མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་སྐྱེས་ཚོར་འཛམ་གླིང་སྤྱི་ལ་ཕན་ཐོགས་སྒྲུབ་པའི་གོ་སྐབས་དང་འོས་འགན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དུས་དྲན་ཐོག ༧གོང་ས་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་མི་རབས་རྒན་པ་རྣམས་རིམ་གྱིས་རྫོཊ་འགྲོ་བཞིན་ཡོད་པས་མི་རབས་གསར་པ་ཚོས་སེམས་ཤུགས་སྐྱེད་དེ་ཧུར་ཐག་བྱེད་དགོས་སྐོར་གསུངས་སོང་།

DSC_8039དེ་རིང་གངས་སྐྱིད་དཔེ་སྟོན་སློབ་གྲྭ་རུ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོར་༧གོང་ས་མཆོག་དབུ་བཞུགས་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། བོད་མིའི་ཤེས་ཡོན་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་དགེ་རྒན་ཕ་མའི་ཚོགས་ཆུང་གི་གཙོས་དཔེ་སྟོན་སློབ་གྲྭ་སྟེང་འོག་གཉིས་ཀྱི་དགེ་ལས་སློབ་ཕྲུག་དང་ཁྱིམ་བདག་ཕ་མ་བཅས་མི་གྲངས་ ༡༠༠༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་༧གོང་ས་མཆོག་གིས་དཔེ་སྟོན་སློབ་གྲྭའི་པར་རིས་འགྲེམས་སྟོན་ལ་གཟིགས་ཞིབ་སོགས་མཛད་རྗེས། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་༼དུས་བཟང་གཉིས་འཛོམས་ཀྱི་མཆོད་སྤྲིན༽ཞེས་པའི་བཀྲ་ཤིས་རྟེན་འབྲེལ་གྱི་མཉམ་གཞས་གཟིགས་འབུལ་ཞུས་པ་དང་། དེ་བཞིན་སློབ་ཕྲུག་ཁག་ཅིག་གིས་བོད་ཡིག་སྙན་རྩོམ་༼དུས་ཆེན་གཉིས་འཛོམས་ཀྱི་སྨོན་ཚིག་ངག་གི་རོལ་མོ༽དང་༼༧སྐྱབས་མགོན་ལགས།༽། དབྱིན་ཡིག་སྙན་རྩོམ་༼Remembering and Celebration Our Journey with Petoen༽དང་༼Just for You༽། ༼My Guru༽། རྒྱ་ཡིག་སྙན་རྩོམ་༼ཐུགས་རྗེ་ཆེ་༧གོང་ས་མཆོག ཐུགས་རྗེ་ཆེ་མ་ཡུམ་དཔེ་སྟོན་སློབ་གྲྭ༽ཞེས་པ་བཅས་གྱེར་འདོན་བྱས་པ་དང་། གཞན་ཡང་། མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བུ་མོ་བརྒྱད་ཀྱིས་བརྩམས་པའི་༼ཁྱེད་ཀྱི་ལེགས་སྐྱེས༽ཞེས་པའི་སྙན་རྩོམ་ཕྱོགས་སྒྲིག་གི་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་། དེ་བཞིན་ཤེས་རིག་བཀའ་བློན་མཆོག་ནས་དཔེ་སྟོན་དབུ་བརྙེས་པ་ནས་བཟུང་མུ་མཐུད་ཞབས་ཞུ་སྒྲུབ་བཞིན་པའི་དགེ་ལས་ ༦ ལ་གཟེངས་བསྟོད་གྱི་ཕྱག་ཁྱེར་བཅས་གནང་སོང་།

DSC_8006༧གོང་ས་མཆོག་གིས་འདས་པའི་ལོ་ངོ་ ༡༠ ནང་དཔེ་སྟོན་གྱི་དབུ་ལས་ཡོངས་ནས་འབད་བརྩོན་གནང་བ་ལ་བརྟེན་ནས་གྲུབ་འབྲས་ཡག་པོ་བྱུང་ཡོད་སྐོར་གསུངས་དོན། ང་ཚོས་སློབ་གྲྭ་ཆུང་ཆུང་ཞིག་འདིར་བཙུགས་ཏེ་དཔེ་སྟོན་སློབ་གྲྭ་ཞེས་ལབ་པ་ལྟར་གྲུབ་འབྲས་གང་ལ་གང་འཚམ་ཐོན་ཏེ་བློ་གཟུ་བོར་གནས་པའི་མི་ཚོས་བསྟོད་བསྔགས་བྱེད་ས་ཞིག་དང་། ཡིད་དབང་འཕྲོག་པ་ཞིག་ཆགས་ཡོད་པ་རེད། ཞེ་དྲགས་ཡག་པོ་བྱུང་འདུག འདིར་ཉིན་ནས་ཉིན་བསྟུད་ཟླ་བ་ནས་ཟླ་བ། ལོ་ནས་ལོ་བསྟུད་དེ་དཀའ་ལས་རྒྱག་མཁན་གྱི་དགེ་རྒན་ལས་བྱེད་སོགས་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། དེ་བཞིན་མཐུན་འགྱུར་རོགས་རམ་གནང་མཁན་དང་འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བཞིན་ཡོད་པས། འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། དཔེ་སྟོན་སློབ་གྲྭ་ཐོག་མར་མགོ་བཙུགས་པ་ནས་བཟུང་འཁུར་རྐང་བཞེས་མཁན་ཟམ་གདོང་རིན་པོ་ཆེ་རེད། ང་ནང་བཞིན་བྱས་ཏེ་རིན་པོ་ཆེ་ཡང་རྒས་ཤིང་འཁོགས་པ་ཆགས་འགྲོ་ཡི་ཡོད་ཀྱང་། སོ་སོའི་མི་ཚེ་ཧྲིལ་པོ་བོད་བསྟན་པ་དང་བོད་མི་མང་གི་ཤེས་ཡོན་སོགས་ཀྱི་ཆེད་དུ་བཏང་གནང་བའི་མི་ཞིག་ཡིན་པས། རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཞེས་གསུངས་སོང་།

ཡང་བོད་རིགས་གཞོན་སྐྱེས་ཚོར་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་སྒྲུབ་ཐུབ་པའི་གོ་སྐབས་དང་འོས་འགན་གཉིས་ཀ་ཡོད་སྐོར་ཁོང་གིས། བོད་གངས་ཅན་ལ་ཆ་བཞག་ན། མི་རབས་རྒན་པ་ཚོ་རྫོགས་འགྲོ་ཡི་ཡོད་པ་དང་། ང་ཚོ་བཙན་བྱོལ་ལ་ཆ་བཞག་ནའང་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཡོང་བའི་མི་རབས་དེ་མང་ཆེ་བ་རྫོགས་ཚར་བ་རེད། ང་ཚོའི་འཐབ་རྩོད་དེ་མི་རིགས་ཤིག་གི་འཐབ་རྩོད་ཡིན་སྟབས། མི་ཐོག་གཅིག་གི་སྐད་ཆ་མ་རེད། མི་རབས་ནས་མི་རབས་ཀྱི་སྐད་ཆ་ཡིན་པས། ཁྱེད་རང་ཚོ་དངོས་གནས་བོད་གངས་ཅན་པའི་ཤ་ཁྲག་རུས་གསུམ་གྱིས་གྲུབ་པའི་མི་རབས་གསར་པ་ཚོ་བསླེབས་བསྡད་ཡོད་པ་དང་། ཁྱེད་རང་ཚོས་དངོས་གནས་ཇི་སྲིད་བསྟན་འགྲོའི་ལག་ཆ་དེ་ཚོ་སྙིང་ལ་བཟུང་བའི་ཐོག བོད་མི་རིགས་རང་གི་རིག་གཞུང་གཏིང་ཟབ་ཡོད་པ་དེ་ཚོ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བ་དང་། དེ་བརྒྱུད་ནས་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་སྒྲུབ་ཐུབ་པའི་གོ་སྐབས་ཡོད་ལ། འགན་ཡང་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོ་དུས་རབས་ཉེར་གཅིག་པའི་གཞོན་ནུ་ཚང་མས་སེམས་ཤུགས་སྐྱེད་དེ་ཧུར་ཐག་བྱས་ཨཱ། ཞེས་དང་། ཆུང་དུས་ནས་སོ་སོའི་རྒྱུད་ལ་ཡོད་པའི་བསམ་བློའི་འཁྱེར་སོ་བཟང་པོ་དེ་ལག་ལེན་བསྟར་བར་ཤེས་ཡོན་དགོས་པ་དང་། སེམས་བརྩེ་དང་ལྷག་བསམ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་ཐུབ་པ་ཡིན་ན་རང་དང་སྤྱི་ཚོགས་ལ་ཕན་པ་མ་ཟད། འཛམ་བུ་གླིང་སྤྱི་ལའང་ཕན་ཐོགས་ཡོད་སྐོར་གསུངས་སོང་།

DSC_7810བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཤེས་ཡོན་སྲིད་བྱུས་ལག་བསྟེར་བྱེད་བཞིན་པར་གྲུབ་འབྲས་གང་ལ་གང་འཚམ་ཐོན་གྱི་ཡོད་པའི་སྐོར་ལ། ཤེས་ཡོན་སྲིད་བྱུས་ཀྱི་ངོ་བོ་དང་སྒྲོམ་གཞི། རྒྱུ་མཚན་སོགས་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་གླེང་ནང་གསལ་བོར་བཀོད་ཡོད་པ་རེད། ཉེ་ཆར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བཙུགས་ནས་ཤེས་ཡོན་སྲིད་བྱུས་དངོས་སུ་ལག་བསྟར་བྱས་ཏེ་ལོ་ངོ་ ༡༠ འཁོར་བའི་དུས་དང་སྟབས་བསྟུན། མང་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཚད་དང་ལྡན་པ་ལག་ལེན་བསྟར་ཐུབ་ཡོད་མེད་ཀྱི་གླེང་སློང་བྱུང་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་འཐུས་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ། འདས་པའི་ལོ་ངོ་ ༡༠ རིང་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནས་སྟངས་ཇི་བཞིན་ཞིབ་ཚགས་པོ་བལྟས་པ་དང་། གྲོས་ཚོགས་ཀྱི་ཚོགས་དུས་ ༡༠ བའི་སྟེང་ཉིན་གཅིག་ལྷག་རིང་བགྲོ་གླེང་བྱས་པ་ཡིན། ཚོགས་ཆུང་གི་གཟིགས་ཞིབ་ནང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོ་སློབ་གྲྭ་གཞན་གྱི་སློབ་ཕྲུག་དང་མི་འདྲ་བའི་གནས་སྟངས་ཡག་པོ་ཞེ་དྲགས་ཆགས་ཡོད་སྟབས། ཚོགས་ཆུང་གི་རྒྱབ་གཉེར་ནང་མ་འོངས་པར་བོད་པའི་སློབ་གྲྭ་ཚང་མར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད། ད་ལྟ་སློབ་གྲྭ་ཁག་ཅིག་ནང་ཤེས་ཡོན་སྲིད་བྱུས་གཞིར་བཟུང་འགྲོ་ཐུབ་མིན་གྱི་གནས་སྟངས་འོག ཁག་ཅིག་ནང་དགེ་རྒན་ཉུང་བའི་སྐྱོན་ཡོད་དུས་དགེ་རྒན་གསོ་སྐྱོང་བྱ་རྒྱུར་འབད་བརྩོན་བྱས་ནས་སློབ་གྲྭ་ཁག་ཚང་མས་ཤེས་ཡོན་སྲིད་བྱུང་བེད་སྤྱོད་གཏོང་ཐུབ་པ་ཡོང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

DSC_7841ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་ཡོན་ནི་རྒྱལ་ཁབ་ཀྱི་ལྡེ་མིག་ལྟ་བུ་ཡིན་སྐོར་གསུངས་དོན། ཤེས་ཡོན་ནི་མི་སྒེར་དང་རྒྱལ་ཁབ། སྤྱི་ཚོགས་ཡར་རྒྱས་གཏོང་བའི་ལྡེ་མིག་ཡིན་པ་དང་། ཤེས་ཡོན་ནི་མི་རིགས་འཚོ་གནས་དང་དར་སྤེལ་གྱི་ཆ་རྐྱེན་དམ་པ་ཡིན། ཕྱི་ནང་གི་ཤེས་ཡོན་ལྡན་པ་ མི་རིགས་ལར་ཞེན་དང་ལྡན་པ། ཡ་རབས་བཟང་སྤྱོད་དང་ལྡན་པ། ལྷག་བསམ་སྙིང་སྟོབས་དང་ལྡན་པ་བཅས་བདེན་པ་བཞིའི་ཁྱད་ཆོས་ཚང་ཞིང་། ཕྱི་ནང་རིག་གནས་ལ་མཁྱེན་པ་རྒྱས་པ་ཞིང་། ནང་བཟང་པོའི་ཡོན་ཏན་གྱིས་ཕྱུག་པ་བྱུང་ན་ཤེས་ཡོན་གྱི་དགོས་པ་ཚང་ཞིང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འགྲུབ་པ་དང་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་འགྲུབ་པ། བོད་མིའི་སྒྲིག་འཛུགས་ཀྱི་རེ་བ་འགྲུབ་པ་བཅས་འགྲུབ་པ་གསུམ་གྱི་རྒྱན་པར་ཡོང་རྒྱུ། རང་རིགས་སློབ་ཕྲུག་ཕ་མ་བཅས་འབྲེལ་ཡོད་ཚང་མས་ཤེས་ཡོན་ཐོག་ཐུགས་ཁུར་ཆེར་བཞེས་ཡོང་བར་གོ་སྐབས་འདི་རྒྱུད་ནས་འབོད་སྐུལ་ཞུ་རྒྱུ་ཡིན། གཞན་ཡང་ཕ་མ་ནི་དགེ་རྒན་དང་པོ་དང་ཁྱིམ་ཚང་ནི་སློབ་གྲྭ་དང་པོ་ཡིན་ཞེས་པ་གསུང་རྒྱུན་དོན་ལ་གནས་ཏེ་འདི་ག་དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆུང་ནས་རྒྱུན་གཏན་སློབ་གྲྭར་འཕྱར་གྲུ་མཉམ་འདེགས་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། ས་གནས་གཞན་གྱི་ཕ་མའི་ཚོགས་ཆུང་ཁག་ནས་ཀྱང་སློབ་གྲྭར་འཕྱར་བ་གྲུ་འདེགས་ཡོང་རྒྱུའི་རེ་སྐུལ་ཞུ་རྒྱུ་དང་། མདོར་ན། སློབ་ཕྲུག་དང་དགེ་རྒན། འཛིན་སྐྱོང་དང་ཕ་མ་ཚང་མས་མཉམ་རུབ་གནང་ཚེ་རང་རེའི་སྤྱི་ཚོགས་དེ་བཞིན་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུ་གདོན་མི་ཟ། ཞེས་གསུངས་སོང་།

DSC_7857བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་ཤེས་ཡོན་སྲིད་བྱུས་འདི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ་ལས་ཁོང་གི་མིན་སྐོར་གསུངས་དོན། བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་འདི་ངས་བཟོས་བཞག་པ་འདྲ་པོ་ཞིག་དགོངས་མཁན་དེ་འདྲ་ཡོད་ས་རེད། ངས་བཟོས་པའི་ཤེས་ཡོན་སྲིད་བྱུས་དང་། ངས་བརྩམས་པའི་ཤེས་ཡོན་སྲིད་བྱུས་རེད་ཟེར་བ་དེ་འདྲ་འབྲི་མཁན་དང་གསུང་མཁན་ཡོང་གི་འདུག ང་ཚོ་བཀའ་ཤག་གི་སྐབས་ལ་མགོ་འཛུགས་བྱས་པ་དངོས་ཡོད་གནས་ཚུལ་རེད་མ་གཏོགས། ཤེས་ཡོན་སྲིད་བྱུས་འདི་ངས་མི་གཅིག་གིས་བཟོས་བཞག་པ་ཞིག་མིན་པ་དེ་ངེས་པར་དུ་མཁྱེན་དགོས་པ་ཞིག་རེད། དཔེར་ན། རྒྱ་གར་ནང་ལ་ཌོག་ཌར་བྷི་ཨར་ཨེམ་བྷེ་ཌ་ཁཱར་ ( Dr.B. R. Ambedkar) མཆོག་ལ་རྒྱ་གར་རྩ་ཁྲིམས་ཀྱི་རྩོམ་པ་པོ་རེད་ཟེར་ནས་ལབ་མཁན་དེ་འདྲ་བྱུང་བ་རེད། དེ་འདྲ་ལབ་མཁན་ཡོང་སྐབས་ཨེམ་བྷེ་ཌ་ཁཱར་མཆོག་གིས་གྲོས་ཚོགས་ནང་ང་རང་ངོ་ཚ་སྟེ་རྔུལ་ཆུ་ཐོན་གྱི་འདུག་ཅེས་གསུངས་མྱོང་བ་རེད། གང་ཡིན་ཟེར་ན། ཨེམ་བྷེ་ཌ་ཁཱར་རྒྱ་གར་རྩ་ཁྲིམས་ཀྱི་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་པ་རེད། ངས་ནི་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ནང་ཡིན་ཡང་ཐེ་གཏོགས་གང་ཡང་བྱས་མེད། ཤེས་ཡོན་སྲིད་བྱུས་འདིའི་ཐོག་མའི་བསམ་བློའི་ས་བོན་ག་ནས་བརྙེད་པ་རེད་ཟེར་ན། འདས་པའི་ལོ་བཞི་བཅུ་ཞེ་གྲངས་རིང་ལ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཡང་ནས་ཡང་དུ་བོད་མིའི་མ་འོངས་ཤེས་ཡོན་ཐོག་ལ་བཀའ་སློབ་རིམ་པ་གནང་བ་དེ་ཚོའི་ནང་ནས་ཕྱོགས་བསྡུས་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ནས་འབྱུང་བའི་རིགས། དེ་བཞིན་རྒྱ་གར་ནང་གི་སྔོན་བྱུང་མཁས་པ་མང་པོའི་གསུངས་དེ་ཚོར་གཞི་ལ་བཞག་སྟེ། ༢༠༠༢ ལོའི་ཕྱི་ཟླ་ ༡ པའི་ནང་ལ་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་རྒྱུན་རིང་ཉམས་མྱོང་ཡོད་པའི་དགེ་རྒན་དང་། སློབ་སྤྱི་ ༢༠༠ ཡས་མས་སྐོར་ཞིག་འདུ་འཛོམས་བྱས་པ་དེས། ཉིན་མ་གསུམ་གྱི་བགྲོ་གླེང་གི་གྲུབ་དོན་ནང་ནས་བསམ་བློའི་ས་བོན་འདྲ་པོ་དེ་བརྙེད་ཡོད་པ་རེད། དེའི་ཐོག་ནས་བརྙེད་པའི་བསམ་བློའི་ས་བོན་དེར་དངོས་སུ་ཡིག་ཐོག་ལ་ཕབ་མཁན་དེ། སྐབས་དེའི་དུས་ཀྱི་ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས་ཀྱི་གཙོ་སྐྱོང་འོག་བོད་ཁྱིམ་གྱི་དགེ་ཟུར་ཌོག་ཌར་བུ་མོ་ཚེ་རིང་དང་། བོད་ཁྱིམ་གྱི་ཤེས་རིག་འགན་འཛིན་ངག་དབང་རྡོ་རྗེ། རིགས་ལམ་སློབ་གྲྭའི་དགེ་རྒན་བློ་བཟང་རིན་ཆེན། ཤེས་རིག་གི་ལས་བྱེད་ཆུང་ཚེ་རིང་ཁོ་ཚོ་ལས་གྲུབ་པའི་ཟིན་བྲིས་ཚོགས་ཚུང་བཙུགས་ཏེ། ཟིན་བྲིས་དང་པོ་དང་གཉིས་པ་གཉིས་ཀ་ཟིན་བྲིས་ཚོགས་ཆུང་དེ་རང་གིས་བརྒྱབ་པ་རེད། དེའི་རྗེས་ལྡི་ལིར་རྒྱ་གར་མཁས་པ་ཁག་གི་ཚོགས་འདུ་དང་། ལྡེ་རུ་རྡུན་གྱི་སྲོང་བཙན་དཔེ་མཛོད་ཁང་དུ་བོད་ཀྱི་མཁས་པ་ཁག་གི་ཚོགས་འདུ། དེ་རྗེས་རྡ་རམ་ས་ལར་ནུབ་ཕྱོགས་མཁས་པ་ཁག་གི་ཚོགས་འདུ། ༧གོང་ས་མཆོག་སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཀྱི་ཐོག་ནས་ཚོགས་འདུ་རིམ་པ་ནང་ལ་ཞིབ་བསྡུར་བྱས། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་རྫོགས་ཀྱི་འབྲེལ་ཡོད་ཚང་མར་ཟིན་བྲིས་དང་པོ་དང་གཉིས་པ་འགྲེམས་སྤེལ་ཞུས་ནས། དེའི་ནང་ལ་དགོངས་འཆར་ཡོང་བ་ཆ་ཚང་ཕྱོགས་བསྡུས་བྱས་པ་དེ། མཐའ་མ་ཟིན་བྲིས་ཚོགས་ཆུང་དང་བཀའ་ཤག་གིས་གཏན་ལ་ཕབ་པ་དེ། ཕྱི་ལོ་ ༢༠༠༤ལོའི་ཕྱི་ཟླ་ ༩ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཕུལ། སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། དེ་བཞིན་ཚོགས་ཆུང་ཟུར་བགོས་ཀྱིས་བགྲོ་གླེང་། དེའི་རྗེས་དོན་ཚན་རེ་རེ་བཞིན་སྤྱི་མོས་མང་མོས་ཀྱིས་གཏན་ལ་ཕབ་ནས་དོན་ཚན་མང་ཆེ་བ་ཞིག་ཆེས་མཐོའི་མང་མོས་ཐོག་ནས་ཕྱིན་པ་དང་། མཐའ་མའི་ཕྱོགས་བསྡོམས་ཀྱི་ཡིག་ཆ་དེ་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པ་རེད། དེ་འདྲ་ཡིན་དུས་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་དང་གནས་ཚད་མཉམ་པའི་ཡིག་ཆ་ཞིག་ཡིན་པར་ངོས་ལེན་གནང་དགོས་པ་ཞིག་ཡིན་སྟབས། མ་འོངས་པར་འདི་ལ་བསྐྱར་ཞིབ་དང་འགྱུར་བ་གཏོང་དགོས་པའི་རིགས་དེ་ཚོ་གང་ཟག་བྱེ་བྲག་པ་དང་། ལས་ཁུངས་བྱེ་བྲག་པ་གཅིག་གི་དབང་ཚད་ལ་མེད་པ་བྱས་ཏེ། སྤྱི་འཐུས་ལྷན་ཚོགས་རང་གིས་བསྐྱར་ཞིབ་དང་བསྐྱར་བཅོས་གནང་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཚང་མས་ཤེས་ཡོན་སྲིད་བྱུས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པ་དང་། སྤྱི་འཐུས་ལྷན་ཚོགས་ངོས་ནས་ཀྱང་འདི་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཡིག་ཆ་ཞིག་ཡིན་དགོངས་ཏེ། བདག་པོའི་འདུ་ཤེས་བཟུང་ནས་འདི་ལ་སྲུང་སྐྱོབ་དང་རྒྱུན་གནས་ཡོང་རྒྱུ་གཙོས། བསྐྱར་བཅོས་དགོས་པའི་རིགས་དེ་ཚོ་དུས་ལ་གཟིགས་ཐུབ་པ་གནང་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

མཛད་སྒོའི་ཐོག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུས་སོང་བ་དང་། ལས་བསྡོམས་ནང་དཔེ་སྟོན་སློབ་གྲྭའི་དགེ་སློབ་ཀྱི་གྲངས་འབོར་དང་མཐུན་རྐྱེན་སྐོར་བཀོད་པའི་ནང་། ཐོག་མར་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཐད་ཐེ་ཚོམ་དང་ལབ་གླེང། ལོག་རྟོག་སྣ་ཚོགས་ཁྱབ་གདལ་སོང་བས་དྷ་ས་ཉེ་འཁོར་ནས་སློབ་ཕྲུག་འདུ་སྐོང་མ་ཐུབ་པས་ཤེས་རིག་ལས་ཁུངས་ནས་གཞིས་ཆགས་ཁག་ཏུ་ཕེབས་ནས་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་ནང་དོན་ཁག་གསལ་བསྒྲགས་ཏེ་ཐོག་མའི་ཆར་སློབ་ཕྲུག་ ༦༤ ཙམ་སློབ་འཇུག་བྱས།

དེ་ནས་ལོ་ཤས་སློབ་ཁྲིད་རྒྱུན་སྲིང་བྱས་པའི་རྗེས་འབྲས་སུ་གྲུབ་འབྲས་མི་དམན་ཙམ་ཞིག་འབུར་ཐོན་བྱུང་བའི་འབྲས་བུར་སློབ་འཇུག་གྲངས་འབོར་ཀྱང་ཇེ་མང་དུ་སོང་བས། སློབ་དུས་ ༢༠༠༩ ལོར་འཛིན་རིམ་དྲུག་པ་གསར་འགོ་ཚུགས་པ་དང་། དེ་ནས་སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་པའི་སློབ་གྲྭའི་འཛིན་ཁང་གི་རྒྱ་ཁྱོན་དང་ཁོར་ཡུག་སོགས་འདང་ངེས་ཤིག་མེད་སྟབས། ཕྱི་ལོ་ ༢༠༡༡ སློབ་དུས་ནས་བཟུང་གངས་སྐྱིད་སཾ་བྷོ་ཊ་ཉིན་སློབ་དེ་བཞིན་དཔེ་སྟོན་སློབ་གྲྭའི་ངོ་བོར་བསྒྱུར་ཏེ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་སྐྱོང་གི་ཁྱབ་ཁོངས་སུ་ཟླ་བསྒྲིལ་བཏང་ནས། སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་ལྔ་པ་བར་གངས་སྐྱིད་དཔེ་སྟོན་ཉིན་སློབ་དང་འཛིན་རིམ་དྲུག་པ་ཡན་རྣམས་དྷ་ཤོད་དཔེ་སྟོན་སློབ་གྲྭ་ཞེས་གཉིས་སུ་དབྱེ་ནས་ཚུགས་བཞིན་ཡོད། ད་ལྟའི་ཆར། སྔོན་འགྲོ་ནས་འཛིན་རིམ་བཅུ་པ་ཁྱོན་བསྡོམས་སློབ་ཕྲུག་ ༣༧༠ ཙམ་དང་། དགེ་རྒན་ ༣༨ དང་ལས་བྱེད་ ༡༥ བཅས་དགེ་ལས་ཁྱོན་བསྡོམས་ ༥༣ ཡོད། ཞེས་བཀོད་འདུག

ཡང་ཤེས་ཡོན་གྱི་གྲུབ་འབྲས་སྐོར་ལ། སྤྱིར་ཤེས་ཡོན་དང་འབྲེལ་བའི་གྲུབ་འབྲས་ནི། ཕྱི་ནང་གི་ཆ་རྐྱེན་མང་པོ་ཞིག་ལ་རག་ལས་པས་དུས་ཐུང་ནང་འབྲས་བུ་སྨིན་དཀའ་ཞིང་ཚོད་དཔག་བྱེད་རྒྱུ་ནི་དེ་བས་དཀའ། འདི་སློབ་ཏུ་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་བརྒྱུད་རིམ་ནང་འགྲན་སྡུར་དང་མཚུངས་བསྡུར། ཡིག་རྒྱུགས་གྲུབ་འབྲས་ཁོ་ནར་དཔྱད་གཞིར་བཟུང་སྟེ་སྔོན་དཔག་ཐག་གཅོད་བྱ་རྒྱུ་སྤོང་ཀྱང་། ད་ལྟའི་སྤྱི་ཚོགས་ནི་འགྲན་རྩོད་དྲག་པོའི་ཁོར་ཡུག་ནང་འཐིམས་ཤིང། ལྷག་པར་དུ་དེང་དུས་སློབ་གྲྭ་ཁག་ཚོང་རར་སྒྱུར་ནས་ཤེས་ཡོན་གྱི་གནས་ཚད་དེའང་ཡིག་རྒྱུགས་གྲུབ་འབྲས་ཁོ་ནར་གཞི་བཅོལ་དེ་འགྲན་སྡུར་དང་མཚུངས་སྡུར་གནང་བཞིན་ཡོད། ང་ཚོས་ཀྱང་མཐའ་གཅིག་ཏུ་དེའི་རྗེས་འབྲངས་སུ་མ་འགྱུར་ནས་འཛམ་གླིང་འདི་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་ཐུབ་མཁན་གྱི་མ་འོངས་སོན་རྩ་གང་མང་སྐྱེད་སྲིང་ཆེད་ཕྱི་ནང་ཟུང་འབྲེལ་གྱི་ཤེས་ཡོན་སྤྲོད་བཞིན་པས་ད་ལྟའི་ཆར་སྤྱི་ཚོགས་ནང་གྲུབ་འབྲས་མི་དམན་པ་ཞིག་འབུར་ཐོན་བྱུང་ཡོད། ཕྱི་ལོ་ ༢༠༡༤ ལོར་འཛིན་རིམ་བཅུ་པའི་སློབ་ཐོན་དང་པོའི་སྐབས་སློབ་ཕྲུག་ ༢༣ ཕྱི་ལོ་ ༢༠༡༥ ལོར་སློབ་ཐོན་གཉིས་པའི་སྐབས་སློབ་ཕྲུག་ ༡༦ ཐོན་ཡོད། འདི་ནས་ཐོན་པའི་སློབ་ཕྲུག་རྣམས། གཏན་སློབ་ཁག་ཏུ་ཕེབས་ནས་འཛིན་རིམ་བཅུ་གཅིག་གི་ཡིག་རྒྱུགས་གྲུབ་འབྲས་སྐབས་ཨང་དང་པོ་གཉིས་པ་ཐོབ་པའི་སློབ་ཕྲུག་འགའ་ཤས་བྱུང་འདུག ཅེས་དང་།

གྲུབ་འབྲས་གཞན་ཁག

༡)         ཤེས་རིག་ལས་ཁུངས་ཀྱིས་ལོ་ལྟར་གོ་སྒྲིག་གནང་བཞིན་པའི་ཕུལ་བྱུང་རྩོམ་ཡིག་འགྲན་བསྡུར་དང་ཕུལ་བྱུང་ཡིག་གཟུགས་འགྲན་བསྡུར་བཅས་ནང་མཉམ་ཞུགས་བྱས་པ་མ་ཟད། ལོ་ལྟར་སློབ་ཕྲུག་རེ་འགའ་ལ་ཕུལ་བྱུང་དང་ལེགས་གསོལ་བྱ་དགའ་ཐོབ་དང་ཐོབ་མུས་ཡིན།

༢)        ༢༠༡༣ ལོར་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གཏན་འབེབས་བརྡ་ཆད་སྦྱང་རྩལ་ཕུལ་བྱུང་བྱ་དགའ་ཨང་དང་པོ་དང་གཉིས་པ་ནི་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་གཉིས་ལ་ཐོབ།

༣)        ༢༠༡༤ དང་ ༢༠༡༥ ལོར་ཕྱི་ཟླ་དང་པོའི་ནང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་འཛིན་རིམ་བཅུ་པའི་སློབ་ཕྲུག་ ༣༠༠ ལྷག་ཙམ་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གནང་སྐབས་བོད་ཡིག་དང་ཨིན་ཇིའི་གནས་ཚད་ལ་ཞིབ་འཇུག་གནང་ཡོད། སྐབས་དེར་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ལ་བོད་ཡིག་དང་ཨིན་ཇིིའི་གནས་ཚད་སློབ་གྲྭ་རྩེ་ཕུད་གྲལ་ཚུད་ཡོད།

༤)        ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ནས་ ༦ བར་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཐེངས་གཉིས་པའི་ཐ་སྙད་གསར་པའི་དྲི་རྩད་འགྲན་བསྡུར་གོ་སྒྲིག་གནང་ཡོད། དེར་དྷ་ས་ཉེ་འཁོར་གྱི་མཐོ་སློབ་དང་། གྲྭ་ཚང། བཙུན་དགོན། སློབ་ཁག་ཤེས་ཡོན་གྱི་བསྟི་གནས་ཁང་ ༡༦ ནས་ཁྱོན་མི་གྲངས་ ༨༠ འགྲན་སྡུར་ཆེན་མོའི་ནང་ཞུགས་ཡོད། དེར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་བརྒྱ་ཆ་ ༡༠༠ ནས་ཁྱོན་བསྡོམས་བརྒྱ་ཆ་༨༢ ཐོབ་སྟེ་ཨང་དང་པོའི་བྱ་དགའ་གསོལ་རས་གནང་ཡོད། ཅེས་བཀོད་འདུག

DSC_8008མཇུག་སྡོམ་ནང་།

༡)         ད་བར་ཤེས་ཡོན་སྲིད་བྱུས་ལས་ཤེས་ཡོན་སློབ་སྦྱོང་སྤྲོད་དགོས་པའི་དམིགས་ཡུལ་བཞི། རང་དབང་དང། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་བཞི་དང་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད་པས། འབྱུང་འགྱུར་ཤེས་ཡོན་སྲིད་བྱུས་འོག་ནས་སློབ་ཐོན་བྱུང་བའི་སློབ་ཕྲུག་རྣམས་སྤྱི་ཚོགས་ཁྲོད་རང་རང་སོ་སོའི་ལས་གནས་ལ་བཞུགས་ནས་བོད་མི་རིགས་ཙམ་མིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་འཛམ་གླིང་མི་རིགས་ཡོངས་ལ་ཕན་ཐོགས་པའི་ཤེས་ཡོན་ཅན་གྱི་མི་སྣར་འགྱུར་ཐུབ་རྒྱུའི་ཕུགས་རེ་ཟབ་མོ་བཅངས་ཡོད།

༢) འདས་པའི་ལོ་ཤས་ནང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་སློབ་འཇུག་གི་གྲངས་འབོར་ཇེ་མང་དུ་སོང་ཏེ་སློབ་གྲྭའི་ས་ཆའི་གནས་བབ་ལ་གཞིགས་ཏེ་ལོ་ལྟར་སློབ་ཕྲུག་མང་པོར་སློབ་འཇུག་བྱེད་མུས་ཡིན། འོན་ཀྱང་ད་ལྟའི་སློབ་འཇུག་གི་བརྒྱུད་རིམ་དེ་མུ་མཐུད་གནས་ཤིང་དཔེ་སྟོན་སློབ་གྲྭ་སྟེང་ཤོད་གཉིས་ཀར་སློབ་ཕྲུག་མ་གཤོངས་བ་དང། སློབ་ཕྲུག་གི་འཚར་ལོངས་ལ་ད་ལྟའི་སློབ་གྲྭའི་ཁོར་ཡུག་གིས་འགོག་རྐྱེན་འཕྲད་ངེས་ཡིན་པས། དཀའ་ངལ་དེ་དག་མྱུར་སེལ་ཐུབ་པར་འཛིན་སྐྱོང་ལ་འབོད་སྐུལ་ཞུ་རྒྱུ་དང། ལྷག་པར་ད་ལྟའི་བཀའ་ཤག་གི་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་སུ་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན་པས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་སློབ་ཕ་མ་ཡོངས་ནས་སློབ་གྲྭར་ཕྱི་ནང་གཉིས་ཀའི་མཐུན་རྐྱེན་གང་ལེགས་སྦྱོར་ཐུབ་པའི་རེ་འདུན་ཞུ།

ད་ལན་མགོན་པོ་གང་ཉིད་སྨན་པ་རྣམས་ཀྱིས་སྐུ་ངལ་གསོ་དགོས་པའི་ལམ་སྟོན་ཕེབས་ཏེ་ཨ་རི་ལ་སོགས་ཕྱི་ཟླ་བཅུ་པའི་མཛད་འཕྲིན་གལ་ཆེ་ཁག་ཡོངས་རྫོགས་ཕྱིར་བསྡུ་གནང་འདུག་ནའང། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ཆིབས་བསྒྱུར་བཀྲིན་བསྐྱངས་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་དེར་སླར་ཡང་འདི་གའི་དགེ་སློབ་དང་ཕ་མ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བླ་ན་མ་མཆིས་ཞུ། མགོན་པོ་གང་ཉིད་སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེས་དགོངས་མཐའ་དག་ལྷུན་གྱིས་གྲུབ་པ་དང། བོད་ལ་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་གྲངས་མེད་ཞུ། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 1

  1. འཇམ་གཅེས། says:
    ལོ་ 11 སྔོན།

    དུས་བབ་ཚང་གི་གསར་འགྱུར་ཁ་གསལ་བཀོད་པར་བཀའ་དྲིན་ཆེ། ཆ་ཚང་བཀླགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese