ལོ་གསར་གྱི་སྐབས་དང་བསྟུན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཏང་ཡོན་ལས་བྱེད་པ་ཡུལ་གྲོགས་དང་སློབ་གྲོགས་ཀྱི་འདུ་འཛོམས་ལ་ཞུགས་མི་ཆོག་པ་སོགས་བྱེད་མི་རུང་བ་བརྒྱད་ཅེས་པའི་བཀའ་རྒྱ་ཞིག་བསྒྲགས་ཡོད་འདུག
བཀའ་རྒྱ་དེའི་ནང་དུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱིལ་གཏིང་ཟབ་བྱེད་པ་དང་། སྤྱོད་གཙང་རང་གཅུན་གྱི་གཏན་འབེབ་ཁག་ལག་བསྟར་ནན་པོ་བྱེད་པ། མུ་མཐུད་སྤྱོད་ཚུལ་ངན་པ་བཞིར་ངོ་རྒོལ་གཏིང་ཟབ་བྱེད་པ། ནན་པོ་མེད་པ་དང་དྲང་པོ་མེད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་གྱི་རྩ་འཛིན་ཞེས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། ཏང་ཡོན་ལས་བྱེད་པས་རང་རྟོག་ངང་སྤྱོད་གཙང་རང་གཅུན་ཐོག་ཚད་གཞི་མཐོན་པོ་བརྩོན་ལེན་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སྲུང་བའི་ཐད་སྒྲིག་འགལ་གྱི་དམར་ཐིག་ལས་མི་བརྒལ་བ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཏང་ཡོན་ལས་བྱེད་པ་པས་གཙང་བཀུར་རུལ་འགོག་ཀྱི་སྣེ་མང་ཙམ་ཁྲིད་པ། ཁྱིམ་སྲོལ་ཡག་པོ་འཛུགས་པ། དུས་ཆེན་གྱི་རུལ་སུངས་མཐའ་གཅིག་ཏུ་བཀག་འགོག་བཅས་བྱ་དགོས། ཞེས་བཀོད་འདུག
ཏང་ཡོན་ལས་བྱེད་པས་ལོ་གསར་སྐབས་བྱེད་མི་ཆོག་པ་བརྒྱད་ནི། གཅིག སྒྲིག་སྲོལ་ལས་འགལ་ཏེ་གཞུང་དངུལ་སྤྱད་ནས་བཟའ་བཏུང་དང་། ཡུལ་སྐོར། མཐོ་རིམ་འཛད་སྤྱོད་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་གཏན་ནས་མི་ཆོག་པ་དང་། གཉིས། གཞུང་དངུལ་སྤྱད་ནས་ལོ་གསར་རྟེན་འབྲེལ་གཱ་ཤོག་དང་ཤོག་སྦག་སོགས་ལོ་ཟོག་གཏན་ནས་ཉོས་མི་ཆོག་པ། གསུམ། གཞུང་དངུལ་སྤྱད་ནས་སྣེ་ལེན་འཚམས་འདྲི་དང་ཡུལ་སྐོར་སོགས་གཞུང་དོན་མ་ཡིན་པའི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག་པ། བཞི།གཞུང་འཁོར་སྒེར་སྤྱོད་དམ་ཡང་སྒེར་འཁོར་གཞུང་གསོའི་རིགས་གཏན་ནས་བྱས་མི་ཆོག་པ། སྒྲིག་སྲོལ་ལས་འགལ་ནས་ལག་རྟགས་དངོས་པོ་དང་། དངུལ། འཛད་སྤྱོད་གཱ་ཤོག་སོགས་གཏན་ནས་ལེན་མི་ཆོག་པ། དྲུག སྒེར་གྱི་སྤྲོ་རྩེད་འདུ་ཁང་ནང་གཏན་ནས་འཛུལ་མི་ཆོག་པ། བདུན། སྒྲིག་སྲོལ་ལས་འགལ་བའི་ཐོག་ནས་གཉེན་སྟོན་དང་འདས་མཆོད་སོགས་ལ་ཁ་གཡར་ནས་རྒྱུ་ནོར་ལེན་ཐབས་གཏན་ནས་བྱས་མི་ཆོག་པ། བརྒྱད། ཡུལ་གྲོགས་འདུ་ཚོགས་དང་། སློབ་གྲོགས་འདུ་ཚོགས། འཐབ་གྲོགས་འདུ་ཚོགས་ལ་གཏན་ནས་ཞུགས་མི་ཆོག་པ་བཅས་རེད་འདུག
གསར་འགོད་པ། པདྨ་མཚོ།