་པོ་བྱས་ནས་གསལ་བཤད་བརྒྱབ་ཡོད་པ་མ་ཟད། ད་ལྟ་དེའི་ནང་ཡོད་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 7

  1. བློ་ལྡན། says:
    ལོ་ 11 སྔོན།

    ཤིན་ཏུ་ལེགས།

    Reply
  2. ཤར་འདའ། says:
    ལོ་ 11 སྔོན།

    ངས་བསམ་ན་དྲིན་ཅན་ལ་དྲིན་ལོག་རེད་བསམ་ནས་འདི་འདྲ་འབྲི་འདོད་བྱུང་གང་ཡིན་ཟེར་ན་མྱི་མང་པོ་ཞིག་དེང་སང་རི་བོང་ཅལ་འདྲོགས་བྱེད་བཞིན་ཡོད་པ་དེ་མ་བྱས་ན་བཟང་གི་འདོད་ཡོད་གང་ཡིན་ཟེར་ན་༸གོང་ས་མཆོག་ལ་མཚན་སྨད་དང་ཟུར་ཟ་བྱེད་མཁན་རང་བཙན་ཁ་ལ་ཁྱེར་ནས་ད་དུང་སྲིད་སྐྱོང་འོས་མི་ཡིན་ཟེར་མཁན་ཀླུ་མཁར་བྱམས་ཟེར་བ་འདི་མཐོང་ན་རྣམ་རྟོག་ལངས་ནི་ཞིག་རེད།  ད་དུང་བོད་མི་འགའ་ཤས་དང་རྒྱ་འདྲེ་བསྟེན་མཁན་འགའ་ཤས་ཀྱི་ལག་ཆ་བྱེད་ཀྱི་ཡོད་པ་མ་ཤེས་པར་མྱི་ཁ་ཤས་རྨོངས་འདུག་བསམ་ན་བློ་ཕམ་བྱེད་ཡ་ཞིག་རེད་གང་ལྟར་དྲིན་ཅན་ལ་དྲིན་ལོག་མ་བྱེད་བོད་མི་ཚོ།

    Reply
  3. བོད་ཀྱི་བུ། says:
    ལོ་ 11 སྔོན།

    གདན་སའི་གྲྭ་བ་ཆོས་མེད་སྲིད་མེད་ཁ་ཤས་ཀྱི་ཨ་ཚོགས་ཀླུ་མཁར་བྱམས་བཀག་པ་དེར་ངོ་རྒོལ་ཡོད། གཞན་བོད་ཁྱིམ་ཟེར་བ་དེ་བས་ངོ་རྒོལ་ཤུགས་ཆེན་ཡོད། ནམ་རྒྱུན་ལྷ་འདྲེ་བཤད་པའི་མི་འདྲ་མིན་ཡོང་བཅུག་གི་ཡོད། རང་བཙན་དང་རྒྱལ་ཁབ་བཤད་མཁན་ཡོང་བཅུག་མེད་པ་དེ་ལོ་རྒྱུས་ནང་ནག་ཉེས་བསུབ་ཐབས་མེད།

    Reply
  4. མཚོ་ངག་ says:
    ལོ་ 11 སྔོན།

    ཁྱོད་ནི་ངོ་མ་བོད་གངས་ཅན་ལྗོངས་སུ་བྱུང་མ་མྱོང་བའི་ཆབ་སྲིད་པ་ཐོག་མར་དེ་རེད་འདུག་པས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད།།

    Reply
  5. ཚེ་རིང says:
    ལོ་ 11 སྔོན།

    ད་རེས་ང་སེམས་ཡང་ཕམ་ལ་ཧང་ཡང་སང་དགོས་པ་ནི་བོད་ཀྱི་གདན་ས་གྲྭ་ཚང་ཁག་གི་དབང་ཚད་ཐམས་ཅད་བོད་པ་མ་དགོས་བོད་པའི་དྲི་མ་ཙམ་ཡང་མི་དྲོ་བའི་ཧི་མ་ལ་ཡིའི་རི་རྒྱུད་ཀྱི་དགེ་བཤེས་ཚོའི་ཟིན་ནས་བཙན་བྱོལ་བོད་མའི་སྲིད་སྐྱོང་གི་འོས་སྡུ་གཏམ་བཤད་དང་འདུ་འཛམ་གྱི་རང་དབང་འཕྲོག་པ་འདི་ནི་ཆེས་གདུག་རྩུབ་ཆེ་བ་རྒྱ་མི་གུང་ཁྲན་གྱིས་བླུས་པའི་བལ་པོའི་གཞུང་དང་གཅིག་གྱུར་དུ་མཐོང་བས་ང་དང་ང་འདྲ་བའི་གདན་ས་ཁག་ལ་བསློབ་གཉེར་བྱེད་བཞིན་པའི་བོད་པའི་དགེ་འདུན་ཚོའི་མཐའ་གཅིག་དུ་ངོ་སྒོལ་ཡོད་རྒྱུ་མཙན་ནི་ཆོས་ལུག་ཁོ་ན་དང་འབྲེལ་པའི་འཛིན་སྐྱོང་ཐམས་ཅད་མི་རིག་དབྱེ་བ་མེད་པ་གདན་ས་གྲྭ་ཚང་དེའི་ཁུང་སུ་གཏོག་པ་ཐམས་ཅད་ལ་ཡོད་པ་བཤད་མ་དགོས་པ་ཡིན་ཡང་བཙན་བྱོལ་བོད་མའི་འོས་སྡུ་དང་འབྲེལ་བའི་ལས་རིག་ཡོང་རྫོགས་ནི་བཙན་བྱོལ་བོད་མའི་བཅའ་ཁྲལ་ལག་དེབ་ཡོད་པ་ཁོ་ན་མ་རྟོག་དེ་མེད་པའི་ཤ་རྒྱག་ཞིང་གྲོད་ཁོག་ཆེ་བའི་དགེ་བཤེས་དང་མཁན་པོ་ཚོ་ལ་མེད་པས་དེ་ལུག་དགོང་བཤེས་ཡོད་པ་ཞུ།།
    གལ་སྲིད་རྗེས་མ་འདི་རིག་བྱུང་ཚེ་ངེས་པར་དུ་ཟིང་ཟིང་ཡོང་སྲིད་པས་དེ་དུས་ནི་༧་གོང་ས་མཆོག་གི་མཚན་སྙན་ཁ་ལ་མ་ཁྱེར་རོག།

    Reply
  6. བོད་མི་དམངས says:
    ལོ་ 11 སྔོན།

    སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་ཀྱིས་གསུང་བཤད་གནད་འགག་ཚ་བོ་དང་ཚིག་གསལ་བོ་ཞེ་དྲག་གསུང་འདུག ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ནང་དུ་དད་ཞེན་ལ་བརྟེན་མི་འདྲེ་རྩི་མཁན་དང་དད་པ་ལོག་སྤྱོད་ལ་བརྟེན་ནས་དམངས་གཙོ་རྡོག་རོལ་བཏང་བ་དངོས་ཡོད་རེད།

    སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་བོད་སྔོན་མ་རང་བཙན་ཡོད་མྱོང་མེད་པ་དང་བོད་ནང་དུ་དམངས་གཙོ་མི་དགོས་བཤད་སོགས་བཤད་པ་དང་དེང་སང་གངས་སྐྱིད་ལས་བྱེད་ཚོ་སྲིད་སྐྱོང་སེང་གེ་ལགས་མཐོང་དུས་སྙོབ་མྱོང་སྐྱེས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། སྲིད་སྐྱོང་ལགས་ཀྱི་གཏམ་བཤད་ནང་ང་དང་གང་གང་དང་དེ་དེ་ཡི་གྲོས་ཚོགས་དང་ཚོགས་སྡེ་བོད་མིའི་སྒྲིག་འཛུགས་ནང་དང་པོ་དང་ཐོག་མ་རེད་ཅེས་གསུངས་ནས་རྫོགས་པ་རེད།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་གྲོས་ཚོགས་ཀྱི་ཚོགས་ཁང་གསར་རྒྱག་ལས་གཞི་ལེགས་འགྲུབ་བྱུང་བ་དང་ཡིན་ན་ནའང་རང་བཙན་རྩོད་མཁན་ཟེར་དུས་དད་པ་ལོག་སྤྱོད་བྱས་ནས་མང་ཚོགས་ནང་འཁྲུག་བསྡད་པ་རེད།

    གང་ལྟར་ཡར་མར་གང་བཤད་ཀྱང་། སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་ཀྱིས་བོད་རང་བཙན་གྱི་ཐ་ཚིག་སྒྲོག་པ་འདི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེན་ཞིག་ཆགས་ཡོད།་

    Reply
  7. ཆུ་ཐིགས་སྔོན་མོ says:
    ལོ་ 11 སྔོན།

    ཡག་པོ་གསུང་འདུག་་་་རྗེས་སུ་ཡི་རང་ཡོད་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese