བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་སྟེང་ད་ལོ་བོད་ནང་གི་གཞུང་ལམ་འཛུགས་སྐྲུན་ཐད་གཙོ་གནད་ལས་གཞི་ཁག་ ༡༦ ཡོད་པ་ལས་བགོས་དུས་བཅད་བྱས་འདུག
ཉེ་སྔོན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་བློ་བཟང་རྒྱལ་མཚན་གྱི་གཙོ་སྐྱོང་འོག་འདི་ལོར་བོད་ནང་གསར་འཛུགས་དང་ལེགས་འགྲུབ་དགོས་པའི་འགྲིམ་འགྲུལ་ཐད་ཀྱི་གཙོ་གནད་ལས་གཞི་ཁག་ ༡༦ ལས་བགོས་དང་ལག་བསྟར་བྱེད་ཕྱོགས་སོགས་གཏན་འབེབས་བྱས་ཡོད་པ་མ་ཟད། དུས་ཐོག་ཏུ་ལས་མགོ་འཛུགས་པ་དང་མྱུར་ཚད་མཐོ་བའི་ཐབས་ལམ་བརྒྱུད་ནུས་ཤུགས་ཡོད་ཚད་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞི་ལག་བསྟར་བྱེད་པར་རྨང་གཞི་ལེགས་པོ་བསྐྲུན་དགོས་སྐོར་བསྒྲཊ་འདུག
ཐེངས་འདིའི་ཆེད་དོན་ཚོགས་འདུའི་ཐོག་ཐག་གཅོད་བྱས་པ་ལྟར་ན། འདི་ལོའི་གཞུང་ལམ་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་ནང་ལྷ་ས་གྲོང་ཁྱེར་ནས་ཉིང་ཁྲི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་དང་། རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནས་བོད་བལ་ས་མཚམས་འགྲམ་བར་གྱི་རྒྱལ་ལམ་ ༣༡༨ ལམ་ཐིག པེ་ཅིན་བྱང་ཤར་ནས་ལྷ་ས་གྲོང་ཁྱེར་བར་གྱི་རྒྱལ་ལམ་ ༡༠༩ ལམ་ཐིག ནག་ཆུ་ས་ཁུལ་ལྷ་རི་རྫོང་ནས་སྤོ་མེས་རྫོང་བར་གྱི་ཞིང་ཆེན་ལམ་ ༣༠༣ ལམ་ཐིག་ཟེར་བ་བཅས་ཀྱི་རིམ་པ་མཐོ་བའི་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་དགོས་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་ནས་གཞིས་རྩེ་གནམ་ཐང་བར་དང་། གུང་དཀར་གནམ་ཐང་ནས་རྩེད་ཐང་བར་རིམ་པ་མཐོ་བའི་གཞུང་ལམ་གསར་རྒྱག དེ་བཞིན། ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་གི་སྣུམ་ལམ་ལས་གཞི་མགྱོགས་མྱུར་ངང་རྒྱ་བསྐྱེད་དགོས་ཀྱི་ཡོད་འདུག
འཛུགས་སྐྲུན་དུས་སྐབས་གཉིས་པའི་ནང་ལྷ་ས་གྲོང་ཁྱེར་ནས་ནག་ཆུ་བར་གྱི་མྱུར་སྐྱོད་གཞུང་ལམ་ལེགས་འགྲུབ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་ཉིང་ཁྲི་ཀླུ་ནང་གྲོང་རྡལ་བར་བཟོ་དགོས་པ་དང་། དེ་ཁུལ་ཡོངས་སུ་དབུལ་སྐྱོབ་མཁྲེགས་གཏོར་གྱི་འགྲིམ་འགྲུལ་ཨར་ལས་འཛུགས་སྐྲུན་ལག་བསྟར་བྱ་རྒྱུ་ཡིན་འདུག
འཛུགས་སྐྲུན་དུས་སྐབས་གསུམ་པའི་ནང་ཤིན་ཅང་མིན་ཧྥོང་རྫོང་ནས་མངའ་རིས་ཀྱི་སྒེར་རྩེ་རྫོང་བར་དང་། མངའ་རིས་དགུན་ས་ནས་རྩྭ་མདའ་རྫོང་བར་གྱི་གཞུང་ལམ་བསྐྱར་བཟོ་དང་། དཔའ་ཤོད་རྫོང་སྤང་མདའ་ཉིན་ལའི་ཕུག་ལམ་སོགས་འགག་རྩ་ཅན་གྱི་འཛུགས་སྐྲུན་ཁག་གི་ལས་མགོ་བརྩམ་རྒྱུ་དང་། ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་སྐྱོད་གཞུང་ལམ་དང་། སྡེ་དགེ་རུ་ཡོད་པའི་སྐམ་ཐོག་ལྕགས་ཟམ་ནས་ཆབ་མདོ་དང་མེ་ཏོག་རྫོང་གི་གཞུང་ལམ་གྱི་སྔ་མའི་འཛུགས་སྐྲུན་བྱ་བ་འགྲུབ་དགོས་པ། དེ་བཞིན་ཆབ་མདོ་དཔལ་འབར་རྫོང་ནས་ལྷ་རི་རྫོང་། ལྷ་རི་ནས་མལ་གྲོ་གུང་དཀར་རྫོང་། མལ་གྲོ་གུང་དཀར་ནས་རྩེད་ཐང་བར་གྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་མགོ་བརྩམ་དགོས་ཀྱི་ཡོད་འདུག
རྒྱ་ནག་གཞུང་གིས་བརྒྱུད་གཅིག་ལམ་གཅིག་ཅེས་པའི་ཐབས་ཇུས་འོག་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་ཡུ་རོབ། ཨ་ཧྥེ་རི་ཁའི་ནང་ཚོང་འདྲེན་གྱི་བརྒྱུད་ལམ་རྒྱ་སྐྱེད་ཀྱིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་གི་དར་གོས་ཚོང་ལམ་བརྒྱུད་རྒྱ་ནག་གི་ཚོང་ཟོག་སྐྱེལ་འདྲེན་མེ་འཁོར་ཞིག་ཐེངས་དང་པོར་ཨེ་རན་གྱི་རྒྱལ་ས་ཊི་རན་ནང་འབྱོར་ཡོད་པ་དང་། སྐྱེལ་འདྲེན་མེ་འཁོར་དེ་ཉིན་ཞག་ ༡༤ རིང་སྤྱི་ལེ་ ༩༥༠༠ ལ་བསྐྱོད་ནས་ཀ་ཛག་སི་ཐན་ (Kazakhstan) དང་ཏུར་ཀེ་མི་ནེ་སི་ཐན་ (Turkmenistan) རྒྱལ་ཁབ་གཉིས་བརྒྱུད་ནས་འབྱོར་ཡོད་པ་དང་། ཨེ་རན་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཁང་གིས་བརྗོད་པ་ལྟར་ན། རྒྱ་ནག་གི་མེ་འཁོར་དེའི་མཐའ་མའི་སྡོད་ས་ཨེ་རན་གྱི་རྒྱལ་ས་མིན་པར་མ་འོངས་པར་ཨེ་རན་གྱི་མཚོ་ཐོག་སྐྱེལ་འདྲེན་ཚོང་ལམ་བརྒྱུད་ཡུ་རོབ་ནང་ཚོང་འདྲེན་བྱ་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།