དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་སྲིད་སྐྱོང་མཆོག་གི་ལས་ཁུངས་ལ་ཕེབས་ཏེ་༧གོང་ས་མཆོག་གི་སྐུ་གཟུགས་གནས་སྟངས་སྐོར་ཞུས་མཐར། ༧གོང་ས་མཆོག་ལ་སྨན་བཅོས་གནང་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་དགོས་བྱུང་ལུགས་བསྒྲགས་ན། གཞིས་བྱེས་མང་ཚོགས་ཁྲོད་དུ་བློ་གཡེང་དང་འུར་འདྲོག་ཆེན་པོ་ལངས་ཉེན་ཡོད་སྟབས་༧གོང་ས་མཆོག་གི་མཛད་འཕྲིན་ཉུང་འཕྲི་གཏོང་ཆེད་ཡིན་ཚུལ་བསྒྲགས་པ་ཡིན།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཕེབས་ཏེ། སྤྱི་ཚོགས་ནང་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་སོ་བཞི་པ་ཕྱིར་འགྱངས་གནང་བ་དེ་བཀའ་ཤག་གི་ཕྱག་ལས་གནང་སྟངས་ཤིག་གི་ཐད་༧གོང་ས་མཆོག་དགོངས་པ་འཚོམས་ཏེ་ཕྱི་འགྱངས་གནང་པ་ཡིན་སྐོར་དང་། ལྡི་ལི་ཕུད་པའི་སྐུ་ཚབ་དོན་གཅོད་ཁག་གི་༧གོང་ས་མཆོག་གི་མཚན་གནས་ཕྱིར་བསྡུ་གནང་ཕྱོགས་བཅས་ཀྱི་ཐོག་གླེང་སློང་ཡོང་གི་ཡོད་པ་བཅས་དོན་གཉིས་གཉིས་ཀྱི་ཐོག་གསར་འགོད་གསལ་བསྒྲགས་གནང་བསྐྱངས་སོང་།
བཀའ་ཤག་གི་གསལ་བསྒྲགས་ནང་འཁོད་དོན། དེང་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་ཡོད་པ་དང་ལྷན་ཅིག་ཏུ་བོད་དང་བོད་མིའི་གནད་དོན་མང་པོའི་ཐོག་གཏམ་བཤད་དང་། བགྲོ་གླེང་། རྟོག་དཔྱོད་བཅས་ཀྱང་གང་མང་ཡོང་བཞིན་ཡོད་པ་དང་། སྤྱི་ཚོགས་དྲ་རྒྱ་སོགས་མང་ཚོགས་ཀྱི་བརྒྱུད་ལམ་ཁག་ཅིག་ཏུ་ཐོན་གསལ་ལྟར་བྱས་ན། སྲིད་སྐྱོང་གི་འོས་མི་ཞིག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལས་དོན་ལ་སྐྱོན་བརྗོད་དང་གཟུགས་མེད་གྲིབ་བཟོ་མང་དག་ཅིག་གནང་བཞིན་ཡོད་པའི་ཁྲོད་ནས་གནད་དོན་གཉིས་ཀྱི་ཐོག་གསལ་བཤད་ཡོ་བསྲང་དགོས་རྒྱུ་གལ་ཆེར་མཐོང་བ་ལྟར་ཞུ་རྒྱུར།
༡༽ དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བའི་གནད་དོན།
འདི་ལོའི་ཕྱི་ཟླ་དང་པོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ལོ་གཅིག་ཕྱིར་འགྱངས་གནང་དོན་གང་ཡིན་ཐད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་སྤེལ་བའི་གསལ་བསྒྲགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ཤས་གོང་དུ་ཨ་རི་མི་ཎི་སོ་ཌ་དང་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བཀའ་སློབ་གསལ་ཕེབས་ཡོད་པ་དེ་དག་དང་ཡེ་ནས་མི་མཐུན་པའི་རྒྱུ་མཚན་གཞན་ཞིག་ཡོད་ཚུལ་བཤད་པ་ནི། བདེན་པ་མིན་པ་ཙམ་དུ་མ་ཟད། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཀྱང་རེད། གནད་དོན་དེའི་བྱུང་རིམ་དངོས་ནི། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ༸གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་སྐོར་བཀའ་བསྡུར་རིམ་པར་བྱུང་ཡོད་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྡི་ལིར་ཁྱད་མཁས་སྨན་པས་བརྟག་དཔྱད་ཞུས་སྐབས་ Prostate བསྙུན་གཞི་ངོ་སྤྲོད་བྱུང་སྟེ་སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། ༸གོང་ས་མཆོག་ཉིད་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ཏེ་སྨན་བཅོས་གནང་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཕྱིར་འགྱངས་གནང་ན་ལེགས་པ་གསལ་བབས་བྱུང་སྐོར་བཅས་གསུངས་ཐོག དུས་འཁོར་དབང་ཆེན་གྱི་མཛད་འཆར་ནི། མཛད་འཆར་གཞན་དང་མི་འདྲ་བ་འགོ་འཛུགས་ཟིན་རྗེས་གློ་བུར་བར་མཚམས་འཇོག་དགོས་བྱུང་ཚེ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་བརྡབ་གསིག་ཆེན་པོ་ཡོང་ངེས་ཡིན་སྐོར་འཕྲོས་མོལ་ཡང་བྱུང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས། ༸རྒྱལ་བའི་སྐུ་ཁམས་འཕྲོད་བཞེས་ལས་གལ་གནད་ཆེ་བའི་དོན་གནས་གཞན་མེད་པ་དང་།
ཁྱད་པར་༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པའི་གནད་དོན་ཞིག་ཡིན་པར་བརྟེན། བཀའ་ཤག་ནས་༸རྒྱལ་བའི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུར་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་བར་དཀྱིལ་དུ་གློ་བུར་མཚམས་འཇོག་གནང་དགོས་བྱུང་ཚེ་ཕྱི་ལོ་ ༢༠༠༢ ལོར་སྐུ་ངལ་ཇི་བྱུང་ལྟར་ཡོང་རྒྱུའི་དྲན་བསྐུལ་ཡང་ཞུ་གནང་མཛད་ཡོད། གསལ་བསྒྲགས་ཞུ་ཕྱོགས་ཐད། སྨན་བཅོས་གནང་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་དགོས་བྱུང་ལུགས་གསལ་བཀོད་བྱས་ཚེ། གཞིས་བྱེས་མང་ཚོགས་ཁྲོད་དུ་བློ་གཡེང་དང་འུར་འདྲོགས་ཆེན་པོ་ལངས་ཉེན་ཡོད་གཤིས། གསལ་བསྒྲགས་སུ་བཀའ་ཤག་ནས་༸གོང་ས་མཆོག་ལ་མཛད་འཆར་ཉུང་འཕྲི་ཡོང་བ་དང་། སྐུ་ངལ་མང་ཙམ་གསོ་བཞེས་ཡོང་བའི་གསོལ་འདེབས་དང་སྦྲགས། དུས་འཁོར་དབང་ཆེན་གནང་རྒྱུ་ཕྱིར་འགྱངས་ཆོག་པ་ཞུས་པ་ལ་བཀའ་བཞེས་བཟང་པོ་ཐོབ་སྐོར་འགོད་རྒྱུའི་དགོངས་འཆར་བཅས་ཕུལ་བར། ཕྱི་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་དེ་ལྟར་བྱ་འཐུས་ཀྱི་བཀའ་བཟང་སྤྱི་ཕེབས་བྱུང་རྗེས། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུས་ཤིང་། གསལ་བསྒྲགས་དེའི་ནང་སྨན་བཅོས་འཕྲོད་བཞེས་སླད་དུས་འཁོར་དབང་ཆེན་ཕར་འགྱངས་གནང་བའི་བརྡ་སྟོན་ཆེད་སྐུ་ངལ་གསོ་བཞེས་མང་ཙམ་དགོས་པ་དང་མཛད་འཆར་ཉུང་འཕྲི་དགོས་པའི་རྒྱུ་མཚན་གཉིས་ནན་བརྗོད་བྱས་ཡོད་ཅིང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ནང་དུའང་དེ་དང་གཅིག་མཚུངས་འགོད་གནང་མཛད་ཡོད། གོང་གསལ་གནས་ཚུལ་བྱུང་རིམ་ཁག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་བཅས་ལའང་ཇི་བཞིན་འགྲེལ་བརྗོད་གནང་ཡོད།
ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ནང་༸གོང་ས་མཆོག་ཨ་རི་མི་ཎི་སོ་ཌའི་མཱ་ཡཱོ་སྨན་ཁང་དུ་བརྟག་དཔྱད་ཞུས་སྐབས་སུའང་ཁྱད་མཁས་སྨན་པས་སྐུ་ངལ་གསོ་བཞེས་དང་སྨན་བཅོས་གནང་དགོས་པའི་སློབ་སྟོན་ཕུལ་ཡོད་པ་དང་། དེ་ལ་བརྟེན་ནས་ཕྱི་ཟླ་ ༡༠ པའི་ཨ་རིའི་མཛད་འཆར་ཡོངས་རྫོགས་ཕྱི་བཤོལ་མཛད་ཡོད། དེ་སྐབས་༸གོང་ས་མཆོག་ནས་ས་གནས་བོད་མི་ཚོར་བཀའ་སློབ་གནང་སྐབས། སྨན་བཅོས་འཕྲོད་བཞེས་གནང་སླད་སོག་ཡུལ་དང་རྡོ་རྗེ་གདན་དུ་གནང་འཆར་ཡོད་པའི་དུས་འཁོར་དབང་ཆེན་གྱི་མཛད་འཆར་གཉིས་ཕྱི་བཤོལ་གནང་བ་ཡིན་ཞེས་བཀའ་གསལ་པོ་གནང་ཡོད་པ་དང་། དེ་བཞིན་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བཀྲ་ཤིས་ལྷུན་པོའི་གདན་སར་ཆོས་ཞུ་བའི་འདུས་ཚོགས་ལ་ཕྱི་ལོ་གསར་ཚེས་ཀྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་ཏུ། རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ལོ་གཅིག་ཕྱིར་འགྱངས་གནང་སྐོར་དང་། དུས་སང་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་ཆེ་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་མཛད་ཡོད། ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་ཨ་རིར་སྨན་བཅོས་འཕྲོད་བཞེས་སླད་ཕེབས་པའི་དུས་ཚེས་ཁག་སྔ་ལོར་འཆར་འགོད་གནང་བའི་དུས་འཁོར་དབང་ཆེན་གྱི་དུས་ཚེས་དང་བསྒྲིགས་པ་ལྟར་འགྲིགས་ཡོད་པ་ནས་གོང་གསལ་རྒྱུ་མཚན་གསལ་བཤད་མི་དགོས་ལྟ་བུ་གྱུར་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ཡིན།
མཐའ་བསྡོམས། ཁྱད་མཁས་སྨན་པས་སློབ་སྟོན་རིམ་འབུལ་ཞུས་པ་དང་། ༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པ། ༸གོང་ས་མཆོག་སྐུ་ངོ་མ་ནས་མང་ཚོགས་ལ་བཀའ་སློབ་གསལ་རྗེན་སྔ་རྗེས་གཉིས་ཕེབས་ཡོད་པ་བཅས་ལ་གཞི་རྩ་བཟུང་སྟེ། སྨན་བཅོས་འཕྲོད་བཞེས་གནང་བའི་ཆེད་དུ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བ་ཞིག་རེད་ཅེས་ངེས་བཟུང་གིས་ནན་བརྗོད་ཞུ་རྒྱུ་དེ་ཁོ་ན་ལས། བཀའ་ཤག་ལ་དེ་མིན་པའི་རྒྱུ་མཚན་འགྲེལ་བརྗོད་ཞུ་རྒྱུ་གཞན་གང་ཡང་མེད།
༢༽སྐུ་ཚབ་དོན་གཅོད་རྣམ་པའི་མཚན་གནས་ཀྱི་གནད་དོན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཞེས་པའི་འགོ་བརྗོད་འོག་གསལ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དོན་དང་དངོས་སུ་འབྲེལ་བའི་གལ་ཆེའི་གནད་དོན་ཞིག་རང་རེ་མཆོག་དམན་སུ་ཐད་ནས་མང་ཚོགས་ཀྱི་གླེང་སྟེགས་གང་སར་འབྲེལ་མེད་གླེང་སློང་དང་རྟོག་དཔྱོད་བྱེད་པ་ནི། མ་འོས་པ་དང་བློ་ཕམ་གྱི་གནས་ཤིག་ཡིན། འབྲེལ་ཆགས་སྲིད་སྐྱོང་གི་འོས་མི་དེ་ཉིད་ནས་སྐུ་ཚབ་དོན་གཅོད་རྣམ་པར་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་ཕྱོགས་ཀྱི་གནས་སྟངས་དང་། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༡ ནས་ཕྱེད་བགྲེས་ཡོལ་དང་ཕྱི་ལོ་ ༢༠༡༡ ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ལ་འགྱུར་འགྲོས་ཇི་བྱུང་གི་གནས་ཚུལ་བརྒྱུད་རིམ་ཆ་ཚང་མཁྱེན་བཞིན་དུ། རང་ཉིད་དང་འབྲེལ་བའི་དགོས་དོན་ཞིག་གི་ཆེད་དུ་གལ་འགངས་ལྷག་པར་ཆེ་བའི་གནད་དོན་ཞིག་དང་འབྲེལ་བའི་གནས་ཚུལ་ཐོག་འགྲེལ་བརྗོད་ལོག་པ་གནང་ཡོད་པ་ནི། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཡིན་པ་བཅས་ཀྱི་དངོས་དོན་གསལ་བཤད་དུ། ཞེས་བཀོད་འདུག
བཀའ་ཤག་གི་གསལ་བསྒྲགས་དེ་ཡིག་ཐོག་ནས་སྒྲོག་སྦྱངས་གནང་རྗེས་གསར་འགོད་པ་ཚོར་དྲི་བ་གཏོང་རྒྱུའི་གོ་སྐབས་མ་སྤྲད་སྟབས། གསར་འགོད་པ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་བསྐྱོད་དེ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ། གནད་དོན་དེའི་སྐོར་ལ་གསལ་བཤད་འདྲ་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། ཉེ་ལམ་ང་ལ་ནེའུ་ཡོག་དང་ནེའུ་ཇེར་སི་ནས་སྐད་ཆ་དྲིས་དུས། རྩ་བའི་ཆ་ནས་ངས་སྤྱི་ནོར་༧གོངས་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་གྲུབ་ཡོད་དུས། དེའི་སྐོར་ལ་གང་ཡང་ཞུ་རྒྱུ་མིན་ཞེས་གསལ་བོར་ཞུས་པ་ཡིན། སྤྱིར་བཏང་ངས་གནས་ཚུལ་ཤེས་ཀྱི་ཡོད་ཀྱང་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་གྲུབ་པའི་རྗེས་སུ་ངས་གསུང་བརྩིས་ནས་དེའི་སྐོར་བཤད་རྒྱུ་མིན་ཞུས་པ་ཡིན། ཡིན་ནའང་། ཨ་རིའི་མི་ཎི་སོ་ཊར་བསླེབས་སྐབས་ཀྱང་མི་ཞིག་གིས་ནན་ཏན་བྱས་ཏེ་སྐད་ཆ་དྲིས་ཏེ། ཚོགས་གཙོའི་སྐད་ཆ་བཤད་སྟངས་དེས་མང་ཚོགས་ནང་མ་མཐུན་པ་མང་པོ་ཞིག་ཆགས་ཀྱི་འདུག ཡིན་གཅིག་མིན་གཅིག་གསལ་བཤད་དགོས་ཀྱི་ཡོད་གསུངས་བ་རེད། སྐབས་དེར་ངས་གང་ཤེས་པ་དེ་ཞུས་པ་ཡིན། དེ་རིང་འདིར་བཀའ་ཤག་གིས་གསལ་བཤད་ཅིག་གནང་ཡོད་པ་རེད། རྩ་བའི་སྤྱི་ནོར་༧གོང་མཆོག་གིས་གསུངས་གནང་ཡོད་དུས་ང་ལ་མང་པོ་ཞིག་བཤད་རྒྱུའི་འདོད་པ་མེད། དེ་རིང་འདིར་ཞུ་རྒྱུ་མཐའ་མ་དེ་ཡིན།
དེ་རིང་གི་གསལ་བཤད་ནང་ང་ཚོ་མ་མཐུན་པ་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཟེར་ན། འདས་ལོའི་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་སྲིད་སྐྱོང་མཆོག་གིས་ང་ལ་ཞལ་པར་འབྱོར་བ་རེད། གནད་དོན་གཞན་ཚང་མ་འགྲིག་གི་འདུག ཡིན་ནའང་དེའི་སྐབས་ལ་ཚོགས་གཙོར་གསལ་བོར་ཞུས་ཏེ། ཞུ་སྟངས་དེ་འདྲ་ཆགས་སོང་ཞེས་གསུངས་ཡོད་ན། ངས་ཀྱང་དེ་བཤད་དགོས་དོན་ཡོད་པ་མ་རེད། དེ་རིང་གསལ་བཤད་འདིའི་ནང་གསལ་བོ་ག་རེ་གསུངས་ཡོད་པ་རེད་ཟེར་ན། བཀའ་ཤག་གིས་ཡར་ཞུས་པ་མ་ཡིན་པ་དང་། ༧གོང་མཆོག་གི་དགོངས་པ་དེ་དྲུང་ཆེ་གཉིས་མར་བཏང་བའི་གནས་སྟངས་གསུངས་ཡོད་པ་རེད། གནས་ཚུལ་དེ་ཕྱི་ལོགས་ལ་ཐོན་སྟངས་དེ་ག་འདྲ་ཞིག་ཐོན་དགོས་ཀྱི་ཡོད་མེད་ཐོག་ལ་བཀའ་ཤག་ནས་གསོལ་འདེབས་ཞུས་བ་ཡིན་པ་དེ་གསལ་ཡོད་སྟབས། རང་བཞིན་གྱིས་སྤྱི་ཚོགས་ནང་གླེང་སློང་མང་པོ་ཞིག་བྱུང་བ་རེད། ཚོགས་གཙོས་དེའི་སྐོར་ལ་མང་ཚོགས་ལ་གང་ཡང་ཞུས་མེད། ཡིན་ནའང་ཕྱི་ཟླ་ ༨ ཚེས་ཉེར་བདུན་དང་ཉེར་བརྒྱད་ལ་ག་རེ་བྱུང་ཡོད་མེད་དང་། ཕྱི་ཚེས་ ༢༩ ཉིན་དྲུང་ཆེ་གཉིས་མར་ཕེབས་ཏེ་གསལ་བཤད་གནང་བ་དེ་དག་སྲིད་སྐྱོང་གིས་ང་ལ་གསལ་བོ་གསུང་ཡོད་ན། ངས་དེ་ལྟར་ཞུ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་མ་རེད། ངས་གསལ་བཤད་ཞུ་རྒྱུ་གཅིག་དེ་ཡིན། ཕྱི་ཚེས་ ༣༠ ཉིན་སྲིད་སྐྱོང་མཆོག་གིས་ང་ལ་ཞལ་པར་གནང་བའི་སྐབས་སུ། ཕོ་བྲང་གི་དྲུང་ཆེ་གཉིས་མར་ཕེབས་ཏེ་ང་ལ་འདི་ལྟར་གསུངས་སོང་ཞེས་ནང་དོན་གསུང་ཡོད་ན། ད་ལྟའི་གནས་སྟངས་འདི་ཆགས་ཀྱི་ཡོད་པ་མ་རེད། ནང་དོན་གསལ་བོ་གསུངས་མེད་པའི་ཐོག་ནས་བཀའ་ཤག་གིས་ཡར་གསོལ་འདེབས་ཞུས་པ་ཡིན་ཟེར་བ་དེ་ཏག་ཏག་བསྡད་མེད་སྟབས་མང་ཚོགས་ནང་བསམ་ཚུལ་བྱུང་བ་དང་། ངས་གནས་ཚུལ་གང་ཤེས་པ་དེ་ངས་གསལ་བཤད་ཞུས་པ་རེད་མ་གཏོགས་བཀའ་ཤག་མ་བརྩིས་པ་དང་། བོད་མིའི་སྒྲིག་འཛུགས་ལ་ང་སྒེར་གྱི་ཁེ་ཕན་ཆེད་དུ་དེ་འདྲ་བྱས་པ་རྩ་བ་ཉིད་ནས་མིན་ཞེས་གསལ་བཤད་ཞུ་བཞིན་ཡོད།
དོན་ཚན་གཉིས་པ། ལྡི་ལི་དོན་གཅོད་ཕུད་པའི་སྐུ་ཚབ་དོན་གཅོད་ཁག་གཞན་པ་ཚོའི་༧གོང་མཆོག་གི་མཚན་གནས་ཕྱིར་བསྡུ་བྱས་པའི་སྐོར་དེ་རེད། དེའི་བརྒྱུད་རིམ་ཆ་ཚང་ངས་ཤེས་ཀྱི་ཡོད། ༧རྒྱལ་བ་རིན་པོ་ཆེས་དམིགས་བསལ་ཚོགས་ཆེན་གྱི་ཚོགས་མི་ཡོངས་ལ་བཀའ་ག་རེ་གནང་ཡོད་པ་རེད་ཟེར་ན། ངའི་མིང་དེ་གཡར་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་རེད། དེའི་བརྒྱུད་རིམ་ཆ་ཚང་མ་ཤེས་པ་མིན་ལ་ཤེས་བཞིན་དུ་ངས་གླེང་པ་དེ་འདྲ་ཡང་མིན། དེ་སྤྱི་འཐུས་རྒྱུན་ལས་ནང་གླེང་པ་རེད། སྤྱི་འཐུས་རྒྱུན་ལས་ནང་༧གོང་ས་མཆོག་གི་མཚན་གནས་ཕྱིར་བསྡུ་གནང་བའི་སྐོར་གྱི་གནས་ཚུལ་དེ་ཕྱི་ལོགས་སུ་ཡོངས་གྲགས་འགྲོ་སྡོད་ཀྱི་འདུག སྐུ་མདུན་ཆིབས་བསྒྱུར་དང་འབྲེལ་བའི་ཐོག་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བསྐོས་གནང་ཡོད་པ་གོ་རྒྱུ་འདུག དེའི་སྐོར་དགའ་ལྡན་ཕོ་བྲང་ནས་བཀའ་ཤག་ལ་ཕྱག་འཕྲིན་གནང་ཡོད་ན་དེའི་ངོ་བཤུས་ཤིག་དགོས་ཀྱི་འདུག གང་ཡིན་ཟེར་ན། དེ་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ནང་གསེས་གསུམ་པ་དང་འབྲེལ་བ་ཆགས་ཀྱི་འདུག་ཅེས་ཡར་དགའ་ལྡན་ཕོ་བྲང་ལ་ཞུས་པ་རེད།
གནད་དོན་དེ་འགྱུར་བ་ཆེན་པོ་ཞེ་དྲགས་ཡིན་སྟབས། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། དེ་ཕྱི་ཟླ་བརྒྱད་པའི་ནང་མར་བཀའ་གནང་བ་ཡོད་སྟབས། དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གིས་ག་རེ་གནང་ཡོད་མེད་ང་ཚོས་ཤེས་ཀྱི་ཡོད་པ་མ་རེད། ཕྱི་ཟླ་ ༩ པའི་ནང་གྲོས་ཚོགས་ཚོགས་པ་རེད། སྐབས་དེར་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པ་གཟིགས་ཀྱི་ཡོད་མེད་བཀའ་ཤག་གིས་ཐག་གཅོད་གནང་རྒྱུ་རེད། ཡིན་ཡང་དེའི་སྐོར་ལ་གླེང་སློང་ཙམ་ཡང་བྱུང་ཡོད་པ་མ་རེད། སྤྱི་འཐུས་ངོས་ནས་དེའི་སྐོར་རྩ་བ་ཉིད་ནས་ཤེས་ཀྱི་ཡོད་པ་མ་རེད། ཤེས་ཀྱི་མེད་སྟབས་དགའ་ལྡན་ཕོ་བྲང་ལ་ཕྱག་ཡིག་ཕུལ་ཏེ། སྤྱི་ཟླ་དང་པོའི་ཚེས་བདུན་བརྒྱད་ཅིག་ལ་བཀའ་ལེན་ཞིག་ཕེབས་འདུག དེའི་ནང་སྔོན་མ་ནས་སྐུ་མདུན་ལ་དགོངས་པ་ཡོད་པ་ལྟར་དགའ་ལྡན་ཕོ་བྲང་གིས་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང་ཚེ་རྒྱམ་ལགས་རྣམ་པ་གཉིས་མར་སྲིད་སྐྱོང་སར་བཏང་འདུག
དོན་དག་འགྲོ་ས་གཉིས་པ་མ་གཏོགས་ཡོད་མ་རེད། གཅིག་དེ་གལ་སྲིད་དེ་ལ་འགྱུར་བ་བཏང་བ་ཡིན་ན། འཛིན་སྐྱོང་ལ་མཛད་དཀའ་འཕྲད་ཀྱི་ཡོད་ན། མཛའ་དཀའ་དེ་འདྲ་འཕྲད་ཀྱི་འདུག དེ་མ་གནང་རོགས་ཞེས་ཡར་སྙན་སེང་ཞུ་དགོས་པ་རེད། དེ་ལ་སྐུ་མདུན་གྱིས་བཀའ་ཞིག་ཕེབས་ཀྱི་རེད། དགའ་ལྡན་ཕོ་བྲང་གིས་ཐག་གཅོད་གནང་ཟིན་པ་ཞིག་ཡིན་ན་དེ་དེ་བཞིན་དུ་འཛིན་སྐྱོང་གི་འགྲོ་སྟངས་ཐོག་ནས་དོན་གཅོད་ཁག་སོ་སོར་བཀོལ་ཁྱབ་གཏོང་དགོས་ཀྱི་ཡོད་པ་རེད། ཡིན་ནའང་བཀོལ་ཁྱབ་བཏང་མི་འདུག དེ་གཉིས་མ་གཏོགས་འགྲོ་ས་ཡོད་པ་མ་རེད།
ངས་མང་ཚོགས་ལ་ག་རེ་ཞུས་ཡོད་ཟེར་ན། འཛམ་བུ་གླིང་ལ་སྙོབ་ཐུབ་བྱེད་མཁན་དེ་དོན་གཅོད་ཁག་བཅུ་གཉིས་བཅུ་གསུམ་ཞིག་ཆགས་ཡོད་པ་རེད། དེའི་གནས་སྟངས་འདི་འདྲ་འདི་འདྲ་རེད། འཛམ་བུ་གླིང་གི་ས་ཆ་སོ་སོར་བགོ་བཤའ་བརྒྱབ་ཡོད་པ་རེད། ད་ལྟ་འགྱུར་བ་ཆེན་པོ་ཞིག་འགྲོ་བསྡད་ཡོད་པ་རེད། ང་སྲིད་སྐྱོང་ཆགས་པ་ཡིན་ན་མ་འོངས་པར་དོན་གཅོད་ཁག་གི་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་གསལ་བོ་བྱེད་རྒྱུ་ཡིན་ཞེས་ཞུས་ཡོད་མ་གཏོགས། དེ་འགྲིག་མ་འགྲིག་གི་གནད་དོན་གང་ཡང་ཞུས་མེད།
དེ་རིང་གི་གསལ་བསྒྲགས་ནང་༧སྐུ་མདུན་རང་གིས་མར་བཀའ་གནང་སྟེ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་པ་མང་ཚོགས་ལ་གསལ་བོ་ཆགས་པ་རེད། དེའི་ཐོག་ལ་ངས་སྐྱག་རྫུན་གང་ཡང་བཤད་མེད། བདེན་པ་མིན་པའི་གནས་ཚུལ་གང་ཡང་ཞུས་མེད། དེའི་སྐབས་སུ་སྲིད་སྐྱོང་མཆོག་གིས་ང་ལ་གནས་ཚུལ་གསལ་བོ་གསུངས་ཡོད་ན་འདི་ཆགས་གི་མ་རེད། ཡར་སྙན་གསེང་ཞུས་ཏེ་བཀའ་འཁྲོལ་སོང་གསུངས་པ་རེད། དེ་དངོས་ཡོད་གནས་ཚུལ་ཆགས་ཀྱི་ཡོད་པ་མ་རེད། དེ་རིང་གི་གསར་འགོད་གསལ་བསྒྲགས་ནང་། བཀའ་ཤག་གིས་གསལ་བོ་བྱས་ཏེ་གསུངས་ཡོད་སྟབས་འགྲིག་པ་རེད། ང་ལ་གང་ཡང་ཞུ་རྒྱུ་མེད་ཞུ་བཞིན་ཡོད། ཐུགས་རྗེ་ཆེ། ཞེས་གསུངས་སོང་།
གསར་འགོད་པ། པདྨ་རྒྱལ།
མའི་གཟུགས་ཕུང་བ་ཕྱུགས་ཀྱི་རྣམ་ཤེས་ཅན་རྣམས་ལ་ག་ཚོད་ཀྱི་གསལ་བཤད་གནང་ཡང་གོ་བརྡ་འཕྲོད་དཀའ། དེ་ལས་ཁྱེད་རང་ཚོ་རྩ་བཟའ་རུ་འགྲོ་ན་བཟང་།
གཞུང་ཞབས་ཐོན་ཏེ་དུས་དབང་ཕྱིར་འགྱངས་སྐོར་ལ་གསལ་བསྒྲགས་གནང་བ་འདི་སྲིད་སྐྱོང་ལས་ཐོག་པས་དུས་དབང་གོ་སྒྲིག་ཚོགས་ཆུང་དང་། སྐུ་སྒེར་ཡིག་ཚང་གཉིས་སྣང་མེད་གཏོང་གི་ཡོད་པའི་དཔང་རྟགས་ཤིག་རེད། དེ་ནི་སྲིད་སྐྱོང་ལས་ཐོག་པ་སོ་སོས་མཚན་སྙན་སྲུང་སྐྱོབས་ཆེད་དུ་མ་རེད་དམ། གསལ་བསྒྲགས་སྔ་ཕྱི་མ་མཐུན་པ་དང་། གསལ་བསྒྲགས་བྱེད་མཁན་བརྗེ་བསྒྱུར་བྱས་པ་དེས་གནས་ཚུལ་ཁུངས་བཙན་དུ་འགྲོ་རྒྱུ་རྩ་བ་ནས་མེད། དེ་ནི་འགྲོ་ལུགས་དང་མི་མཐུན་པའི་རང་ཤེད་ཅན་གྱི་བྱ་སྤྱོད་ཅིག་ལས་མ་འདས། དོན་དངོས་འགྲོ་ལུགས་ལྟར་ན། དུས་དབང་ཕྱིར་འགྱངས་ཐད་ཀྱི་གསལ་བསྒྲགས་དེ་སྐུ་སྒེར་ཡིག་ཚང་རང་གི་གནང་དགོས་པ་ཞིག་རེད། དེ་མིན་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་གནང་དགོས་པ་ཞིག་རེད།
ཚང་མས་མཁྱེན་གསལ་ལྟར་བཀའ་ཤག་གིས་གསལ་བསྒྲགས་དེ་ཡང་དུས་དབང་ཕྱིར་འགྱངས་གནང་རོགས་ཞེས་གསོལ་འདེབས་ཞུས་པ་དང་དེ་ལ་ཞལ་བཞེས་ཐོབ་ལུགས་བསྒྲགས་པ་རེད། ད་ཆ་བཀའ་ཤག་གིས་གསོལ་འདེབས་དེ་འདྲ་ཞུས་མེད། ༸གོང་ས་མཆོག་གི་སྨན་པའི་སློབ་སྟོན་དང་། ཐུགས་དམ་དགོངས་དོན་ཡིན་ཚུལ་རྗོད་བཞིན་པ་དེ་ག་རང་གི་འགྲོ་ལམ་རང་གི་བཀག་པ་མ་ཚད་མི་དམངས་ཀྱི་བསམ་བློར་འགན་མི་འཁུར་བའི་བྱ་སྤྱོད་ཅིག་རེད།
བདེན་པ་རྫུན་བཟོ་བྱས་ན་ག་ལ་འགྲིག ང་མས་དོན་གནད་འདི་ལ་བསམ་བློ་ཐོངས།
༡) བཀའ་ཤག་གམ་སྲིད་སྐྱོང་བློ་སེང་གིས་ཡར་ཞུས་པ་རེད་དམ་ཕོ་བྲང་ནས་མར་ཕེབ་པ་རེད།
བཀའ་ཤག་གི་གསལ་བཤད་དེ་དུས་བབ་ཏུ་བཀོད་འདུག །འདབས་སུ་མཆན་མང་པོའང་བཏབ་འདུག་པས་ཚང་མ་བཀླགས་ཡོད། མི་མང་པོ་ཞིག་ལ་བཀའ་ཤག་གི་གསལ་བཤད་དེས་དོགས་པ་བསལ་མེད་པ་དང་ལན་ཐེབས་མེད་པའི་རྣམ་འགྱུར་འདུག །ཁྱེད་རྣམ་པ་ལ་ཐུགས་ཁག་ཡོད་མ་རེད། གང་ལ་ཞེས་ན། དེ་རིང་ཁ་རྩང་སྲིད་སྐྱོང་འོས་མི་གཉིས་ཀྱིས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྟེགས་ལ་འགྲན་རྩོད་བྱེད་པའི་ལས་རིམ་འགྲོ་བཞིན་པའི་སྒང་རེད། དེས་ན་ཕྱོགས་གཉིས་ཀའི་རྒྱབ་སྐྱོར་བ་ཚོ་ལ་དོགས་པ་བསལ་ཐབས་དང་ལན་ཐེབས་ཐབས་ཡེ་ནས་ཡོད་མ་རེད། བློ་བཟང་སེངྒེའི་རྒྱབ་སྐྱོར་བ་ཞིག་ལ་མཚོན་ན་བློ་སེང་ལ་སྲིད་སྟེགས་མ་ཐོབ་བར་དུ་དོགས་པ་བསལ་ཐབས་དང་ལན་ཐེབས་ཐབས་ཡོད་མ་རེད། དེ་བཞིན་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ཞིག་ཡིན་ན་སྤེན་པ་ཚེ་རིང་ལ་སྲིད་སྟེགས་མ་ཐོབ་བར་དུ་དོགས་པ་བསལ་ཐབས་དང་ལན་ཐེབས་ཐབས་ཡོད་མ་རེད། འོས་མི་གཉིས་སུ་ལ་སྲིད་སྟེགས་ཐོབ་ཟིན་པའི་སྐད་ཅིག་གཉིས་པར་དོགས་པ་དང་ལན་ཚང་མ་ཐེབས་ཚར་རེད། ཚང་མ་འཇམ་ཐེང་ངེར་གྱུར་ཚར་རེད། ངོ་དེབ་དང་སྐད་འཕྲིན། དྲ་རྒྱ་སོགས་སུ་མཆན་པ་མིང་རྫུན་ཅན་ཇི་སྙེད་ཅིག་རང་བཞིན་གྱིས་ཡལ་ཚར་རེད། ཡིན་ནའང་སྲིད་སྐྱོང་འོས་མིར་བཞེངས་མཁན་རྣམ་པ་གཉིས་ཀས་གཙོ་པའི་སོ་སོའི་རྒྱབ་སྐྱོར་བ་ཚང་མས་སྐྱག་རྫུན་རྩ་བ་ཉིད་ནས་བརྗོད་རྒྱུ་ཡོད་མ་རེད། གང་ལ་ཞེས་ན་དུས་རབས་འདི་བརྒྱུད་ལམ་སྣ་ཚོགས་ཀྱི་དུས་རབས་ཤིག་ཡིན་ཙང་སྐྱག་རྫུན་རྐུབ་བརྡོལ་བར་ལས་སླ་པོ་རེད། དེ་བཞིན་ཕྱོགས་གཉིས་ཀའི་རྒྱབ་སྐྱོར་བ་ཚོ་ལ་མཚོན་ན་སོ་སོའི་སྐུ་པར་ངོ་མ་དང་མཚན་ངོ་མ་སྤྱད་དེ་མི་མང་བྱིངས་ལ་ངོ་འཕྲོད་པར་བྱས་ཏེ་རྒྱབ་སྐྱོར་གནང་ན་འོས་ཤིང་འཚམས་པའི་རྒྱབ་སྐྱོར་གནང་སྟངས་ཤིག་རེད་སྙམ་མོ།། མཐར་གནམ་ལོ་གསར་པར་བཀྲིས་བདེ་ལེགས་ཞུའོ།།
ད་དྲང་མོར་བཤད་ན་ད་ནི་སྐུ་ངོ་ཚོགས་གཙོ་མཆོག་གིས་ཞབས་འདྲེན་གཅིག་མཐུད་གཉིས་མཐུད་ཞུས་ཐལ་་་་་་་་ གཏོར་མ་ཕར་གཡུག མཐུ་ཚུར་ལ་ཟུག་སོང་། ཨ་རོགས་ཚོ་ད་ནང་འཁྲུག་རྒྱག་ན་ཅང་ཡོང་ནི་མ་རེད་་་་་་་་་་་ ངེད་ཚོ་བཙན་བྱོལ་བ་མགོ་སྟོང་སྐྱ་སྟོང་ཚོ་ཅང་ཡིན་ནི་མ་རེད་ར་་་་་་་་་་་ བོད་གཞིས་ལུས་མི་མང་ངོ་མ་སྙིང་མ་བརྗེ་་་་་་་་་་་
སྲིད་སྐྱོང་མཆོག་གིས་བཙོང་གི།
ཚོགས་གཙོ་མཆོག་གི་བཙོང་གི།
གོང་ས་བོད་མིའི་གཅེས་ནོར།།
རིན་ཐང་ཆུང་རུ་བཏང་སོང་།།
གཞུང་དང་ཚོགས་པའི་བཙོང་གི།
དམངས་དང་འགོ་བས་བཙོང་གི།
མི་ལོ་བརྒྱད་བཅུའི་གཅེས་ནོར།།
ཐོབ་དག་གོ་སར་བརྗེ་སོང་།།
རང་བཙན་ཕྱོགས་ནས་བཙོང་སོང་།།
དབུ་མའི་ཕྱོགས་ནས་བཙོང་སོང་།།
བཙོང་བཙོང་གཉིས་ཀྱི་ཐ་མ།
གངས་ཅན་ཕམ་ཚོང་ཤོར་སོང་།།
ནོར་བུ་རང་ལ་ཡོད་དུས།།
ནོར་བུའི་ནོར་ངོ་མ་ཆོད།།
ཙན་ཏན་སོལ་བར་བརྗེ་བའི།།
ཟློས་གར་མཐོང་བས་སྐྱོ་སོང་།།
ཆེས་ཧང་སང་དགོས་པའི་དགོངས་ཚུལ་ཁག་ཅིག་ནི། དུས་དབང་སྐོར་སྔ་ཕྱིའི་གསལ་བསྒྲགས་ཁག་བྱིས་པ་བསམ་མེད་ཚོས་ཀྱང་མགོ་ཚོས་ཡོད་ངེས་ཀྱང་། རང་དོན་ཁོག་བཅུག་གིས་མ་མཁྱེན་ཚུལ་དང་དཔལ་དགའ་ལྡན་ཕོ་བྲང་ནས་གསལ་བསྒྲགས་དགོས་ཚུལ། བཀའ་ཤག་གི་གསལ་བསྒྲགས་མ་འགྲིགས་ཚུལ་སོགས་ཁུངས་ལུང་མེད་པའི་མཆན་འགོད་བྱེད་ཀྱིན་པ་ཁག་ལ་རྒྱུ་མཚན་གང་ཡང་མ་མཐོང་། གང་ཞེ་ན། དོན་གྱི་བདག་པོས་སྔ་རྗེས་ཞིབ་གསལ་བཀའ་བསྩལ་ཟིན་པ་དང་དགའ་ཕོ་ནས་ཀྱང་སྔོན་གསལ་བསྒྲགས་ཟིན་པ་རེད་ལ་བཀའ་ཤག་ནས་ཀྱང་བཙན་བྱོལ་བོད་མིའི་བཅའ་ནས་བཀུར་བའི་༧གོང་ས་ཆེན་པོའི་དབུ་འོག་སྤུང་འདེགས་ཀྱིས་སྔ་རྗེས་གསལ་བསྒྲགས་གནང་སོང་། ད་མ་འགྲིགས་མཁན་སུ་རེད། གནས་དུས་འདི་འདྲ་ཞིག་ལའང་བསམ་ཚུལ་ཡོད་མདོགས་དང་འདི་འབྲེལ་མང་པོ་གསུང་བ་ཁག་ལ་དགེ་མཚན་དུ་མ་མཐོང་།།
འདས་པའི་ལོ་6རིང་བློ་སེང་གི་ཐད་དུ་ལངས་ཁུལ་བྱས་སོང་བ། བརླག་ཁེལ་མེད་པ། བློ་སེང་གི་ཁ་གཏད་དུ་ལངས་མཁན་དང་ཁ་གཏོང་མཁན། སྐྱོན་བརྗོད་བྱེད་མཁན་ཚང་མ་ཕམ་སོང་བ། རྒྱུན་མཚན་ནི་རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་ཟེར་བ་བཞིན་ནོ།
མཆན་ལོག་དང་མཆན་དཀྱོག་ག་ཚོད་བརྒྱབ་རུང་དཔྱོད་ལྡན་ཁྲེལ་ཡོད་ཀྱི་མི་ཚང་མའི་སེམས་ནང་གསལ་པོ་གསལ་རྐྱང་རེད། ད་ངོ་ཚ་རྒྱུ་ཡོད་པ་གྱིས། ཞབས་འདྲེན་མ་ཞུ། མིང་ག་ཚོད་བརྗེ་པོ་བརྒྱབ་རུང་ ip address གཅིག་པ་རེད་འདུག ལྐུག་པ། སྒེར་ནད་སྤྱི་ཐོག་ཏུ་བཞག་མི་རུང་། དྲ་འབུ་ཁྱེད་སུ་ཡིན་གསལ་པོ་རེད། བློ་སེང་ལ་ཅང་གནོད་ཐུབ་ནི་མ་རེད། དཔྱོད་ལྡན་དྲང་བདེན་གྱི་མི་མང་མགོ་སྐོར་མི་ཐུབ་པ་ར་འཕྲོད་ཚོད་ཡིན། ། ད་ངོ་མ་ཁྱེད་ཐང་ཆད་ཚོད་རེད།
དུས་དབང་གལ་ཆེན་པོ་ཡིན་ཏེ།མགོན་པོ་གང་ཉིད་ཀྱི་སྐུ་གཟུགས་བདེ་ཐང་དེ་བས་ཀྱང་གལ་ཆེ།
དེ་རིང་གདོང་སྲིད་སྐྱོང་འོས་མིར་འོས་བླུག་རྒྱུ་གོ་སྐབས་བྱུང་བ་དེ་བོད་མི་རྣམས་ཀྱི་དགའ་བ་སྒོམ་དགོས་པ་ཡིན་ནམ་སྙམ།
འོན་ཀྱང་བོད་མི་སྐྱབས་བཅོལ་གྱི་ཁོར་ཡུག་ཆུང་ཆུང་འདི་ནང་དེང་དུས་ཀྱིས་འཕྲུལ་གསར་བེད་སྤྱོད་བྱ་སྟེ་འོས་མི་ཕྱོགས་གཉིས་ལ
སྐྱོན་བརྗོད་དང་ཟུར་ཟ་གང་ཐུབ་བྱེད་བཞིན་ཡོད།དེ་ལས་ལྡོག་སྟེ་རྒྱ་ནག་དམར་གཞུང་གི་བོད་ལ་འཛིན་པའི་སྲིད་ཇུས་ལ་དགག་ལན་
གནད་འཁེལ་པ་རྒྱག་ཐུབ་པ་ཞིག་ངས་མཐོང་མ་སོང།ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ཇི་ལྟར་ཡོད་པ་ཚང་མ་མཐོང་གསལ་རེད།
དེ་འདྲའི་བྱ་པ་ཡིན་ན་ཕན་ཐོག་འདུག་དང་མི་འདུག་བསམ་བློ་ཐོངས་ཨེ་མྱོང།
གཤམ་དུ་མཆན་གཉིས་ཕུད་གཞན་ཚང་མ་མི་གཅིག་གིས་གདོང་འབག་སྣ་ཚོགས་གྱོན་ནས་བྲིས་འདུག འདི་རིགས་ཀློག་པ་པོ་དང་དུས་བབས་ཚང་གིས་དོ་སྣང་ཡོད་པ་ཞུ།
ཁ་བརྡ་དྲ་ཚིགས་ནས་འདྲེན་འགོད་ཞུས་པར།
བཀའ་ཤག་རང་གི་གསལ་བསྒྲགས་སྔ་ཕྱིའང་མི་མཐུན་པས་མི་མང་སླར་ཡང་རྨོངས་སུ་བཅུག དེ་ནི་གཤམ་གསལ།
འདས་ལོའི་ཟླ་ ༨ ཚེས་ ༣༡ ཉིན་སྲིད་སྐྱོང་སྐུ་དངོས་ཀྱིས་བསྐྱངས་པའི་གསལ་བསྒྲགས་ནང་དུ། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། བསྟན་བདག་བླ་ཆེན་རྣམ་པའི་གསོལ་འདེབས་ཞུ་སྐུལ། མི་མང་ཐུགས་ཁུར་ཅན་སོགས་ཀྱིས་༧གོང་ས་མཆོག་གི་མཛད་འཆར་ཉུང་འཕྲི་དང་སྐུ་ངལ་གསོ་བའི་དུས་ཚོད་མང་ཙམ་ཡོང་ཐབས་དགོས་སྐོར་རིམ་ཞུས་ལ་བརྟེན་ནས་དབུས་བོད་མིའི་བཀའ་ཤག་གིས་འགན་ཁུར་ཆེ་བཞེས་ཀྱིས་མཛད་འཆར་ཉུང་འཕྲི་ཆེད་དུས་དབང་ཕར་འགྱང་ཆོག་པའི་སྙན་གསན་སྒྲོན་འབུལ་ཞུས་པ་བཞིན་༧གོང་ས་མཆོག་ནས་བཀའ་བཞེས་ཐོབ་པ་བསྒྲགས་ཡོད། དེ་ནི་བཀའ་ཤག་གི་ཡིག་ཆ་<>ཞེས་པར་འདིར་ལྟར་གསལ་སྟེ་“དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། ཆོས་བརྒྱུད་ཁག་གི་དབུ་འཁྲིད་བསྟན་བདག་བླ་ཆེན་རྣམ་པས་ཉེ་ཆར་༧སྐུའི་གྱ་སྟོན་སྐབས་གསོལ་འདེབས་ཞུ་སྐུལ་དང་། དེ་བཞིན་མང་ཚོགས་ཁྲོད་ཀྱི་ཐུགས་ཁུར་ཅན་དང་། གཞིས་བཞུགས་ཁག་ཅིག་གིས་རྣམ་ཀུན་ནས་༧ གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་། སྐུ་ངལ་གསོས་པའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན། སང་ལོའི་དུས་འཁོར་དབང་ཆེན་བསྩལ་རྒྱུ་སྔོན་དུ་ཞལ་བཞེས་སྐལ་བཟང་ཐོབ་ཟིན་ནའང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་མཛད་འཆར་ཉུང་འཕྲི་ཡོང་བ་གསོལ་འདེབས་ཀྱིས་ཕར་འགྱངས་ཆོག་པའི་སྙན་གསན་སྒྲོན་འབུལ་ཞུས་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟབས་”ཞེས་སོགསདུས་དབང་ཕར་འགྱང་བཀའ་ཤག་གིས་ཡར་སྙན་གསན་ཞུས་པ་གསལ་ཡོད།
ཡིན་ནའང་། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ སྟེ་དེ་རིང་གི་གསལ་བསྒྲགས་<>ཅེས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་ལ་གོ་བསྡུར་ཆེད་སྐུའི་དྲུང་ཆེ་གཉིས་སྲིད་སྐྱོང་སར་མངགས་སྟེ་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཆེད་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་ན་ལེགས་པའི་རྒྱུ་མཚན་གསལ་ཞུས་ལ་སྲིད་སྐྱོང་གིས་བཀའ་ཤག་ནས་བཀའ་ཇི་བཞིན་སྒྲུབ་རྒྱུར་བརྒྱ་ཆ་བརྒྱ་མོས་མཐུན་ཡོད་རབས་གསལ། དེའང་ཡིག་ཆ་དངོས་ཀྱི་བརྗོད་ཚིག་གཤམ་གསལ།
“གནད་དོན་དེའི་བྱུང་རིམ་དངོས་ནི། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ༸གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་སྐོར་བཀའ་བསྡུར་རིམ་པར་བྱུང་ཡོད་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྡི་ལིར་ཁྱད་མཁས་སྨན་པས་བརྟག་དཔྱད་ཞུས་སྐབས་ Prostate བསྙུན་གཞི་ངོ་སྤྲོད་བྱུང་སྟེ་སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། ༸གོང་ས་མཆོག་ཉིད་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ཏེ། སྨན་བཅོས་གནང་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཕྱིར་འགྱངས་གནང་ན་ལེགས་པ་གསལ་བབས་བྱུང་སྐོར་བཅས་གསུངས་ཐོག དུས་འཁོར་དབང་ཆེན་གྱི་མཛད་འཆར་ནི། མཛད་འཆར་གཞན་དང་མི་འདྲ་བ་འགོ་འཛུགས་ཟིན་རྗེས་གློ་བུར་བར་མཚམས་འཇོག་དགོས་བྱུང་ཚེ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་བརྡབ་གསིག་ཆེན་པོ་ཡོང་ངེས་ཡིན་སྐོར་འཕྲོས་མོལ་ཡང་བྱུང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས། ༸རྒྱལ་བའི་སྐུ་ཁམས་འཕྲོད་བཞེས་ལས་གལ་གནད་ཆེ་བའི་དོན་གནས་གཞན་མེད་པ་དང་། ཁྱད་པར་༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པའི་གནད་དོན་ཞིག་ཡིན་པར་བརྟེན། བཀའ་ཤག་ནས་༸རྒྱལ་བའི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུར་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་དང་།” ཞེས་སོགས་གསལ།
དུས་འཁོར་དབང་ཆེན་ཕར་འགྱང་ལ་བཀའ་ཤག་གིས་སྔ་ཕྱི་མི་མཐུན་པའི་གསལ་བསྒྲགས་གཉིས་བསྐྱངས་དགོས་དོན་ཅི་ཞིག་ཡིན་ནམ། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ངམ་གཞན་ཞིག་གིས་ད་དུང་དུས་དབང་ཕར་འགྱང་སྐོར་ལ་བགྲོ་གླེང་སླེབས་ཚེ་བཀའ་ཤག་གི་རིམ་པ་གསུམ་པའི་གསལ་བསྒྲགས་སུ་ཅི་ཞིག་ཡོང་གི་རེད་དམ། ང་ཚོ་མི་མང་གིས་བཀའ་ཤག་གི་གསལ་བསྒྲགས་ལ་ཇི་ལྟར་ཡིད་ཆེས་བྱ་དགོས་སམ། ལས་ཐོག་བཀའ་ཤག་གིས་མི་མང་ལ་ཅི་ཞིག་གསང་བ་བྱེད་ཀྱི་ཡོད་དམ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་ལ་ད་དུང་མི་མང་མགོ་འཐོམས་བྱེད་ཀྱི་ཕྱག་ལས་ག་ཚོད་ཅིག་ཡོད་དམ། གཞུང་གིས་མི་མང་མགོ་འཐོམས་བཟོ་བ་ནི་མང་གཙོའི་སྒྲོམ་གཞི་ཅན་གྱི་དབང་འཛིན་པའི་བྱེད་སྟངས་ལ་རུང་ངམ།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ནས་སྔ་ཕྱིར་གསལ་བཤད་དྲགས་མོ་གནང་གདའ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཕྱོགས་རིས་ཅན་ཁ་ཤས་ཀྱི་ཨ་ཅོག་ནང་ཡོད་ཚད་དྲི་མ་ཅན་ཆགས་ཡོད་པས་དེ་རིགས་ལ་གསལ་བཤད་ཨུ་ཚུགས་རྒྱག་དགོས་པ་མི་འདུག
བཀའ་ཤག་ཟེར་བ་དེ་བོད་མི་ཚང་མའི་གཞུང་དང་སྒྲིག་འཛུགས་ཀྱི་ལྟེ་གནས་ཡིན་པས་བཀའ་ཤག་རང་སྡོད་ས་ནས་ཏག་ཏག་སྡོད་རོགས་ཞུ་བ་ཡིན། ཉེ་ཆར་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུ་ལགས་ཀྱིས་གཏམ་བཤད་ཅིག་ལ་འཕྲོད་བསྟེན་ལས་ཁུངས་ནས་ལན་འདེབས་བྱས་ཡོད་པ་དང་། ཚོགས་གཙོའི་གཏམ་བཤད་ལའང་བཀའ་ཤག་གིས་མིང་འཁྱེར་ནས་ལན་འདེབས་བྱས་འདུག་པས་བཀའ་ཤག་བར་ཚུགས་སུ་གནས་མ་ཐུབ་ན་མི་མང་ཡིད་ཆེས་བརླག་ངེས་རེད།
དུས་དབང་གནང་ཕྱོགས་སྐོར་དོན་གྱི་བདག་པོ་༧གོང་ས་ཆེན་པོས་སྔ་རྗེས་བཀའ་གསལ་གནང་ཟིན་རྗེས་སྤྱི་འཐུས་ལས་ཐོག་ཚོགས་གཙོ་ཡིན་བཞིན་པའི་སྤེན་ཚེས་འགན་ཁུར་མེད་པར་མགོན་པོ་གང་ཉིད་སྨན་ཁང་དུ་སྐུའི་འཕྲོད་བསྟེན་གནང་བཞིན་པའི་སྐབས་འདིར། ཐུགས་ཕམ་འབྱུང་གཞིའི་རིགས་མ་གནང་རོགས་ཞུ་གི་ཡོད། འདས་པའི་ཚོགས་གཙོའི་ལས་རྒྱུན་རིང་ཇི་གནང་ཚང་ཤེས་གསལ་དང་ཉེ་སྔོན་ཨ་རིར་ཕེབས་སྐབས་ཀྱི་བཀའ་སློབ་གནང་བ་ལས་འབྲེལ་ཆགས་ལ་གཟིགས་དང་མཁྱེན་རྒྱུ་རེད། https://www.facebook.com/Tbetanboy11/videos/1010139955707060/
བརྙན་ཐུང་འདི་ནང་སྤེན་པ་ཚེ་རིང་གི་གཏམ་སྔ་ཕྱི་མི་མཐུན་པ་བཤད་པ་དང་གཅིག གཉིས་པ། དེ་རིང་རྡ་ས་གསར་འགོད་པ་ལ་རྫུན་གཏམ་བཤད་པ་གཉིས་དམར་རྗེན་དུ་སྟོན་ཡོད།
གཅིག་ནི། ཁོས་ཨ་རིའི་ནང་ལ་གཏམ་བཤད་བྱས་པའི་སྐབས་སུ། སྲིད་སྐྱོང་གི་ཁོ་ལ། སྤྱི་ཟླ་08-29 ཉིན་ཁོ་ལ་ཞལ་པར་ཕེབས་སོང་ཟེར་བ་དང་། ཡང་རྡ་ས་གསར་འགོད་པ་ལ། སྲིད་སྐྱོང་གི་ཁོ་ལ་སྤྱི་ཟླ་08-30 ཉིན་ཞལ་པར་འབྱོར་སོང་ཟེར་བའི་གཏམ་སྔ་ཕྱི་འགལ་བའི་སྐད་ཆ་བཤད་པ་དང་།
གཉིས་པ། ཁོས་དེ་རིང་རྡ་ས་གསར་འགོད་པ་ལ། སྐུ་སྒེར་དྲུང་ཆེ་གཉིས་བཀའ་ཤག་ནང་ལ་མར་ཕེབས་ནས་གསལ་བཤད་གནང་བ་ཁོ་ལ་སྲིད་སྐྱོང་གི་མ་ལབ་པའི་རྐྱེན་གྱི་གསལ་བསྒྲགས་མ་བྱས་བར་དུ། སྔོན་ཆེད་ལ་ཁོས་ཤེས་མ་སོང་ཟེར་ནས་རྫུན་བཤད་བྱས་པ།
རྒྱུ་མཚན་ནི། སྔོན་མ་ཁོས་ཨ་རིའི་ནང་ལ་གཏམ་བཤད་གཅིག་བྱས་སྐབས་པའི་སྐབས་སུ། སྐུར་སྒེར་དྲུང་ཆེ་གཉིས་བཀའ་ཤག་ནང་ལ་མར་བཏང་པ་རེེད་ཟེར་ནས་ཡང་ཁོས་ཤེས་ཡོད་ཚུལ་གཏམ་བཤད་བྱས་འདུག ད་གཏམ་གང་ལ་བདེན་འཛིན་དགོས་རེད། ཨ་ཁ་མི་འདི་དང་།
སྤྱི་ཚོགས་ནང་༧གོང་ས་མཆོག་ལ་མཚན་སྨད་བྱེད་མཁན་དང་། ༧གོང་ས་མཆོག་རྒྱལ་འཚོང་བ་རེད་ཟེར་པ། ལ་སོགས་པ་ལ་སོགས་པའི་གནས་ཚུལ་ཐབས་སྡུག་མང་པོ་ཡོང་བའི་སྐབས་ལ་བཀའ་ཤག་ལྷན་རྒྱས་འཇམ་ཐེང་ངེ་བཞུགས་པ་རེད། ད་ལྟ་དུས་དབང་ཕྱིར་འགྱངས་སྐོར་ནས་སྲིད་སྐྱོང་མཆོག་གི་བྱས་ཉེས་སམ་རྫུན་རྐུབ་ཐོན་ཡོང་དུས། རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་གསར་འགོད་བསྒྲགས་གཏམ་སྤེལ་སྟངས་འདི་ལ་བལྟས་ན། ༧གོང་ས་མཆོག་ལས་སྲིད་སྐྱོང་རང་ཉིད་སྲུང་སྐྱོབ་བྱེད་གལ་ཆེ་བ་ལྟ་བུ་བྱས་འདུག་པ་འདིས་བློ་ཡིད་ཚིམས་པ་མ་བྱུང་།
བཀའ་ཤག་གི་གནང་སྟངས་འདི་ངོ་མ་སྡུག་ཅག་རེད། དང་བོར་མི་དམངས་ལ་སྐྱག་བརྫུན་བཤད། བརྫུན་ཨ་གྲ་གཉིས་ཀྱི་རྔ་མ་ཐུང་ཞེས་པ་ལྟར་སྐྱག་བརྫུན་གྱི་བོང་མཇུག་བརྡོལ་བས། ཡང་སྐྱག་བརྫུན་བཤད་པ་དེ་དགོས་དབང་ཡིན་མདོག་བྱེད། ད་དུང་རྫིག་རྫིག་བྱས་ནས་བྱས་ཉེས་ངོམ་སོར་འཁྱེར་གྱི་འདུག ངོ་མ་བཤད་ན་ད་ལྟའི་བཀའ་ཤག་གི་ད་ལྟའི་གནང་སྟངས་འདི་མི་དམངས་ལ་འགན་མ་འཁྱེར་རེད། མི་དམངས་ལ་མགོ་གཡོག་མགོ་སྐོར་རེད། མི་དམངས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་རེད།
ཡང་ཅིག་བཤད་ན་ང་ཚོའི་གཞུང་འདི་དྲང་བོ་དྲང་རྐྱང་དང་ཕྱི་གསལ་ནང་གསལ་ཡིན་ཞེས་འཛམ་གླིང་ལ་བསྒྲགས་ཤིང་རྒྱ་ནག་ལ་ངོམ་བཞིན་ཡོད་པ་རེད། ད་ལྟོས་དང་། ངོ་མ་དེ་འདྲ་ཞིག་རེད་དམ། འདི་འདྲའི་ཐོག་ནས་སྐྱག་བརྫུན་བཤད་བཞིན་ཡོད་ན་གཞན་དག་ལ་ཡིད་ཆེས་བྱེད་ས་འགྲོའམ། མི་དམངས་ལ་སྐྱག་བརྫུན་བཤད་དེ་མགོ་གཡོག་མགོ་སྐོར་གཏོང་བ་འདི་གནས་སྟངས་ཚབས་ཆེ་ལོད་གང་འདྲ་ཞིག་ཡིན་པ་མཁྱེན་གྱི་མེད་པ་ཨེ་རེད། དཀའ་ཤག་ཨང་། རེ་ལྟོས་ཀྱིས་བརྟས་པའི་ང་ཚོ་ཡིད་ཆད་དུ་བཅུག་བྱུང་།
བཀའ་དྲུང་ཡིག་ཚང་གི་ལས་བྱེད་ཅིག་ལ་སྐད་ཆ་དྲིས་བ་ཡིན། ཞོགས་པ་ནས་ཉིན་གུང་ཆུ་ཚོད་གསུམ་པ་བར་དུ་སྲིད་སྐྱོད་བློ་བཟང་སེང་གེ་ཡིག་ཚང་དུ་གཞུགས་ཡོད་པ་མ་ཟད། སྐུ་མགྲོན་བཅར་མི་སོགས་མེད་པར་དུས་ཚོད་སྟོང་པར་བཞུགས་འདུག་ཟེར། བྱས་ཙང་ཅིའི་ཕྱིར་སྲིད་སྐྱོང་མཆོག་གསར་འགོད་གསལ་བསྒྲགས་ལ་བཅར་མ་ཐུབ་པ་རེད་དམ། ག་རེ་བྱས་ནས་གཞུང་འབྲེལ་ཡིན་པའི་མཚོན་དོན་དུ་བཀའ་དྲུང་ཆེ་མོ་དང་། དྲིལ་བསྒྲགས་དྲུང་ཆེ་གཉིས་བེད་སྤྱོད་གཏོང་དགོས་སམ། ག་རེ་བྱས་ནས་དྲི་བ་དྲིས་ལན་མེད་པ་རེད་དམ། གསལ་བསྒྲགས་བསྐྱངས་མཁན་རྣམས་ལ་དབང་ཆ་དང་གོ་བབ་གང་ཡང་མེད་པར་ནེ་ཙོ་ནང་བཞིན་ཀློག་མཁན་ལས་གང་ཡང་མ་རེད། དུས་འཁོར་དབང་ཆེན་ཞུས་ཡོད་ཟེར་ནས་རྫིགས་མདོག་ཁ་པོས་མི་མང་ལ་ཅིག་འཇོན་ཡོད་མདོག་མདོག་གིས་གསལ་བསྒྲགས་བྱེད་པ་དང་། ཅིག་འགྲིག་མ་འགྲིག་དང་ནག་ཉེས་ཕོག་ས་རེད་སྙམ་དུས་དྲུང་ཆེ་རྣམ་པ་མདུན་ལ་གཡུག་པའི་བྱེད་སྟངས་དེ་ག་རེ་ཡིན་ནམ། ཁོང་ཚོ་ལ་ཁེག་མེད། ཕྱི་ཟླ་༨ ཚེས་༢༧ དང་༢༨གཉིས་ལ་ག་རེ་བྱུང་མིན་གསལ་མི་འདུག སྲིད་སྐྱོང་གིས་ཚེས་༢༧ ཉིན་ཁ་པར་བཏང་ནས་གནད་དོན་ཞིག་གི་ཐད་ནས་ཐུགས་་དཀྲུགས་ཏེ་དགོངས་པ་ཚོམ་དུ་བྱས། དེ་ནས་ཚེས་༢༨ ཉིན་སྐུ་མདུན་དབུ་བཞུགས་ཐོག་དགའ་ལྡན་ཕོ་བྲང་ནང་གྲོས་བྱས་ཏེ་དུས་དབང་ཕྱིར་འཐེན་བྱེད་རྒྱུ་བྱས། ཚེས་༢༩ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་གཉིས་བཀའ་ཤག་ཏུ་ཕེབས་ནས་ཕྱི་ཚུལ་དུ་གོང་ས་མཆོག་གི་སྐུ་ངལ་དང་སྨན་བཅོས་མིང་ཐོག་ནས་དུས་དབང་ཕྱིར་འཐེན་བྱས་བ་རེད། ད་དུང་བཀའ་ཤག་གིས་སྐུ་ངལ་ཆེད་ཡར་ཞུས་ཏེ་དུས་དབང་ཕྱིར་འཐེན་བྱས་ལུགས་དང་ད་སྐབས་གོང་ས་མཆོག་ནས་མར་བཀའ་གནང་བ་ཞིག་ཡིན་ཚུལ་བཤད་གི་ཡོད་རེད། སྲིད་སྐྱོད་འོས་མི་སྤེན་པ་ཚེ་རིང་ལ་ཁ་རྡུང་བཏང་བས་ཅི་ཡང་མི་ཕན། ནོར་འཁྲུལ་སོ་སོས་བཟོས། དོན་དག་ངོ་མ་མི་མང་ནང་ཁྱབ་སྐབས་ལག་པ་ཕྱིས། སྲིད་སྐྱོང་གི་ལས་ཀ་མང་ཆེ་བ་ཡ་ཡུས་རྐྱང་ལས་གི་ཡོད། ད་དེ་ཙམ་ཡིན
སྤྱིར་སྲིད་སྐྱོང་ཡག་ཉེས་ཅི་ཡིན་ལ་ངས་ཐེ་གཏོགས་མི་བྱེད། དུས་འཁོར་དབང་ཆེན་ཕྱིར་འགྱངས་གསལ་བསྒྲགས་བྱེད་སྟངས་ཀྱི་གསལ་བཤད་ལ་བལྟས་དུས་དེ་མང་ཚོགས་ལ་སྐྱག་རྫུན་གྱི་གསལ་བསྒྲགས་གནང་དགོས་པ་ཞིག་མིན་པས། སྐྱག་རྫུན་བཤད་མི་དགོས་སར་སྐྱག་རྫུན་བཤད་པ་དེ་ལ་བློ་ཕམ་ཡོད། རྗེས་མ་ཡག་རབས་རྒྱན་རབས་ཇི་འདྲ་བཤད་ཀྱང་ཡིད་ཆེ་མི་ཐུབ་པ་ཆགས་སོང་། ད་ང་ཚོས་བཀའ་ཤག་འདི་འདྲའི་སྐྱག་རྫུན་བཤད་མཁན་ཞིག་ཆགས་དུས་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད།
ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་འཁྲུག་པ་ལ།
༈ པུར་མིང་དང་འབྲེལ་བའི་གསལ་བཤད་མེ་ལོང་མ།
ཆེས་རྙོག་འཛིན་ཆེ་བའི་བཙན་བྱོལ་བའི་སྤྱི་ཚོགས་ནང་དུ་འོས་བསྡུར་ལས་རིམ་དང་འབྲེལ་བའི་གཡུལ་འཐབ་ཀྱི་སྐབས་འདིར་ང་སྒེར་དང་འབྲེལ་བའི་གསལ་བཤད་སྙིང་བསྡུས་ཤིག་ཞུ་རྒྱུར།
བདག་ལ་མཚོན་ན་འདི་ལོའི་སྲིད་སྐྱོང་འོས་མི་གཉིས་ཀྱི་བར་དུ་གཅིག་ཡག་གཅིག་སྡུག་གི་བསམ་ཚུལ་ཡིག་ངག་གཉིས་ཀའི་ལམ་ནས་སྤྱི་ཚོགས་ཀྱི་ནང་དུ་གང་ཡང་སྤེལ་གྱི་མེད། ཡིན་ནའང་དེ་རིང་ཞོགས་པར་བོད་ཀྱི་དུས་བབ་ནང་དུ་གུས་པའི་པུར་མིང(ལྷ་རྒོད་)ཟེར་བ་ཞིག་གིས་མཆན་བུ་ཞིག་བཀོད་འདུག ། སྤྱིར་བཏང་(ལྷ་རྒོད་)མིང་ཅན་གྱི་སྐྱེ་བོ་མང་པོ་ཡོད་སྲིད་པ་དང་ཡོད་ཆོག་པ་ཞིག་ཡིན་མོད། འདས་ཟིན་པའི་ལོ་ངོ་གསུམ་ལྷག་ཙམ་གྱི་རིང་དུ་ངོ་དེབ་དང་སྐད་འཕྲིན་སོགས་སུ་དུས་ཚོད་མང་པོ་བཏང་མཁན་ཞིག་ཡིན་པས་ངོས་ནས་བཤད་ན་(ལྷ་རྒོད་)ཅེས་པའི་པུར་མིང་ནི་རང་ཉིད་ཁོ་ནའི་པུར་མིང་དུ་མཐོང་ཡོད། ཡིན་ནའང་དེ་རིང་དུས་བབ་དྲྭ་གནས་སུ་བཀའ་ཤག་གིས་གསལ་བཤད་དང་དག་སེལ་ལ་མི་འདོད་པའི་མཆན་བུ་འདོགས་མཁན་ལྷ་རྒོད་མིང་ཅན་ཞིག་མཐོང་སོང་བས་བཀུར་འོས་དྲྭ་གྲོགས་ཡོངས་ཀྱིས་མཁྱེན་དགོས་པ་ཞིག་ནི་ཕྲན་རང་གི་དུས་བབ་དང་ཁ་བརྡ་སོགས་སུ་མཆན་དང་རྩོམ་ཡིག་གང་ཞིག་སྤེལ་རུང་དངོས་མིང་འཇམ་གཅེས་ཁོ་ནར་ངེས་པ་ཡིན། དེ་མིན་ངོ་དེབ་དང་སྐད་འཕྲིན་ནམ་འཕྲིན་ཕྲན་དག་ལ་ནི་པུར་མིང་གཙོ་བོར་སྤྱོད་པ་དང་སྐབས་རེར་དངོས་མིང་འཇམ་གཅེས་དང་པུར་མིང་(ལྷ་རྒོད་)གཉིས་ཀ་མཉམ་དུ་སྤྱོད་ཀྱིན་ཡོད།
ཕྱོགས་གཅིག་ནས་བཤད་ན་དེང་གི་དུས་འདིར་སྤྱི་ཚོགས་དྲྭ་འབུ་དག་གིས་བྱ་སྤྱོད་ལ་གསལ་བཤད་དགོས་གལ་མི་ཆེ་མོད། སྐབས་རེར་ཐལ་སྤྱོད་ཀྱི་རིགས་ལ་གསལ་བཤད་དང་བརྡ་ལན་རེ་མ་བྱས་ཚེ། འགན་ཁུར་གྱི་ནུས་པ་དང་བཟང་སྤྱོད་ཀྱི་མཚན་གཞི་ས་རྡུལ་ཕྲ་མོ་ཙམ་ཡང་མེད་པའི་ཁར། ཡོད་ཚད་ནས་ཡོད་ཚད་ནག་པོར་བསྒྱུར་རྒྱུའི་དམིགས་ཡུལ་ནི་དྲྭ་འབུ་ལས་མེད་དག་གི་འོས་འགན་ལྟ་བུར་སོང་གཤིས་དེ་རིང་གུས་འཇམ་གཅེས་སམ་ལྷ་རྒོད་ཟེར་བའི་མིང་ཐོག་ནས་སྲིད་སྐྱོང་འོས་མི་སུ་ལའང་སྐྱོན་བརྗོད་ཀྱི་ཡི་གེ་ན་གཅིག་བྲིས་མྱོང་མེད་ལ་འབྲི་འཆར་ཡང་མེད་ཅེས་གུས་མིང་འཇམ་གཅེས་སམ་པུར་མིང་ལྷ་རྒོད་ཀྱིས་2016/2/6ཉིན་གསལ་བཤད་ཀྱི་ཚུལ་དུ་སྤེལ།
དུས་འཁོར་དབང་ཆེན་གོ་སྒྲིག་གི་འགན་དབང་དེ་ཆོས་རིགས་ལས་ཁུངས་སུ་ཡོད་པ་གོ་སོང་མོད་དེ་རིང་དྲུང་ཆེ་གཉིས་ཀྱིས་དྲི་བ་དྲི་ལན་མེད་པའི་གསར་འགོད་གསལ་བསྒྲགས་ཤིག་གནང་འདུག་པས་རྒྱུ་མཚན་གསལ་པོ་ཆགས་མ་སོང་།
བཀའ་ཤག་གིས་འོས་བསྡུའི་སྐབས་འདིར་ནུས་པ་མཉམ་སྤུངས་ཀྱིས་སྲིད་སྐྱོངས་ལས་ཐོགས་པར་རོགས་འདེགས་བྱེད་ཀྱིན་འདུག་པས་མི་མང་གི་རེ་བར་བཀའ་ཤག་བར་གནས་སུ་བཞུགས་ཐུབ་ན་ལེགས་པར་མཐོང་། དཔེ་མཚོན་ཙམ་ནི་བཀའ་བློན་དང་དྲུང་ཆེ་ཁག་ཅིག་འོས་བསྡུའི་སྐབས་མཚམས་སུ་ས་གནས་ས་ཐོག་ཏུ་སོང་སྟེ་མི་མང་ལ་སྲིད་སྐྱོང་གི་མཛད་རྗེས་དྲིལ་བསྒྲགས་བྱེད་པ་དང་། སྲིད་སྐྱོང་སྒེར་གྱི་ཁྱབ་བསྒྲགས་ཆེད་གཞུང་དོན་འགྲོ་སོང་བཏང་ནས་ཕེབས་བཞིན་པ་དེ་ཚོ་རེད།
འོས་བསྡུའི་སླེབས་ཉེར་མཚམས་འདིར་སྲིད་སྐྱོང་གིས་གཞུང་དོན་ལ་ཁ་གཡར་ཏེ་ཁོ་རང་ཁྱབ་བསྒྲགས་ཆེད་ཨ་རི་དང་ཡོ་རོབ་སོགས་སུ་འགྲོ་ངེས་རེད། རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ལ་བརྡུང་བརྡེག་སྤེལ་བའི་ལས་གཞི་འགྲོ་བཞིན་ཡོད་ནའང་། བཀའ་ཤག་ལྷན་ཚོགས་ཀྱིས་སྲིད་སྐྱོང་ལ་སྟངས་འཛིན་མེད་པར་གཞུང་གྲོན་སྒེར་དོན་ལ་སྤྱོད་བཞིན་པའི་བྱ་སྤྱོད་འདི་ཚོ་རྒྱ་ལ་ངོམ་རིན་ཡོད་པ་ཞིག་རེད་དམ་གསང་བ་བྱེད་དགོས་པ་ཞིག་རེད་དམ།
གསལ་བཤད་གནང་བ་ཐུགས་རྗེ་ཆེ་ཡིན་ནའང་གནད་དོན་དེ་ལྟར་གསལ་པོ་ཆགས་མ་སོང་།
གལ་ཏེ་སྲིད་སྐྱོང་ངམ་བཀའ་བློན་རྣམས་ནས་ནོར་འཁྲུལ་སོང་ཡོད་ན་གོང་དག་ཞུས་ན་འགྲོ་ལུགས་དང་མཐུན་པ་ནང་ཚོགས་ཡང་བློ་བདེ།
གཤམ་གསལ་གནས་དོན་རྣམས་ལ་གསལ་པོ་ཆགས་མ་སོང་།
༡༽ བོད་མའི་སྒྲིགས་འཛུགས་ནས་ད་བར་གསལ་བཤད་རྒྱས་པ་དེ་ལྟར་གནང་མ་དགོས་པའི་རྒྱུ་མཚན་གང་ཡིན་ནམ
མཉམ། གསལ་བསྒྲགས་དེ་ཡང་དུས་དབང་ཕྱིར་འཐེན་གནང་རྒྱུའི་དབང་ཆ་གང་ཡང་མེད་པའི་དྲུང་ཆེ་རྣམས་
ནས་གང་བྱས་ནས་གནང་གི་ཡོད་དམ། རྡ་ས་ནང་ད་ལྟེའི་འཆར་སྲིད་སྐྱོང་ངམ་བཀའ་བློན་སུ་ཡང་མེད་དམ།
༢༽ སྐུ་སྒེར་དྲུང་ཆེ་གཉིས་བཀའ་ཤག་ཏུ་མ་བཅར་གོང་གི་གནས་ཚུལ་གང་ཡང་འཁོད་མི་འདུག་ན། ༢༠༡༦ ལོའི་སྲིད་སྐྱོང་འོས་མི་གཉིས་ནས་འདྲ་མིན་ཞིག་གསུང་གི་འདུག་ན་སྐུ་ཡིག་ནས་དངོས་ཡོད་གནས་ཚུལ་ཆད་ལྷག་གང་ཡང་མེད་པ་ཁ་གསལ་ཞིག་བྱུང་ན་མཉམ།
༣༽ མདོར་དོན་སྐུ་མདུན་སྐུ་ངལ་གསོ་རྒྱུ་དང་སྨན་བཅོས་གནང་རྒྱུའི་ཆེད་དུས་དབང་འཕྱིར་འཐེན་གནང་བ་ཞིག
ཡིན་ནམ་མཉམ་པའི་ཐག་གཅོད་དེར་དོག་གཞི་ཆེ།
ཆོས་རིག་བཀའ་བློན་ནས་འགན་འཁུར་གནང་གི་མེད་པ་གསལ་པོ་ཆགས་སོང་སྙམ། གནས་ཚུལ་དེ་དང་འབྲེལ་ཆག་ཆོས་རིག་དྲུང་ཆེར་ཡོད་པ་མ་ཡིན་ནམ། དེ་སྔོན་སྲིད་སྐྱོང་དབུ་ཞུགས་ཀྱིས་བཀའ་བློན་རྣམ་པ་གཉིས་ནས་གསལ་བསྒྲགས་གནང་བ་དང་ད་རེས་གཀའ་དྲུང་དབུ་ཞུགས་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ནས་ཡིག་ཐོག་སྒྲོགས་སྦྱང་གནང་བ་གཉིས་དབར་ཁྱད་པར་ཆེན་པོ་འདུག་པ་དེའི་འགན་འཁྲི་སུ་ལ་ཡོད་རེད།
གསལ་བཤད་གནང་བ་ཐུགས་རྗེ་ཆེ་ཡིན་ནའང་གནས་དོན་དེ་ད་དུང་གསལ་པོ་ཆགས་མི་འདུག
གལ་ཏེ་སྲིད་སྐྱོང་ངམ་བཀའ་ཤག་ནས་ནོར་འཁྲུལ་སོང་ཡོད་ན་དགོངས་དག་ཞུ་ན་འགྲོ་ལུགས་དང་མཐུན་པ་མ་ཟད་
མ་ཚོགས་བློ་བདེ། གཤམ་གསལ་གནས་དོན་ཁག་ལ་གསལ་པོ་བྱུང་མ་སོང་།
༡༽ དྲུང་ཆེ་རྣམས་ནས་གསལ་བཤད་གནང་དགོས་དོན་གང་ཡིན་ནམ། ཁོང་རྣམས་དུས་དབང་ཕྱིར་འཐེན་གནང་
རྒྱུའི་བྱུང་རིམ་ནང་ཐག་གཅོད་གནང་རྒྱུ་དབང་ཆ་མེད་ཤག་མཉམ། དེར་བརྟེན་སྲིད་སྐྱོང་ངམ་བཀའ་བློན་རྣམས་ནས་གསལ་བཤད་གང་བྱེད་ནས་གནང་མེད་དམ།
༢༽ སྐུ་སྒེར་དྲུང་ཆེ་རྣམས་གཉིས་བཀའ་ཤག་ཏུ་མ་བཅར་གོང་གི་གནས་ཚུལ་གང་ཡང་འཁོད་མི་འདུག ཕལ་འཆེར་ ༢༠༡༦ སྲིད་སྐྱོང་འོས་མི་རྣམས་གཉིས་ཀྱི་འོས་ཐོབ་ཆེད་འདྲ་མིན་གསུང་གི་འདུག་ན། ཐད་ཀར་སྐུ་སྒེར་ཡིག་ཚང་ནས་བྱུང་རིམ་ཆ་ཚང་ཆད་ལྷག་གང་ཡང་མེད་པར་གསལ་བཤད་བྱུང་ན་མཉམ།
༣༽ བོད་མིའི་སྒྲིག་འཛུགས་ནས་ད་བར་གསལ་བཤད་གནང་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ་མཉམ། གོང་གི་དྲུང་ཆེ་རྣམས་ནས་ཁོང་རྣམས་ཀྱི་འགན་དབང་ཐོག་གསལ་བསྒྲགས་དེ་བདེན་པ་གསུང་གི་ཡོད་དམ་སྲིད་སྐྱོང་ངམ་བཀའ་བློན་རྣམས་ཀྱི་བྲིས་པ་དེ་ལྟར་གསར་འགོད་གསལ་བསྒྲགས་ནང་ཀློག་གི་ཡོད་དམ།
རྩོམ་པ་པོ་གྲག་ཅན་ཁང་གསར་རྡོ་རྗེ་ལགས་ཀྱིས་དེ་རིང་ཁོ་རང་གི་ངོ་དེབ་ནང་བཀོད་པའི་མཆན།
དུས་དབང་ཕྱིར་འགྱངས་སྐོར་ལ། དེ་རིང་བཀའ་དྲུང་དང་ཕྱི་དྲིལ་དྲུང་ཆེ་སོགས་གཞུང་ཞབས་ཐོན་ཏེ། གསལ་བཤད་བྱེད་པ་འདི་ཡག་པོ་མ་རེད། རྣམ་པ་གསར་པ་ཅི་འདྲ་ཞིག་བསྟན་རུང་། དེ་ནི་ད་ལྟའི་སྲིད་སྐྱོང་ལས་ཐོག་གི་བསམ་ཚུལ་དང་ཐབས་བྱུས་རེད་མ་གཏོགས། གསལ་བཤད་དེ་གཤམ་འོག་གཞུང་ཞབས་བཀོལ་ཏེ་བྱས་པ་དེས། ཁུངས་བཙན་དུ་འགྲོ་རྒྱུ་ཅི་ཡང་མེད།
འགྲོ་ལུགས་ལྟར་ན། དུས་དབང་ཕྱིར་འགྱངས་སྐོར་ཐོག་མ་ནས་སྐུ་སྒེར་ཡིག་ཚང་རང་གིས་གསལ་བཤད་གནང་དགོས་པ་ཞིག་རེད། དེ་འདྲ་གང་ཡང་མེད་པར་བློ་སེང་རང་གིས་གསལ་བསྒྲགས་བྱས་པ་རེད། གསལ་བསྒྲགས་དེ་ཡང་བཀའ་ཤག་གིས་དུས་དབང་ཕྱིར་འགྱངས་གནང་རོགས་ཞེས་གསོལ་འདེབས་ཞུས་པ་དང་། དེ་ལ་ཞལ་བཞེས་ཐོབ་ལུགས་བསྒྲགས་པ་རེད། ད་ཆ་བཀའ་ཤག་གིས་གསོལ་འདེབས་དེ་འདྲ་ཞུས་མེད། ༸གོང་ས་མཆོག་གི་སྨན་པའི་སློབ་སྟོན་དང་། ཐུགས་དམ་དགོངས་དོན་ཡིན་ཚུལ་རྗོད་བཞིན་པ་དེ་ག་རང་གིས། གནས་ཚུལ་མགོ་རྙོག་ཏུ་བཏང་བ་ལས་གསལ་དུ་སོང་མེད།
ད་ལྟ་གཞུང་ཞབས་བཀོལ། གཞུང་ཡིག་སྤྱད་དེ་གསལ་བཤད་རིང་བོ་ཞིག་བྱེད་བཞིན་འདུག་ཀྱང་དེས་གནས་ཚུལ་གསལ་དུ་སོང་མེད་པར་མགོ་རྙོག་ཏུ་བཏང་ཡོད།
བཀའ་ཤག་གིས་ཇི་ཞིག་བཤད་ཀྱིན་ཡོད་པ་མགོ་ཚོས་པ་མི་འདུག སྲིད་སྐྱོང་གིས་༧གོང་ས་མཆོག་ལ་ཡར་ཞུས་ཏེ་དུས་དབང་ཕྱིར་འཐེན་བྱས་པ་ཡིན་ཚུལ་གསུངས་སོང་། བཀའ་ཤག་གིས་དགའ་ལྡན་ཕོ་བྲང་དྲུང་ཆེ་མར་ཕེབས་ཏེ་ཕྱིར་འཐེན་ཡོང་རེ་ཞུས་སོང་ཟེར། དོན་དངོས་་་་་་
བཀག་ཤག་གིས་རྐང་བཙུགས་ནས་སྤྱི་ཚོགས་ནང་སྙོག་འཛིང་ཆེ་རུ་བཟོས་འངུག དོགས་པ་སེལ་རྒྱུ་ཕར་བཞག དོགས་པ་བསྐྱར་དུ་བསླངས་བྱུང་། ད་དེ་ཕྱི་གསལ་ནང་གསལ་མ་བྱས་ན་འགྲིག་ཐབས་མི་འདུག དེ་གསལ་པོ་བཟོ་བ་ལ་ནུས་ཚད་ཆ་ཚང་ལྡན་པ་ཞིག་ཡོད་པ་དགའ་ལྡན་ཕོ་བྲང་གི་སྐུ་ངོ་རྣམ་པར་ཡོད་རེད། དེས་སུས་བཤད་པ་དེ་བདེན་མིན་གཙོ་བོ་མ་རེད། དོན་དངོས་ཀྱི་བྱུང་རིམ་དེ་མང་ཚོགས་ལ་གསལ་བཤད་གནང་རྒྱུ་ཧ་ཅང་གལ་གནད་ཆེ།
དོགས་པ་ད་དུང་སེལ་ཐུབ་མ་སོང་། སྤྱི་ཟླ་ ༨ ཚེས་ ༢༩ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་ཕེབས་ཏེ་སྲིད་སྐྱོང་མཆོག་ལ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་དགོས་པའི་སྐོར་མར་ལབ་འདུག ༢༠༡༥།༡༢།༣༡ ཉིན་གྱི་བཀའ་ཤག་གི་གསལ་བསྒྲགས་ནང་པའི་ནང་ཡར་ཞུས་ཡིན་ལབ་ཡོད་པ་རེད།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས།(༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་། སྐུ་ངལ་གསོ་རྒྱུའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན། སང་ལོའི་དུས་འཁོར་དབང་ཆེན་བསྩལ་རྒྱུ་སྔོན་དུ་ཞལ་བཞེས་སྐལ་བཟང་ཐོབ་ཟིན་ནའང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་མཛད་འཆར་ཉུང་འཕྲི་ཡོང་བ་གསོལ་འདེབས་ཀྱིས་ཕར་འགྱངས་ཆོག་པའི་སྙན་གསལ་སྒྲོན་འབུལ་ཞུས་པ་བཞིན་བཀའ་བཞེས་ཐོབ་སྟབས། སང་ལོའི་དུས་འཁོར་དབང་ཆེན་དེ་ལོ་གཅིག་གི་རིང་ཕར་འགྱངས་གནང་གཏན་ཁེལ་བའི་གསལ་བསྒྲགས་ཞུ་རྒྱུ)
་འདི་ལོའི་དུས་དབང་ཕྱིར་འཐེན་བྱེད་རྒྱུའི་སྐོར་དེ་དཀའ་ཤག་རང་ནས་བྱུང་མ་སོང་གསལ་སྒྲགས་གསལ་པོ་྄རྩ་བ་ནས་གནང་ཐུབ་མ་སོང་ ད་྄ལྟ་དཀའ་ཤག་ཉམས་རུབ་ཐོག་ནས་སྤེན་ཚེ་ནག་པོ་བཟོ་རྩིས་བྱས་ཀྱང་སྤེན་ཚེ་ནག་པོ་བཟོ་ཐུབ་མ་སོང་་ དེ་ལས་ངོ་མ་ཕན་ཚུན་གྲོ་གླེང་ཡག་པོ་ཞིག་གནང་ན་ཡག་པོ་འདུག་ མི་མང་ཡིད་ཆེད་ཡོད་སའི་དཀའ་ཤག་ཞིག་གནང་ན་བཟང་