ཁ་བ་བོད་པ།
ལོ་བཅོ་ལྔའི་ཡར་སྔོན་དུ། ༧སྤྱི་ནོར ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་གལ་འགངས་ཆེ་ཞིང་ཕུགས་རྒྱང་རིང་པོའི་ཆབ་སྲིད་ཀྱི་ཐག་གཅོད་ཅིག་གི་ཐད་དགོངས་པ་ཡངས་པོར་བཞེས་ནས། དགའ་ལྡན་ཕོ་བྲང་གིས་ལོ་ངོ ༣༦༠ ལྷག་ལ་བསྐྱངས་པའི་སྲིད་དབང་དེ་མི་དམངས་ཀྱིས་བདམས་པའི་བཀའ་བློན་ཁྲི་བར་རྩིས་སྤྲད་པ་རེད། དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ། གཟིགས་རྒྱ་ཆེ་ཞིང་ཕུགས་རྒྱང་རིང་བོའི་ཐག་གཅོད་ཅིག་ཡིན། དེ་ཡིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དམངས་གཙོ་ལ་གསོན་ཤུགས་སྦྱིན་པའི་མ་ཚད། བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཚད་མེད་པའི་ཚེ་སྲོག་གནང་ཡོད། དེ་དང་མཉམ་དུ། རྒྱ་ནག་གཞུང་གིས“ཏཱ་ལའི་མེད་ན་བོད་དོན་ཟེར་བ་དེ་ཡང་ཤིང་སྡོང་འགྱེལ་ན་སྤྲེའུ་ཐོར་ཞེས་པའི་དཔེ་རུ་འགྲོ་ངེས་ཡིན་པ”སྨྲ་བའི་ཁུངས་མེད་བབ་ཅོལ་གྱི་སྒྲུབ་བྱེད་དང་། དེ་བཞིན་བོད་དོན་དང“ཏཱ་ལའི་གནད་དོན”ཟེར་བ་གཉིས་གཞི་གཅིག་གམ་ངོ་བོ་དབྱེར་མེད་དུ་སྨྲ་བའི་ནོར་འཁྲུལ་ཅན་གྱི་ལྟ་གྲུབ་དེ་གནས་སའི་ཡུལ་དང་རྟེན་སའི་གཞི་མེད་པར་གྱུར་ཡོད།
༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པར་ལོ་བཞི་མ་གཏོགས་ཕྱིན་མེད་མོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཆབ་སྲིད་ཚོགས་པ་དང་ཆབ་སྲིད་ལྟ་གྲུབ་མ་འདྲ་བ་དངོས་སུ་སྤྱི་ཚོགས་ཀྱི་སྡིངས་ཆའི་སྟེང་ཐོན་དང་འཐོན་བཞིན་ཡོད། འདས་པའི་ལོ་ངོ ༥༦རིང་གི་བཙན་བྱོལ་ལོ་རྒྱུས་ཁྲོད། བཙན་བྱོལ་བོད་གཞུང་དང་སྐྱིད་སྡུག་ཚོགས་པ་ཁག་གི་བར། སྲིད་བྱུས་དང་ལྟ་གྲུབ་ཀྱི་ཁྱད་པར་ལས་སྲིད་ཚོགས་མེད། བཙན་བྱོལ་བོད་གཞུང་གི་སྲིད་ལུགས་དེ་ནུབ་ཕྱོགས་དམངས་གཙོའི་རྣམ་པའི་ལམ་ལུགས་ཤིག་ཡིན་ན། ཆབ་སྲིད་ཚོགས་པ་མ་འདྲ་བ་བྱུང་ཡང་དེ་ནི་འོས་ཤིང་འཚམ་པའི་བསམ་ཡུལ་ལས་མ་འདས་པ་ཞིག་ཡིན་དང་ཡིན། མདོར་བསྡུས་ན། དེ་ནི་ཡག་རྟགས་ཤིག་རེད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཐད་ཀར་འོས་བསྡུའི་ཆ་ནས་དབྱེ་ཞིབ་བྱས་ཚེ། ཕལ་ཆེར་དུམ་མཚམས་གསུམ་ལ་དབྱེ་ཆོག དུམ་མཚམས་རེར་སྣང་ཚུལ་གསར་བ་རེ་རེ་བྱུང་ཡོད་པས། མགྱོགས་ཤིང་མྱུར་བའི་འགྱུར་ལྡོག་གིས་མི་རྣམ་ལ་གཅིག་མཐོང་གཅིག་དྲན་གྱི་བསམ་བློ་མང་བོ་བསྐྲུན་བཞིན་འདུག
དང་པོ། དད་པས་དབང་དུ་སོང་བའི་དུས།
ཕྱི་ལོ ༢༠༠༡ ལོར། བཙན་བྱོལ་བོད་གཞུང་གིས་རྒྱ་གར་དང་། བལ་ཡུལ འབྲུག་གསུམ་གཙོ་བོ་ཡིན་པའི་འཛམ་གླིང་གང་སའི་བོད་མིའི་སྤྱི་ཚོགས་ཁྲོད་བཀའ་བློན་ཁྲི་བ་ཐད་ཀར་འོས་འདེམས་ཀྱི་བྱེད་སྒོ་ཐོག་མ་དེ་སྤེལ། དེའི་སྔོན་གྱི་ལོ་ངོ ༤༣ རིང་བཀའ་ཤག་སྐབས ༡༣ བྱུང་ཡོད་པ་དང་། བཀའ་ཤག་གཞུང་གི་གོ་གནས་མཐོ་ཤོས་བཀའ་བློན་ཁྲི་པ་དེ ༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་འདོན་གནང་རྗེས། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སུ་བརྡས་ཐག་བཅད་ནས་བྱུང་ཡོད་པ་རེད།
བཙན་བྱོལ་སྤྱི་ཚོགས་སུ་འདས་པའི་ལོ་མང་རིང་ལྟ་གྲུབ་ཀྱི་ཁྱད་པར་ཙམ་ལས་ཆབ་སྲིད་ཚོགས་པའི་དབྱེ་བ་འབྱེད་ཐུབ་མེད། བཙན་བྱོལ་བོད་གཞུང་གིས་གཙོས ༧གོང་ས་མཆོག་གིས་བཏོན་གནང་པའི་དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་མང་ཤོས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་བོད་རྒྱལ་ཁབ་སླར་གསོའི་ལྟ་གྲུབ་འཛིན་མཁན་ཉུང་ཤོས། ལྟ་གྲུབ་དེ་གཉིས་མཉམ་གཅིག་ཏུ་གནས་ནས་ལོ ༤༠ ལྷག་ཕྱིན་ཡོད། ཉུང་མཐའ་ཡང ༡༩༧༨ ལོའི་ཡར་སྔོན་དུ་བཙན་བྱོལ་བོད་གཞུང་གིས་ཀྱང་བོད་རྒྱལ་ཁབ་སླར་གསོའི་ལྟ་གྲུབ་བཟུང་འདུག ཏེང་ཞོ་ཕེང་གིས “རང་བཙན་མིན་པའི་དོན་དག་ཚང་མ་གྲོས་བསྡུར་བྱེད་ཆོག”ཅེས་པའི་སྐད་ཆ་དེ་ཐོན་མ་ཐག བཙན་བྱོལ་བོད་གཞུང་གིས་བོད་རྒྱལ་ཁབ་སླར་གསོའི་ཆོད་སེམས་དང་། དམིགས་ཡུལ། ཐོབ་ཐང་། རེ་བ་སོགས་ཡོད་ཚད་བློས་བཏང་ནས། ཕྱིར་ལྟ་ཞིག་ཀྱང་མེད་པར་ཏེང་ཞོ་ཕེང་གི་གཡོ་སྒྱུའི་རྙི་རྒྱའི་ནང་འཛུལ་བ་རེད། སྦྲུལ་ཆེན་ལྟ་བུའི་རྒྱའི་རྣམ་པའི་གཡོ་ཐབས་དེ། ག་ཚོད་ཐག་ཇེ་ཉེར་བཏང་ན་དེ་ཚོད་ཀྱིས་ཇེ་དམ་དུ་གཏོང་ངེས་ཡིན་པས། དུས་དེ་རིང་། ཐར་འདོད་ཀྱང་ཐར་ཐབས་མེད་པར་གྱུར་ཡོད།
གང་ཟག་ཅིག་གིས་བལྟོས་མེད་ཀྱི་གོ་ས་དང་དབང་ཆ་བཟུང་ཡོད་ན། གནས་ཡུལ་སྤྱི་ཚོགས་དེ་ལ་དགེ་མཚན་ཡོད་ལ་སྐྱོན་ཆའང་ཡོད། གངས་ལྗོངས་ཧྲིལ་བོའི་བོད་མིའི་སེམས་ཁུངས་རུས་པའི་གཏིང་གི ༧གོང་ས ༧སྐྱབས་མགོ་ཆེན་པོ་མཆོག་ལ་མངའ་བའི་དམིགས་བསལ་གྱི་གོ་ས་དང་སྙན་གྲགས་དེར་དོ་ཟླ་མེད། ༧གོང་ས་མཆོག་གིས་བསྩལ་བའི་ལམ་སྟོན་དང་། བཀའ་དགོངས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་མི་སྐྱེས་བོ་གནམ་བསྟན་ཡོངས་ཀྱིས་མཐའ་གཅིག་ཏུ་བློ་དོགས་སྤུ་ཙམ་ཡང་མེད་པར་དང་ལེན་བརྩི་འཇོག་བྱེད་ངེས་ཡིན། སྟག་ལ་མི་སྐྲག་པའི་བེའུ་འགས་ད་གཟོད་སོ་སོའི་ཆབ་སྲིད་ལྟ་གྲུབ་དེ་མཁྲེགས་འཛིན་བྱེད་ཀྱིན་ཡོད། དེའང་ཆབ་སྲིད་ཀྱི་ལྟ་གྲུབ་ཙམ་རེད། དད་པའི་ཆ་ནས ༧གོང་ས་མཆོག་ལ་བློ་གཅིག་སེམས་གཅིག་གིས་དད་ཅིང་གུས་ཀྱིན་ཡོད།
༧གོང་ས་ཏཱ་ལའི་བླ་མར་བལྟོས་མེད་ཀྱི་དབང་གྲགས་མངའ་པའི་དགེ་མཚན་ནི། བོད་མི་ཡོངས་རྫོགས་དར་ཆ་གཅིག་གི་འོག་ཏུ་བསྡུ་ནུས། སྐྱོན་ཆ་ནི་མི་མཐུན་པའི་ཆབ་སྲིད་བསམ་བློ་ཡོད་མི་ཆོག་པ་དེ་རེད། ཡང་དག་པར་བཤད་ན་དེ་ཡང་སྤྱི་ཚོགས་དེས་བཟོས་པ་ཞིག་ཡིན་པ་ལས ༧གོང་ས་མཆོག་གི་དགོངས་པ་ཡིན་མི་སྲིད།
སྐབས་ལ་ལར། བོད་མི་ཞིག་གིས་བོད་རྒྱལ་ཁབ་སླར་གསོའི་ཆབ་སྲིད་ཀྱི་ལྟ་གྲུབ་གླེང་དུས། མི་ལ་ལའི་མིག་ལམ་དུ་དེ་ནི་ཉེས་པ་ཞིག་དང། དད་ལོག་ཅིག་ཏུ་གྱུར་ཡོད། དེ་ནི་འཇིགས་སུ་རུང་བའི་སྤྱི་ཚོགས་སྣང་ཚུལ་ཞིག་རེད་ལ། ཆོས་ལུགས་དད་མོས་དང་ཆབ་སྲིད་ལྟ་གྲུབ་མཉམ་བསྲེས་བྱས་པའི་བོད་ལུགས་ཀྱི་འཇིག་རྟེན་ལྟ་གྲུབ་ཅིག་ཀྱང་ལོས་ཡིན།
སྐབས ༡༤པའི་བཀའ་ཤག་དང་སྐབས་དང་པོའི་བཀའ་བློན་ཁྲི་པའི་བདམ་རྩོད་ཀྱི་མཐའ་མར་མཁས་བཙུན་བཟང་གསུམ་འཛོམས་པའི་འོས་མི་གཉིས་ཐོན་པ་དང་། ཁོང་རྣམ་པ་གཉིས་ནི་སྐབས་དེའི་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་རེད།
ཟམ་གདོང་རིན་པོ་ཆེ་དང་འཇུ་ཆེན་ཐུབ་བསྟན་གཉིས་ལྟ་གྲུབ་དང་། ལངས་ཕྱོགས། ཉམས་མྱོང་། མྱངས་བརྒྱུད་སོགས་གང་གི་ཐད་ནས་བལྟས་ཀྱང་ཕལ་ཆེར་གཅིག་མཚུངས་རེད། མ་འདྲ་ས་ཉག་གཅིག་ནི་ཟམ་གདོང་རིན་པོ་ཆེ་སེར་མོ་བ་ཞིག་ཡིན་པ་དང་འཇུ་ཆེན་ཐུབ་བསྟན་མི་སྐྱ་ཞིག་རེད། ཆབ་སྲིད་ཚོགས་པའི་ཁྱད་པར་མེད་ལ། ལྟ་གྲུབ་ཐད་ཀྱང་ཁྱད་པར་མེད་ན། གདམ་དམངས་ཀྱིས་ཚད་གཞི་གང་ཞིག་གཞིར་བཞག་ནས་གདམ་དགོས་སམ་ཞེ་ན། དེ་ལ་གདམ་ཀ་གཅིག་ཁོ་ན་མ་གཏོགས་མེད། གང་ཟག་ལ་བལྟས་ནས“གང་ཟག་གདམ་རྒྱུ”།
བོད་ནི་ནང་པ་སངས་རྒྱས་ཆོས་ལུགས་ལ་དད་པའི་སྟོན་པའི་འབངས་མི་ཡིན། ནུབ་གླིང་བས་བྱ་བ་ཡོད་དོ་ཅོག་ཁྲིམས་ལུགས་ལྟར་ལེགས་ཉེས་བཀར་བ་ནང་བཞིན། བོད་ནི་ཡོད་ཚད་ནང་ཆོས་ལ་གཏུག་ནས་ལས་རྒྱུ་འབྲས་ལྟར་ལེགས་ཉེས་དཀར་ནག་དབྱེ་འབྱེད་བྱེད་པའི་མི་རིགས་རིགས་ཚོགས་ཀྱིས་གྲུབ་པའི་ཡུལ་གྲུ་ཞིག་རེད། འོས་མི་གཉིས་ཀྱི་ཁྲོད་ནས་ཟམ་གདོང་རིན་པོ་ཆེ་ནི་སེར་མོ་བ་ཞིག་དང་སྒོས་སུ་རིན་པོ་ཆེ་ཞིག་ཡིན་ཙང་། སོ་སོའི་འོས་ཤོག་དེ་དད་པར་ལྡུག་རྒྱུ་ལས་གདམ་ཀ་གཞན་མེད། དེ་བས་ན། ཟམ་གདོང་རིན་པོ་ཆེར་འོས་ཤོག ༩༠% ཉེ་བར་ཐོབ་ནས་བོད་ཀྱི་ལོ་རྒྱུས་སྟེང་མི་དམངས་ཀྱིས་ཐད་ཀར་བདམས་པའི་བཀའ་བློན་ཁྲི་པ་ཐོག་མ་རུ་གྱུར་བ་རེད།
གཉིས། “གང་ཟག་གདམ་པ”ནས་མི་སྐྱར་འགྱུར་བའི་བར་བརྒལ་གྱི་དུས།
ཕྱི་ལོ ༢༠༡༡ལོར། བཙན་བྱོལ་བོད་གཞུང་གིས་སྐབས ༡༥ པའི་བཀའ་ཤག་དང་སྲིད་སྐྱོང་སྐབས་དང་པོའི་འོས་བསྡུ་ཆེན་མོ་སྤེལ་བ་རེད། ཐེངས་དེར། བཀའ་བློན་ཁྲི་པ་ཞེས་པའི་གོ་ཐོབ་ཀྱི་མཚན་བྱང་དེར་རྫུ་འཕྲུལ་ཞུགས་པ་ནང་བཞིན“སྲིད་སྐྱོང”དུ་འགྱུར།
སྐབས་དང་པོའི་བཀའ་བློན་ཁྲི་པ་ཐད་ཀར་འོས་འདེམས་ཀྱི་རྗེས་སུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱེད་བགྲེས་ཡོལ་གྱི་རྣམ་པས་རིམ་གྱིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་རྒྱུར་གྲ་སྒྲིག་གནང་བ་རེད། གོ་སྐབས་དེ་བཟུང་ནས ༧གོང་ས་མཆོག་གིས་ཡོངས་སུ་བགྲེས་ཡོལ་ཞུ་རྒྱུར་གོ་སྒྲིག་དང་གྲ་སྒྲིག་ནན་མོ་གནང་ཡོད། རིམ་པ་དང་པོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མི་དམངས་འཐུས་མི་ཚོགས་ཆེན་བསྐོངས་ནས་བོད་གཞུང་ཞེས་པའི་རྩོད་མེད་རང་བྱུང་གི་མཚན་བྱང་དེ་ངོ་བོ་འགྱུར་ཞིང་ཁྱབ་ཇེ་ཆུང་དུ་སོང་བའི“དབུས་བོད་མིའི་སྒྲིག་འཛུགས”ཞེས་པར་བསྒྱུར། རིམ་པ་གཉིས་པར། བཀའ་བློན་ཁྲི་པ་ཞེས་པའི་བོད་རང་གི་ཁྱད་ཆོས་ཅན་གྱི་གོ་ཐོབ་ཀྱི་མཚན་བྱང་དེ “སྲིད་སྐྱོང”ཞེས་པར་བསྒྱུར། དེ་འདྲའི་བསྒྱུར་བཅོས་བྱེད་དགོས་པའི་རྒྱུ་མཚན་གཅིག་ནི། རྒྱ་གར་གཞུང་གི་དཀའ་ངལ་ལ་གཞིགས་ནས། “དབུས་བོད་མིའི་སྒྲིག་འཛུགས”སུ་བསྒྱུར་ན་ད་ལྟའི་དངོས་ཡོད་གནས་སྟངས་དང་མ་འོངས་པར་བྱུང་སྲིད་པའི་གནད་དོན་དང་མཐུན་པ་དང་། བཀའ་བློན་ལ “བཀའ་ཡི་བློན་པོ”ཡི་ནང་དོན་ཡོད་པས། མི་དམངས་ཀྱིས་བདམས་པའི་བཀའ་ཁྲི་ནི་སུ་གང་གིས་བཏོན་པ་མིན་སྟབས། ཆབ་སྲིད་དབུ་ཁྲིད་ཀྱི་ནང་དོན་ལྡན་པའི “སྲིད་སྐྱོང”ལ་བསྒྱུར་ན་དངོས་ཡོད་དོན་དང་མཐུན་པ་རེད་ཟེར། གང་ལྟར། སྐབས་དེའི་དགོས་དབང་ལ་བསྟུན་ནས་བསྒྱུར་ཆོག་དང་མི་ཆོག་གཉིས་ཀ་བསྒྱུར་ཟིན་ཡང་། བསྒྱུར་ཟིན་པ་དག་སླར་གསོ་མི་ཆོག་པའི་མི་ཁྱབ།
བཙན་བྱོལ་བོད་གཞུང་གིས་སྐབས ༡༥ པའི་བཀའ་ཤག་དང་སྲིད་སྐྱོང་སྐབས་དང་པོའི་འོས་བསྡུ་སྤེལ་དུས། དང་ཐོག་ཕྱོགས་སོ་སོའི་ཚོགས་པ་སྐྱིད་སྡུག་གིས་གདམ་ཞུགས་མི་སྣ་འགའ་བཏོན་ཡང་། སྔོན་འགྲོའི་འོས་བསྡུའི་རྗེས་སུ་འོས་མི་གཉིས་ཐོན་པ་རེད། ཐེངས་འདིའི་འོས་མི་དང་བཀའ་བློན་ཁྲི་པ་ཐད་ཀར་འོས་བསྡུ་སྐབས་དང་པོ་དང་བསྡུར་ཚེ། རྩ་བ་ཆ་ནས་ཁྱད་པར་ཆེར་མེད་ཀྱང་། འོས་མི་རང་སྟེང་ནས་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད། འགྱུར་བ་གཅིག་ནི། གདམ་ཞུགས་མི་སྣ་ཚང་མ་མི་སྐྱ་ལས་གྲྭ་བཙུན་མེད། འགྱུར་བ་གཉིས་པ་ནི། གདམ་ཞུགས་མི་སྣའི་ཁྲོད་བཙན་བྱོལ་སྤྱི་ཚོགས་སུ་སྐྱེས་མཚར་བྱུང་བའི་མི་རབས་གསར་བ་ཐོན་པ་རེད།
༢༠༡༡ལོའི་འོས་བསྡུ་ཆེན་མོའི་ཁྲོད་ཀྱི་འོས་མི་གཅིག་ནི་བློ་བཟང་སེང་གེ་རེད། ཁོང་རྒྱ་གར་བྱང་ཕྱོགས་རྡོ་རྗེ་གླིང་ལཱ་མ་ཧ་ཊ་ཞེས་པའི་བོད་མིའི་གཞིས་ཆགས་སུ་ཆོལ་ཁོངས་ཁམས་ཀྱི་མི་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོང་ནི་ཨ་རིའི་སྐད་གྲགས་ཆེ་བའི་ཧཱ་ཝོར་ཊི་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་འབུམ་རམས་པ་རེད། འོས་མི་གཞན་པ་དེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རེད། ཁོང་ནི་ད་ལྟའི་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ཡིན།
སྐབས་དེའི་འོས་བསྡུ་ཆེན་མོའང“གང་ཟག་གདམ་པའི”གནས་སྟངས་ལས་བརྒལ་ཐུབ་མེད། འོས་མི་གཉིས་ཀས་གཅིག་མཚུངས་ཀྱི་དབུ་མའི་ལམ་གྱི་ལྟ་གྲུབ་དང་ལངས་ཕྱོགས་བཟུང་ཡོད། འོན་ཀྱང་། བློ་བཟང་སེང་གེ་ཐོན་པ་དེས། བཙན་བྱོལ་བོད་གཞུང་གི་སྲོལ་རྒྱུན་གྱི་འོས་འདེམས་བྱེད་སྟངས་ཀྱི་ལམ་སྲོལ་ལ་འགྱུར་བ་ཐེབས་པ་རེད། “གང་ཟག་གདམ་པ”གཅིག་འདྲ་ཡིན་ཡང་། གདམ་ཀ་ཇེ་མང་དུ་སོང་ཡོད། འོས་མི་གཉིས་ཀྱི་ཁྱད་པར་ལ། ལྟ་བའི་ཐད་ཀྱི་གསར་རྙིང་དང་། ལོ་ནའི་རྒན་གཞོན། སྐུ་དྲག་དང་འབངས་དཀྱུས་མ། ཉམས་མྱོང་ཡོད་མེད། སློབ་གཉེར་བརྒྱུད་རིམ་གྱི་མཐོ་དམའ་སོགས།
འོས་བསྡུའི་མགོ་ནས་མཇུག་བར། ༧གོང་ས་མཆོག་གིས་གསུང་མི་བརྗོད་དགུན་ཁའི་ཁུ་བྱུག་གི་བརྟུལ་ཞུགས་བཟུང་ནས། བཙན་བྱོལ་བོད་མིའི་ཡིན་མིན་དབྱེ་འབྱེད་དང་གོམས་སྟུན་གྱི་ནུས་ཤུགས་ལ་ཚོད་ལྟ་བྱེད་ཀྱིན་པ་དང་ཀུན་ནས་མཚུངས།
གདམ་རྩོད་སྐབས་བློ་བཟང་སེང་གེས་ནུབ་ཕྱོགས་ཀྱི་རྣམ་པའི་གདམ་དམངས་རྩོད་ལེན་གྱི་བྱེད་སྒོ་རྒྱ་ཆེན་པོས་སྤེལ་ནས། རྒྱ་གར་གྱི་བོད་མི་གཞིས་ཆགས་ཕལ་མོ་ཆེ་དང་། དགོན་སྡེ། སློབ་གྲྭ་སོགས་སུ་ཕེབས་ནས “རང་ཁ་རང་གསོ”དང་། “གསར་གཏོད”།“ཆིག་སྒྲིལ”བཅས་གདམ་རྩོད་ཁ་གཡང་བྱས་ཏེ། རྔམ་ཟིལ་ཆེན་པོ་བཟོ་བཞིན་འུར་བཤད་འོར་བཤད་ཀྱིས “གལ་ཏེ་ང་སྲིད་སྐྱོང་ལ་གདམ་ཚེ། ངས ༧གོང་ས་མཆོག་ཕྱིར་བོད་ལ་འདན་འདྲེན་ཞུ་རྒྱུ་ཡིན”སོགས། དངོས་ཡོད་གནས་སྟངས་དང་རྒྱང་ཐག་རིང་ཡང་བློ་སྟོབས་ཅན་གྱི་ཐབས་ལམ་ལ་བསྟེན། དོན་ངོ་མར་བཤད་ན། ༧གོང་ས་མཆོག་ཕྱིར་རང་ཡུལ་དུ་ལོག་རྒྱུ་ནི། ༧གོང་ས་མཆོག་གངས་ལྗོངས་ཡུལ་དང་ཁ་གྱེས་པའི་སྐབས་དེ་ནས་བཟུང་། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་རེ་འདུན་ཉག་གཅིག་ཡིན་པས། སྐད་ཆ་དེ་སུས་གོ་ཡང་རྣ་ལ་སྙན་པ་ཞིག་ཡིན། དེ་འདྲའི་གསལ་ལམ་ལམ་གྱི་བློ་སྟོབས་ཆེ་བའི་ལྟ་བ་དང་ལངས་ཕྱོགས་ཀྱིས་བོད་མི་ཚོར་ཤུགས་རྐྱེན་ཟབ་མོ་བཞག་ཡོད། བོད་མི་ཚོར་མཚོན་ན་དེ་ནི་གསར་བ་གསར་རྐྱང་གི་གདམ་རྩོད་བྱེད་སྟངས་ཤིག་ཡིན་ལ། བློ་བཟང་སེང་གེའི་སྣང་བརྙན་ལས་བོད་མི་ཚོས་ཆུ་ནང་ཟླ་གཟུགས་ལྟ་བུའི་གཞན་བརྒྱུད་ཀྱི་རེ་བ་ཞིག་དང་མ་འོངས་པ་ཞིག་མཐོང་ཡོད་སྲིད། བློ་བཟང་སེང་གེའི་ཨ་རིའི་ཁྱད་ཆོས་ཅན་གྱི་རྔམ་ཟིལ་བཟོ་སྟངས་དང་། ལྷག་པར་དུ་ཧམ་སེམས་ཆེན་པོ། ཡིད་ཆེས་ཆེན་པོ་ལས་ལོ་མང་རིང་འགྱུར་བ་མེད་པར་རེ་སྒུག་ཁྲོད་འཚོ་བའི་རྒྱ་ཆེའི་བཙན་བྱོལ་བོད་མི་དམངས་ལ་ཡིད་རྟོན་ཞིག་རེག་ཡོད་ལ། མཇུག་འབྲས་སུ་ཕལ་ཆེར་མང་མོས་ངང་རྒྱལ་ཁ་ཐོབ་ནས། བོད་ཀྱི་ལོ་རྒྱུས་སུ་ཆབ་སྲིད་ཀྱི་དབུ་ཁྲིད་ཐོག་མ་རུ་གྱུར་བ་རེད།
བློ་དོགས་མི་དགོས་པ་ཞིག་ནི། གཞོན་སྐྱེས་ཚོ་ནི་ཐེངས་དེའི་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་ཡིན། ཁོང་ཚོས་ན་གཞོན་དང་། ཧཱ་ཝོར་ཊི་སློབ་ཆེན། རེ་བར་སོ་སོར་དབང་བའི་འོས་ཤོག་དེ་བླུགས་པ་ཤ་སྟག་རེད། དེའི་ཁྲོད་ཤེས་ཐུབ་པ་ཞིག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་འགྱུར་བ་ཞིག་ཐེབས་ཀྱིན་ཡོད་ལ། ནང་སྒོས་སུ་གཞོན་རབས་པའི་བསམ་བློའི་འཛིན་སྟངས་ལ་འགྱུར་བ་ཐེབས་ཀྱིན་ཡོད་ཅིང་། དེ་དང་ཆབས་ཅིག གཞོན་རབས་པའི་ཚོགས་སྡེ་དེ་སྐུ་དྲག་གི་དབང་བསྒྱུར་ལ་ཡིད་ནག་གཏིང་ནས་ཆད་ཡོད་པའང་མཚོན་ཡོད།
རྒན་རབས་པའི་རེ་བ་བཅངས་སའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་བློ་ཡུལ་ལས་འདས་པའི་རྦད་དེ་ཕམ་ཁ་བྱུང་དོན་ཐད་གཙོ་བོ་གཤམ་གྱི་རྒྱུ་རྐྱེན་འགའ་ཡོད་པ་འདྲ། ༡༽བཀྲས་མཐོང་ལགས་ནི་བོད་ཀྱི་སྐུ་དྲག་གི་འཐུས་ཚབ་རང་བཞིན་ཅན་གྱི་མི་སྣ་དེར་ངོས་འཛིན་བྱས་ཆོག བོད་ཀྱི་སྐུ་དྲག་གི་ཡང་སྙིང་གི་རིན་ཐང་ནི་བྱ་བ་ཐམས་ཅད་ཁེ་ཕན་ལ་བལྟས་ནས་གཙོ་ཕལ་དབྱེ་བཞིན་ཡོད། དེའི་སྟབས་ཀྱིས། གདམ་རྩོད་སྐབས། ཁོང་གིས་ཁས་ལེན་གཅིག་ཀྱང་བྱས་མེད་པ་མ་ཟད། ད་དུང་གནད་དོན་མང་བོ་ཞིག་གི་ཐད་སྐྱོ་སྣང་ཆེ་ཞིང་རེ་ཐག་ཆད་པའི་སྒྱིད་ལུག་བག་འཁུམས་ཀྱི་རྣམ་འགྱུར་བཟུང་ཡོད། ༢༽གྲགས་མེད་ཁུ་སིམ་ངང་ལས་དོན་ལ་ཞུགས་སྲོལ་ཅན་གྱི་སྐུ་དྲག་གི་རིག་གནས་དེ་ནུབ་ཕྱོགས་ཀྱི་རྣམ་པའི་གྲགས་ཟིང་ཆེན་པོས་འོས་འདེམས་ནང་ཞུགས་པའི་བློ་བཟང་སེང་གེས་དར་སྤེལ་དུ་བཏང་བའི་རྣམ་པ་གསར་བའི་རྒྱུགས་ཆེ་བའི་བདམ་རྩོད་རིག་གནས་དང་འཕྲད་པ་རེད། ༣༽བློ་བཟང་སེང་གེ་ནི་ཧམ་སེམས་ཆེན་པོ། ཡིད་ཆེས་བརྟན་པོ། བཤད་ཕོད་སྒྲུབ་ཕོད། སྐུ་ཞབས་བཀྲས་མཐོང་ནི་གསང་གསང་སྦས་སྦས། རྐང་འཁུམས་ལག་འཁུམས། ཀླད་རྙིང་ཤེད་ཟད། དེ་འདྲའི་ཧེ་བག་ཆེན་པོའི་ཐ་དད་པའི་རྣམ་འགྱུར་སྟོན་སྟངས་ལས། མཇུག་འབྲས་ཅི་ཡིན་བཤད་མི་དགོས་བཤམས་ཡོད་པའི་ཚོད་རེད།
རྒྱ་གར་བོད་མིའི་སྐྱབས་བཅོལ་བའི་གཞིས་ཆགས་སུ་སྐྱེས་ཤིང་། ཨ་རིའི་ཧཱ་ཝོར་ཊི་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་ལས་མཐར་ཕྱིན་པ། ཨ་རིའི་ཁྱད་ཆོས་ཅན་གྱི་དབྱིན་སྐད་དག་མ་བཤད་པ། གཟུགས་སྟོབས་ཆེ་ཞིང་ཕོ་སྒོ་བཟང་བའི་བློ་བཟང་སེང་གེ་སྲིད་སྐྱོང་དུ་བདམས་པ་དེ། བོད་ཀྱི་ལོ་རྒྱུས་ལ་མཚོན་ན་དུས་རབས་ཤིག་གི་དབྱེ་མཚམས་སུ་གྱུར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། དེ་ཡི་དོན་སྙིང་གཙོ་བོ་ནི། དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་ནས་ལོ ༣༦༠ ལྷག་གི་རྗེས་སུ་ཆབ་སྲིད་ཀྱི་དབང་ཆ་དེ་བདེ་བླག་བརྟན་པའི་ངང་མི་དམངས་ཀྱིས་བདམས་པའི་ཆབ་སྲིད་དབུ་ཁྲིད་ལ་རྩིས་སྤྲད་པ་དེ་རེད། དེ་ཙ་ན། “ཏཱ་ལའི་བླ་མ་མེད་པའི་དུས་རབས”ལ་རྨང་གཞི་བརྟན་པོ་ཞིག་བཙུགས་ཤིང་། བཙན་བྱོལ་དུ་སྐྱེས་མཚར་བྱུང་བའི་མི་རབས་གསར་བས་རྒན་རབས་པའི་ཕྲག་ནས་མི་རིགས་ཤིག་གི་འཐབ་རྩོད་ཀྱི་ཁུར་བོར་ཚུར་བླངས་ནས། རྒྱལ་ཁབ་སླར་གསོའི་ལོ་རྒྱུས་ཀྱི་འགན་དབང་ཁུར་དུ་བླངས། དེ་དང་དུས་མཉམ་དུ་སྐུ་དྲག་གི་དབང་བསྒྱུར་བའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད།
༧གོང་ས་ཏཱ་ལའི་བླ་མར་མཚོན་ན། དེ་འདྲའི་དཀའ་ཚེགས་ཆེ་བའི་ཐག་གཅོད་བྱེད་རྒྱུའི་དཀའ་ངལ་དེ་སྨོས་མི་དགོས་པ་ཞིག་ཡིན་དང་ཡིན། གཅིག་བགྱིས་ན་རྒྱུ་རྐྱེན་འགའ་ཤས་ཆབ་སྲིད་ཀྱི་དབང་གིས་ཡིན་ཡང་། ཡངས་པའི་ཆ་ནས་བལྟས་ན། དེ་ཡི་རླབས་ཆེ་རང་བཞིན་ནི་དམངས་གཙོའི་འདུ་ཤེས་དང་དབང་ཆ་གཏོང་ཕོད་ཀྱི་སྙིང་སྟོབས་ལས་མ་འདས། ཏཱ་ལའི་བླ་མར་བོད་མི་སུ་གཅིག་གིས་ཀྱང་འགྲན་ཟླ་མི་ཡོང་བའི་དབང་གྲགས་དང་གུས་ཞབས་ཡོད། གལ་སྲིད་ཏཱ་ལའི་བླ་མས་མུ་མཐུད་ནས་བོད་མིའི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་ཀྱི་མཚན་གནས་བཞེས་ནས་སྲིད་དབང་བསྐྱང་བ་ཡིན་ན། བོད་པ་སུ་གཅིག་གིས་ཀྱང་ཁོང་གི་དབང་གྲགས་ལ་འགྲན་སློང་མི་ནུས། ཡིན་ན་ཡང ༧གོང་ས་མཆོག་གིས་དེ་ལྟར་གནང་མེད། དབང་ཆར་ཞེན་ཆགས་ནས་མགོ་འཐོམས་ནས་མ་བཞུགས་པར། འོས་ཤིང་འཚམ་པའི་དུས་ཤིག་ལ། དམངས་གཙོའི་འགྲོ་ལུགས་འོས་བསྡུ་བརྒྱུད་ཆབ་སྲིད་ཀྱི་དབང་ཆ་ཡོངས་སུ་རྫོགས་པ་མི་རབས་གསར་བར་རྩིས་སྤྲད་པ་རེད། དེ ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མཛད་པའི་ལོ་རྒྱུས་ཀྱི་དོན་སྙིང་ཅན་དང་མངོན་པར་སུམ་པའི་དོན་སྙིང་ཅན་གྱི་རླབས་ཆེན་གྱི་མཛད་རྒྱས་ཤིག་ལ་ངོས་འཛིན་བྱ་རུང་དང་རུང་།
གསུམ། “གང་ཟག་གདམ་པའི”མ་དཔེ་མཇུག་འགྲིལ་བ།
འདས་པའི་ལོ་ཤས་སུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཡ་མཚར་ཆེ་བའི་སྣང་ཚུལ་ཞིག་བྱུང་ཡོད། རྒྱ་ནག་དམར་པོའི་གཞུང་གི་བཙན་པོའི་དྲག་ཤེད་འོག་རང་ས་རང་ཡུལ་དང་ཁ་མི་གྱེས་ཐབས་མེད་ལས་ལ་ཐུག་ནས་མིའི་ལུང་བར་སྐྱབས་བཅོལ་ཆེད་ཡོང་བའི་བོད་མི་ཚོས་བོད་རྒྱལ་ཁབ་སླར་གསོའི་འདུན་པ་མངོན་སུམ་ངང་འདོན་མི་ནུས་ཤིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་བོད་རྒྱལ་ཁབ་སླར་གསོ་གླེང་སློང་མི་ཆོག་པའི“བཀག་བསྡོམས་ས་ཁུལ”དུ་གྱུར་ཡོད།
ཡ་མཚར་ཆེ་བའི་སྣང་ཚུལ་དེ་བོད་ཀྱི་དད་མོས་རིག་གནས་དང་ཐད་ཀར་འབྲེལ་བ་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་རིང་། བོད་མི་རྣམས་འཚོ་ཞིང་གནས་པའི་མདོ་དབུས་མཐོ་སྒང་དེ། ཁོར་ཡུག་རྩུབ་མོ། གནམ་གཤིས་འགྱུར་ལྡོག་ཆེ་བ། གཅན་གཟན་རྒོད་པའི་གངས་རིའི་ར་བས་བསྐོར་བའི་ས་བབ་ལས་ཆ་སྙོམས་གོམ་པ་སུམ་སྟོང་ལྔ་བརྒྱ་འབུར་བའི་ཡུལ་ལྗོངས་ཁྱད་པར་ཅན་ཞིག་ཡིན། རང་བྱུང་གི་སྣང་ཚུལ་དེས་དུས་དང་དུས་མ་ཡིན་པར་བོད་མིའི་འཚོ་གནས་ཚེ་སྲོག་ལ་ཉེན་ཁ་ངེས་མེད་མང་བོ་ཞིག་ཡོད་མུས་སུ་ཡིན། ཉེན་ཁ་དེ་དག་ལས་རྣམ་པར་རྒྱལ་རྒྱུའི་སླད་དུ། བོད་མི་ཚོས་ངོ་མཚར་ཆེ་བའི་སྟོབས་ཤུགས་ཤིག་གིས་དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོར་སྲུང་ཞིང་སྐྱོབ་རྒྱུར་རེ་སྨོན་བྱེད་ཀྱིན་ཡོད། དེར་བརྟེན། དངོས་ཡོད་ལས་བརྒལ་བའི་རྟོགས་དཀའི་ལྐོག་གྱུར་གྱི་མགོན་སྐྱབས་ཤིག་བློས་བཞེངས་བྱས་པ་རེད། དཔེར་ན། ཡུལ་ལྷ། གཞིས་བདག སྲུང་མ་སོགས། དེ་ལྟ་བུའི་ལྷ་ཡི་ཚོགས་ལ་སྐྱབས་བཅོལ་ནས་གནོད་འཚེ་ལས་སྐྱོབ་དང་སེལ་བའི་སེམས་ཁམས་དེ་རིམ་གྱིས་བོད་ཀྱི་དད་མོས་རིག་གནས་སུ་གྱུར་བ་དང་། དེ་ནས་རིམ་བཞིན་ལུས་པོའི་ཕྱི་རོལ་གྱི་ལྐོག་གྱུར་སྟོབས་ཤུགས་ལ་སྐྱབས་བཅོལ་བའི་དད་མོའི་རིག་གནས་དེ་ལས་གཞན་རྟེན་གྱི་སེམས་ཁམས་དེ་བྱུང་བ་རེད། དུས་རབས་བརྒྱད་པའི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ནང་ཆོས་དར་སྤེལ་ཆེན་མོ་དང་འགྲོས་མཉམ་དུ་གཞན་རྟེན་རིག་གནས་དེའང་དར་ཞིང་རྒྱས། དད་མོས་རིག་གནས་དར་ཁྱར་ཆེན་པོ་བྱུང་བ་དང་མཉམ་དུ་གཞན་རྟེན་གྱི་སེམས་ཁམས་ཀྱང་རྒྱ་ཁྱབ་ཏུ་ཕྱིན། ལོ་ངོ་སྟོང་ཕྲག་མང་པོའི་ཆོས་ལུགས་བག་ཆགས་ཀྱི་དབང་གིས། མཐའ་མཇུག་ཏུ་བོད་མིའི་སེམས་སུ་ལྷ་དང་འདྲེ། ཚེ་ཕྱི་མ་སོགས་ཀྱི་འདུ་ཤེས་ལས་མི་རིགས་དང་རྒྱལ་ཁབ་སོགས་མེད་པར་གྱུར།
མདོར་བསྡུས་ནས་བཤད་ན། དུས་རབས་བདུན་པར་སངས་རྒྱས་ཆོས་ལུགས་བོད་ལ་དར་བ་ནས་བཟུང་། རྒྱ་ཆེའི་བོད་མི་དམངས་ཀྱིས་སངས་རྒྱས་ཆོས་ལ་སློབ་སྦྱོང་མཐར་ཕྱིན་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ་རིམ་བཞིན་ནང་གཙོ་ཕྱི་ཕལ་ལམ། ཡང་ན། དཔལ་ཡོན་གཙོ་བོ་དང་དངོས་བོ་ཕལ་བ་ཡིན་པའི་མི་ཚེའི་ལྟ་བ་ཞིག་ཆགས། དེའི་སྟབས་ཀྱིས། དངོས་པོའི་རིག་གནས་དེ་མི་རིགས་གཞན་གྱི་རྗེས་སུ་ལུས་པ་རེད།
མི་ཚེ་ཧྲིལ་བོར“བདག་མེད”ཀྱི་ལྟ་བ་འཛིན་པའི་རིགས་རྒྱུད་ཅིག་ལ་མཚོན་ན། རྒྱལ་ཁབ་དང་། མི་རིགས་ལ་སོགས་པའི་རིགས་དེ་ཕལ་བ་ཡིན་དང་ཡིན། རྒྱལ་ཁབ་དང་མི་རིགས་ཕལ་བའི་གནས་སུ་བཞག་པའི་དབང་གིས་ད་གཟོད་དེ་རིང་གི་རྒྱལ་ཁབ་ཀྱི་བདག་དབང་ཤོར་ནས་གཞན་ཡུལ་དུ་ཆབ་སྲིད་ཡུལ་གྱར་བའི་ངོ་བོས་གནས་དགོས་པར་ཐུག་པ་མ་རེད་དམ།
ཐལ་དྲགས་པའི་དད་མོས་རིག་གནས་དང་གཞན་རྟེན་སེམས་ཁམས་ཀྱི་བཀོད་པ་དེའི་འོག བོད་མི་ས་ཡ་དྲུག་གིས་ཡིད་ཆེས་གཙང་མས་ཁོང་ཚོའི་སྐྱབས་མགོན་གྱི་རྗེས་སུ་འབྲངས་པར་བསམ་ཤེས་བྱེད་སླ། ༧གོང་ས ༧སྐྱབས་མགོན་ཆེན་པོ་མཆོག་ཁོ་ནས་བོད་མི་ཚོར་རང་དབང་དང་བདེ་སྐྱིད་བསྐྲུན་ཐུབ་པར་བོད་མི་ཡོངས་ལ་ཡིད་ཆེས་བརྟན་པོ་ཡོད། དེ་ལྟ་བུའི་དྲི་མས་མ་གོས་པའི་དད་པ་དང་ཡིད་ཆེས་ཀྱི་མདུན་དུ། མི་སུ་གང་ཞིག་གིས ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བསམ་བློ་དང་ལངས་ཕྱོགས་ལ་འགྲན་སློང་ནུས་ཚེ། དེ་ནི་བོད་མི་ཡོངས་དང་འགལ་ཟླ་བཟོས་པ་དང་གཅིག་མཚུངས་ཡིན། དེའི་རྐྱེན་གྱིས། ༧གོང་ས་མཆོག་གིས་བཏོན་ཞིང་བོད་གཞུང་གི་གཞི་རྩའི་སྲིད་བྱུས་སུ་གཏན་འབེབས་བྱས་པའི་ལོ་ངོ་བཞི་བཅུ་ཙམ་གྱི་རིང་ལག་ལེན་དུ་བསྟར་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་འགྲན་སློང་མི་ཆོག་ལ་དོགས་པའང་ཟ་མི་ཆོག་པའི་བླ་ན་མ་མཆིས་པའི་ལྷའི་བཀའ་ལུང་ལྟ་བུར་གྱུར་བ་རེད།
ཡིན་ན་ཡང་། མི་ནི་མི་འགྱུར་དུས་ནི་འགྱུར་བ་ཡིན་ཞེས་པ་ལྟར། དུས་དང་སྤྱི་ཚོགས་འགྱུར་གྱིན་ཡོད་པས། མི་སེམས་ཀྱང་དེ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་རིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སྟག་ལ་མི་སྐྲག་པའི་བེའུ་ཞིག་ཡོད་པ་དེ་ཧང་སངས་དགོས་པ་ཞིག་དང་། དགའ་འོས་མཚར་འོས་པ་ཞིག་ཅིའི་ཕྱིར་མིན་ནམ། ཧང་སངས་དགོས་པ་ནི་ཁོང་གི་སྙིང་སྟོབས། དགའ་འོས་པ་ནི་མི་མང་གི་རྟོགས་སད། མཚར་འོས་པ་ནི་དུས་ཡུན་ཐུང་ཐུང་། གང་ཉིད་མདུན་དུ་ཐོན་པ་དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་འགྱུར་བ་ཐེབས་ཀྱིན་པ་མཚོན་ཡོད། གལ་ཏེ་ཐབས་ཟད་འུ་ཐུག་པ་མིན་ན། རྒྱལ་ཁབ་སླར་གསོ་ཤོག་ཁག་གིས་གོ་ས་ངེས་ཅན་ཞིག་ཟིན་ཡོད་པར་ངོས་འཛིན་བྱས་ཆོག་པར་སྙམ།
གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བ་ལྟར་ན། བཙན་བྱོལ་བོད་མི་ལྔ་དངོས་སུ ༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་ཡོད། ཁོང་རྣམ་པ་ནི། ད་ལྟའི་སྲིད་སྐྱོང་བློ་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་པ་བཀྲ་ཤིས་དབང་འདུས་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས། དམག་མི་ཟུར་བ་བཀྲ་ཤིས་རྣམ་རྒྱལ་བཅས་རེད། གདམ་ཞུགས་འོས་མི་དེ་དག་གི་ཁྲོད། “བོད་རྒྱལ་ཁབ་སླར་གསོའི་དར་ཆ་དགུང་དུ་འཕྱར་ནས། ངོ་རྒོལ་གྱི་རྣམ་པས་ཞུགས་པའི”ཨ་ཚོགས་ཀླུ་མཁར་བྱམས་ལགས་ལས་གཞན་འོས་མི་བཞི་བོར་ལྟ་བ་ལངས་ཕྱོགས་སོགས་ཀྱི་ཐད་ཆེ་ས་ནས་འདྲ་ཞིང་ཆུང་ས་ན་ཁྱད་པར་ཅུང་ཞིག་ཡོད་པའི་དབུ་མ་བ་རེད། རྒྱལ་ཁབ་སླར་གསོའི་དར་ཆ་འཕྱར་མཁན་ཨ་ཚོགས་ཀླུ་མཁར་བྱམས་ལ་མཚོན་ན། རྒྱལ་ཁ་ཐོབ་མིན་དེ་གལ་ཆེན་པོ་མ་རེད། གལ་ཏེ་ཐོབ་སོང་ན་སྒྲུབ་ཐེངས་གཅིག་གིས་འགྲུབ་པ་རེད་ཡག་ཤོས་རེད། དེང་གི་བཙན་བྱོལ་བོད་མིའི་བསམ་བློ་དང་འདུ་ཤེས་ཐད་ནས་བཤད་ན། རྒྱལ་རྒྱུའི་གོ་སྐབས་ཧ་ཅང་གིས་ཆུང་ཆུང་རེད། འོན་ཀྱང་། རྒྱལ་ཁ་ཐོབ་རྒྱུར་རེ་བ་མེད་ན་ཡང་། སྤྱི་ཚོགས་ཀྱི་སྡིངས་ཆའི་སྟེང་ཐོན་ནས་མི་དམངས་ཀྱི་མདུན་དུ་ལངས་པ་དེ་གཅིག་པུས་གནད་དོན་མང་པོ་ཞིག་ལ་གསལ་བཤད་བྱས་ཡོད།
འོས་མི་ལྔ་ཡི་ཐུན་མོང་གི་ཁྱད་ཆོས་ཤིག་ནི་ཚང་མ་ལོ་ན་གཞོན་གཞོན་རེད། ཚང་མ་དྲུག་ཅུའི་སྨད་དང་བདུན་ཅུའི་མགོ་རུ་སྐྱེས་པ་རྐྱང་རྐྱང་རེད། ཨ་ཚོགས་ཀླུ་མཁར་བྱམས་ལས་གཞན་བཞི་ནི་རྒྱ་གར་དུ་སྐྱེས་པ་རེད།
ཡིག་ཆ་ནང་བཀོད་པར་གཞིགས་ན། ཨ་ཚོགས་ཀླུ་མཁར་བྱམས་ནི་མདོ་སྨད་མཚོ་སྔོན་པོའི་ཡིན་ཞིང་། ལོ་རབས ༩༠ བའི་ནང་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་དང་། དེ་རྗེས་བོད་ནང་ལ་ལོག་ནས། མཚོ་སྔོན་ཁུལ་དུ “མདོ་ཁམས་གཞོན་ནུ་འཆི་ཕོད་ཚོགས་པ”ཞེས་པའི་གསང་བའི་ཚོགས་པ་ཞིག་བཙུགས་པ་དང་། ཚོགས་པ་དེའི་སྒྲིག་གཞིའི་ནང “བོད་རང་བཙན”བྱ་རྒྱུ་དེ་ཁོང་ཚོའི་མཐའ་མའི་དམིགས་ཡུལ་དུ་བཞག་འདུག སྟབས་མ་ལེགས་པ་ཞིག་ལ། ཚོགས་པ་དེ་འཛུགས་མཁན་ཨ་ཚོགས་ཀླུ་མཁར་བྱམས་དང་གཞན་ཚོགས་མི་གཉིས་རྒྱ་ནག་གཞུང་གི་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་ལྕི་མོ་བཅད་ཡོད་པ་དང་། ཨ་ཚོགས་ཀླུ་མཁར་བྱམས་ལ་ལོ ༡༨ གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། ཁོང་བཀག་ཉར་སྐབས། གཅར་རྡུང་མནར་གཅོད་དྲག་པོ་བཏང་སྟབས། ལུས་པོར་རྨས་སྐྱོན་ཚབས་ཆེན་ཕོག་ཡང་སྨན་བཅོས་མ་བྱས་པ་དང་། ལོ་ལྔའི་རིང་གི་ཚ་འདྲི་མནར་གཅོད་རྡུང་རྡེག་བྱས་རྐྱེན། གཟུགས་སྟོབས་ཆེ་བའི་ཀླུ་མཁར་བྱམས་ཤ་ཟད་རུས་པར་ཐུག་ནས་ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ ༣༧ ལས་ལྷག་མེད་པར་གྱུར། དེའི་ཁར་མཆིན་ནད་ཚབས་ཆེན་བྱུང་བ་ལ་སོགས་པས། ཆེད་ལས་སྨན་པས་གསོན་རེ་མེད་པའི་འཆི་ཐག་བཅད་དེ། ཁག་ཐེག་སྒོར་དངུལ་བླངས་ནས་བཙོན་ཁང་ཕྱི་རོལ་དུ་སྨན་བཅོས་བྱེད་དུ་འཇུག་པའི་མིང་ཐོག་ཕྱིར་ནང་མིར་རྩིས་སྤྲད་པ་རེད།
ལས་ཤིག་ཡོད་ན་ལམ་ཞིག བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པ་ལྟར། ཁོང་དམྱལ་ཁམས་ནས་ཐར་ནས་ཡང་བསྐྱར་རྒྱ་གར་ལ་བྲོས་བྱོལ་གྱིས་ཐར་བ་རེད།
ཀླུ་མཁར་བྱམས་གདམ་རྩོད་ནང་ཞུགས་པ་དེས། དང་པོ་ཁ་ཤས་ཤིག་བསྐྲུན་ཡོད། ཁོང་ནི་རྒྱལ་ཁབ་སླར་གསོ་བ་ཞིག་སྲིད་སྐྱོང་འོས་མིར་ལངས་པ་དང་པོ་རེད། ༥༩ ལོའི་རྗེས་སུ་བོད་ནས་བྲོས་བྱོལ་དུ་ཡོང་པའི“གསར་འབྱོར་བ”ཞིག་སྲིད་སྐྱོང་འོས་མིར་ལངས་པ་དང་པོ་རེད། ཆབ་སྲིད་ཚོགས་པའི་འཐུས་ཚབ་ཀྱི་ངོ་བོས་སྲིད་སྐྱོང་འོས་མིར་ལངས་པ་དང་པོ་བཅས་རེད།
༢༠༡༦ལོའི་སྲིད་སྐྱོང་འོས་མིའི་ཁྲོད་བོད་རྒྱལ་ཁབ་སླར་གསོའམ་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་ཅན་ཞིག་ཐོན་པ་དེར་ཡར་ཐོན་གྱི་རྣམ་པ་ཆེན་པོ་ལྡན་ཡོད། དེ་དང་འགྲོས་མཉམ་གྱིས་བཙན་བྱོལ་བོད་མི་ཚོས་བོད་གཞུང་ནས་སྒྲིག་འཛུགས་བར་གྱི་སྲིད་བྱུས་དང་། ལྷག་དོན་རྒྱ་ནག་གཞུང་གིས་བོད་དོན་ཐད་ཀྱི་རྣམ་འགྱུར་ལ་བསྐྱར་ཞིབ་བྱེད་ཀྱིན་ཡོད། དེ་ལ་ཡར་ཐོན་གྱི་རྣམ་པ་ཡོད་ཟེར་དོན་ནི། བླ་མ་ལྷོ་རུ་བཞུགས་སྐུ་ཆས་བྱང་ལ་བསྐྱལ་བའི་ལྡོག་སྐྱོད་ཀྱི་དུས་ཡུན་ཅུང་རིང་པོའི་རྗེས་སུ། བཙན་བྱོལ་བོད་མི་ཕལ་མོ་ཆེ་ད་ལྟ་རྟོགས་པ་ལས་སད་ཡོད། སྒོས་སུ་བོད་ཀྱི་གཞོན་སྐྱེས་ཚོས། འདས་པའི་ལོ་ངོ ༦༠ ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་ཁམས་ཡོངས་སུ་གཏན་འབེབས་དང་ལག་བསྟར་བྱས་པའི་འཆར་གཞི་ཡོད་པ། རྩ་འཛུགས་ཡོད་པ། དམིགས་ཡུལ་ཡོད་པའི་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལམ་ཕྱོགས་དང་། ཡང་སྒོས ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པ་དང་། དེ་བཞིན“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་གི་ཚད་མཐོའི་རང་སྐྱོང་ཡོང་ཐབས”ཞེས་པའི་དགོངས་འཆར་བཏོན་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོང་གི་ཐུགས་འདུན་ལ་རྒྱ་ནག་གཞུང་གི་དྲང་ཕྱོགས་ཀྱི་ལན་ཞིག་སྤྲད་མེད་པའི་མ་ཚད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཁ་ཞེ་གཉིས་མེད་ཀྱི་འོས་མིན་བསྟུན་ཐབས་ལ་འཁྱོག་བརྗོད་དང་དམའ་འབེབས་བྱས་ཡོད་པས། དེ་དག་ལས་ཤེས་པ་ཞིག་ནི། ལམ་ཁ་གཅིག་ཁོ་ན་ཡོད་པ་དེ་རྒྱལ་ཁབ་སླར་གསོ་ཡིན་པ་དང་། བོད་རྒྱལ་ཁབ་སླར་གསོའི་རྨི་ལམ་འགྲུབ་ཚེ། ད་གཟོད་བོད་ཀྱི་རིག་གཞུང་ལ་སྲུང་སྐྱོབ་དང་དར་རྒྱས་གཏོང་ཐུབ་པ་དང་། ད་གཟོད་བོད་མི་རིགས་དེ་འཛམ་གླིང་མི་རིགས་ཀྱི་ནགས་ཚུལ་ཁྲོད་འགྲེང་ཐུབ་ངེས་ཡིན་པ། དེ་ལས་ལྡོག་ན། བོད་དེ་དུས་ཡུན་ཐུང་ངུ་ཞིག་གི་ནང་འགྲེམས་སྟོན་ཁང་དུ་འགྲོ་རྒྱུ་དང་། རྒྱ་ནག་གི་ཧམ་སེམས་ཁྲོད་རྨེག་མེད་སུ་འགྲོ་ངེས་ཡིན་པ་ཚོར་ཡོད།
བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་ལ་མཚོན་ན། ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གདམ་ཞུགས་དེ“འབྲི་ཆུའི་རླབས་ཕྲེང་རྗེས་མས་སྔོན་མ་འདེད། འཇིག་རྟེན་མི་རབས་གསར་བས་རྙིང་པ་བརྗེ”ཞེས་པའི་དཔེ་རུ་སོང་ཡོད། དུས་རབས ༢༠ བའི་ལོ་རབས ༦༠ ནས་བཟུང་། ༧གོང་ས་མཆོག་གི་གཟིགས་རྒྱ་ཆེ་ཞིང་ཕུགས་རྒྱང་རིང་བ་དང་དམངས་གཙོའི་ཐུགས་དགོངས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཧྲིལ་བོར་དམངས་གཙོའི་ལམ་ལུགས་སྤེལ་ཡོད་པ་བདེན་མོད། དུས་རབས་ཕྱེད་ལྷག་ཕྱིན་རྗེས། བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་དེ་མིང་དོན་མཚུངས་པའི་དོན་གྱི་དམངས་གཙོའི་ལམ་ལུགས་ཤིག་ཏུ་སླེབས་ཐུབ་མེད། སླེབས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དོན་ལ་གནས་པའི་ཆབ་སྲིད་ཀྱི་ཚོགས་པ་ཞིག་བྱུང་མེད་པས་ཡིན། ཡོད་པ་ནི་ལས་འགུལ་རང་བཞིན་ཅན་གྱི་ཚོགས་པ་སྐྱིད་སྡུག་ཁག་རེད།
༢༠༡༡ལོར ༧གོང་ས་མཆོག་གིས་སྲིད་དབང་ཡོད་དོ་ཅོག་བདམས་ཐོན་བྱུང་བའི་སྲིད་སྐྱོང་ལ་རྩིས་སྤྲད་པའི་རྗེས་སུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མངོན་སུམ་མིན་པའི་གྲུ་ཟུར་ན་ཆབ་སྲིད་ཚོགས་པའི་སྐོར་གྱི་སྐད་ཆ་ཤབ་ཤུབ་རེ་གོ་རྒྱུ་ཡོད། ཡོངས་ཁྱབ་ངང་བཤད་མི་ཕོད་པའི་ལྐོག་བཤད་ཤབ་ཤུབ་དེའི་རིགས་རྟོགས་སད་ཀྱི་རྟགས་ཤིག་ལ་ངོས་འཛིན་བྱས་ཆོག ཡིན་ན་ཡང་། ཆབ་སྲིད་དབང་ཆ་རྩོད་འགྲན་གྱི་མཐོ་ཚད་ལ་བསླེབ་རྒྱུ་ད་དུང་རྒྱང་རིང་བོ་ཡོད་པར་འདོད། ཉིན་ཤས་སྔོན་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་བོད་རྒྱལ་ཁབ་སླར་གསོའི་ལྟ་བ་དང་ལངས་ཕྱོགས་ཅན་ཨ་ཚོགས་ཀླུ་མཁར་བྱམས ༢༠༡༦ ལོའི་སྲིད་སྐྱོང་གདམ་རྩོད་ནང་ཞུགས་ཡོད་པའི་གནས་ཚུལ་མཐོང་བྱུང་། དང་ཐོག་གནས་ཚུལ་དེ་ལ་ཡིད་ཆེས་དཀའ་བ་ཞིག་རེད། དེ་ནས་བརྩད་བཅད་དུས། རེད་ཡ། ལོ་གཉིས་ཀྱི་སྔོན་གྱི་ལྐོག་བཤད་ཤབ་ཤུབ་དེ་དེ་རིང་ཡོངས་ཁྱབ་ཀྱི་རྩོད་འགྲན་དུ་གྱུར་འདུག མགྱོགས་ཚད་དེ་ཧང་སངས་དགོས་པའི་མྱུར་བས། དེ་ཡིས་བོད་ཀྱི་གཞོན་སྐྱེས་ཚོར་བསྒྱུར་བརྗེའི་ནུས་པ་དང་དུས་གནས་དཔྱོད་ཞིབ་ཀྱི་ནུས་པ་ཡག་པོ་ཡོད་པ་མཚོན་འདུག
ཨ་ཚོགས་ཀླུ་མཁར་བྱམས་གྲགས་ཆེན་པོས ༢༠༡༦ ལོའི་སྲིད་སྐྱོང་འོས་མིའི་གདམ་རྩོད་ནང་ཞུགས་པ་དེས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི “གང་ཟག་གདམ་པའི”དུས་རབས་དེ་མཇུག་སྒྲིལ་བ་མཚོན་ཡོད་ལ། དེ་དང་ཆབས་ཅིག ནུབ་གླིང་གི་རྣམ་པའི་ཆབ་སྲིད་ཚོགས་པ་གདམ་པ་དང་། ལྟ་གྲུབ་གདམ་པའི་དམངས་གཙོའི་འོས་བསྡུའི་ལམ་ལུགས་ལ་ཞུགས་པ་བསྟན་ཡོད། དེ་མིན་ད་དུང་། དེ་ཡིས་དུས་རབས་ཤིག་མཇུག་འགྲིལ་བ། མི་རབས་ཤིག་མཇུག་འགྲིལ་བ་མཚོན་པ་ཡོད་པ་མ་ཟད། དེ་དང་མཉམ་དུ་བོད་རྒྱལ་ཁབ་སླར་གསོའི་ཡང་དག་པའི་འཐབ་རྩོད་ལམ་ཁར་བསྐྱར་དུ་ཞུགས་པའང་མཚོན་ཡོད།
བསྡོམས་ཆུང་།
འདས་པའི་ལོ་ངོ ༣༠ ལྷག་གི་རིང་། བོད་མི་ཡོངས་རྫོགས ༧གོང་ས་མཆོག་གི་མཛད་གནང་བའི་དབུ་མའི་ལམ་གྱི་དར་ཆའི་འོག་འདུས་ནས། རྒྱ་ནག་གཞུང་གིས་དྲང་ཕྱོགས་ཀྱི་སྐད་ཆ་ཞིག་ལ་ཉིན་ཐོག་ཟླ་དང་ཟླ་ཐོག་ལོ་བརྩེགས་ནས་རེ་སྒུག་བྱས་ཤིང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མཛའ་བརྩེའི་ཕྱག་ཟུང་རྒྱག་ནག་གི་ཕྱོགས་སུ་ལོ ༣༠ ལྷག་གི་རིང་བསྲིངས་ཀྱང་། དུས་དེ་རིང་། ༧གོང་ས་མཆོག་གི་ཕྱག་ཟུང་ད་དུང་སྟོང་པ་འབྲས་མེད་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་དེའི་ཁར “ཏཱ་ལའི་ཡིས་དབུ་མའི་ལམ་ཟེར་བ་དེ་བོད་རང་བཙན་རིམ་པ་གཉིས་སུ་བགོས་པའི་གོམ་པ་དང་པོ་རེད”ཅེས་འཁྱོག་བཤད་བྱས། དེ་ནི ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དམའ་འབེབས་ཚད་མེད་པ་བྱས་པའི་མ་ཚད། སངས་རྒྱས་ལ་ཁྱད་གསོད་འབའ་ཞིག་ལས་མ་འདས།
དེ་བས་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཡིད་ཐད་ཆད་སོང་། བོད་མི་དམངས་ཡིད་ཐད་ཆད་སོང་། བོད་ཀྱི་གྲོགས་པོའི་ཚོགས་ཀྱང་ཡིད་ཐད་ཆད་སོང་།
དེ་རིང་། བོད་རིགས་གཞོན་སྐྱེས་ཚོ ༧གོང་ས་ཏཱ་ལའི་བླ་མའི་དར་ཆ་དང་བྲལ་ནས་རྒྱལ་ཁབ་སླར་གསོའི་ལམ་བུར་ཞུགས་དང་ཞུགས་ཀྱིན་ཡོད། དེ་ནི་རྒྱ་ནག་གཞུང་གིས་གསོས་པའི་བོད་དོན་ཁ་རྒྱབ་གསོ་སྤྱད་བྱས་། བོད་དོན་གོ་ས་ཐོབ་སྤྱད་བྱས། བོད་ཀྱི་ཁེ་ཕན་ཟས་ནས་གནས་ཡོད་པའི་ཁེ་བཟང་ཤོག་ཁག་གིས་བསམ་ངན་ཁོག་བཅང་གི་འབྲས་བུ་ཡིན། དེ ༧གོང་ས་ཏཱ་ལའི་བླ་མར་སྡུག་ཡུས་བཤད་ས་མེད་ལ། བོད་མི་དམངས་ལ་ཁག་དཀྲི་ས་དེ་བས་ཀྱང་མེད།
འབྱུང་འགྱུར་སྤེལ་རྒྱུའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་སྐབས། རྒྱལ་ཐོབ་གང་ཡིན་ཡང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྒྱ་ནག་གཞུང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་དོན་ཐད་ཀྱི་ལངས་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་ཡིན།
གལ་ཏེ། རྒྱལ་ནག་གཞུང་གིས ༧གོང་ས ༧སྐྱབས་མགོན་ཆེན་པོའི་དགོངས་རྫོགས་ལ་རེ་སྒུག་བྱས་ཡོད་པ་དེ་བདེན་ན། ད་ཐེངས་བོད་རྒྱལ་ཁབ་སླར་གསོའི་ལྟ་གྲུབ་འཛིན་མཁན་ཚོ་ཡང་བསྐྱར་སྲིད་སྟེགས་སུ་ཐོན་པ་དེས། རྒྱ་ནག་གཞུང་ལ་ཕྱིར་འདང་བསྐྱར་ཞིབ་དང་བསྒྱུར་བཅོས་ལེགས་སྒྲིག་གི་གོ་སྐབས་ཡག་པོ་ཞིག་བསྐྲུན་ཡོད། རྒྱུ་མཚན་ནི། ངོ་རྒོལ་བསམ་འཆར་འགའ་ཤས་སྤྱི་ཚོགས་ཀྱི་སྡིངས་ཆའི་སྟེང་དངོས་སུ་ཐོན་མིན་ལ་མ་བལྟས་པར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སེམས་ཁུངས་རུས་པའི་གཏིང་གི ༧གོང་ས ༧སྐྱབས་མགོན་ཆེན་པོ་མཆོག་ལ་མངའ་བའི་བླ་ན་མ་མཆིས་པའི་དབང་གྲགས་དེར་དུས་ནམ་ཡང་གཡོ་འགུལ་ཐེབས་མྱོང་མེད།
རྩོམ་ཡག་པོ་དཔེ་མེད་ཅིག་བྲིས་འདུག
ཡག་པོ་འདུག་ཐུགས་རྗེ་ཆེ།།