སི་རི་ཡའི་མི་མང་དང་སྲིད་གཞུང་གཉིས་བར་གྱི་ནང་འཁྲུག་ཁྲོད་འཇིགས་སྐུལ་དྲག་སྤྱོད་པས་མི་མང་ནང་དྲག་མཚོན་བེད་སྤྱོད་བཏང་སྟེ་འཇིགས་སྣང་སྐུལ་ཡོད་འདུག
ཧྥ་རན་སིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་སི་རི་ཡའི་ཨ་ཌི་ལེ་བྷ་ (Idlib) གྲོང་ཁྱེར་དུ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཌི་ (Bashar al-Assad) སྲིད་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། སྐབས་དེར་ཨལ་ཁོ་ཌ་ (Al-Qaeda) འཇིགས་སྐུལ་ཚོགས་མི་ཚོས་མི་མང་ནང་མེ་མདའ་བརྒྱབ་སྟེ་འཇིགས་སྐུལ་བཏང་ཡོད་ནའང་ཤི་རྨས་ཚབས་ཆེན་བྱུང་མེད་ཅིང་། སི་རི་ཡ་དང་ཨུ་རུ་སུ་མཉམ་འབྲེལ་མཁའ་དམག་གིས་སི་རི་ཡའི་བྱང་ཤར་ཁུལ་དུ་དཔུང་འཇུག་བྱས་ཏེ་ཁུལ་དེའི་ཁྲོམ་སྲང་དུ་མེ་ཤུགས་འཕུར་མདེལ་འཕངས་པའི་ཁྲོད་ད་སྔ་མི་ ༡༩ ལྷག་དམར་གསོད་བཏང་ཡོད་འདུག
མིང་ལ་ཨ་བྷ་ར་ཧམ་ཨལ་ཨ་ཌི་ལེ་བྷེ་ (Ibrahim al-Idlibi) ཟེར་བའི་ཞི་རྒོལ་ལས་འགུལ་བ་ཞིག་གིས། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་ང་ཚོས་མི་མང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་བཏང་བ་ཡིན། ང་ཚོས་གྲོང་ཁྱེར་འདིར་མུ་མཐུད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་རྒྱུན་འཁྱོང་བྱེད་བསམ་པ་ཡིན། ཡིན་ན་ཡང་ང་ཚོས་ཁྲོམ་སྐོར་བྱས་ནས་གྲོང་ཁྱེར་བཞི་མདོར་འབྱོར་སྐབས། ཨལ་ཁོ་ཌའི་མཚོན་རྟགས་དར་ནག་འཕྱར་བའི་ཨལ་ནུ་སི་ར་ (Al-Nusra) དམངས་དམག་ཡོང་ནས་མི་མང་ནང་མེ་མདའ་བཙུགས་ཏེ། གལ་སྲིད་ཁྱོད་ཚོ་སྲང་ལམ་འདི་ནས་མི་གྲོལ་ན། ང་ཚོས་མེ་མདས་རྒྱག་གི་ཡིན་ཞེས་འཇིགས་སྐུལ་བཏང་ཡོད་སྐོར་བརྗོད་འདུག
གནས་ཚུལ་ལྟར་ན། སི་རི་ཡའི་ནང་འཁྲུག་གི་འབྱུང་རྐྱེན་གཙོ་བོ་མི་མང་གིས་སྲིད་འཛིན་ཨལ་ཨ་ས་ཌི་སྲིད་སྟེགས་ལས་འབབ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་སྟབས། རྒྱལ་ནང་གི་ཨལ་ཁོ་ཊ་འཇིགས་སྐུལ་ཚོགས་ཁག་རྒྱབ་རོགས་སུ་བརྟེན་པའི་སྲིད་གཞུང་གིས་མི་མང་གི་མངོན་འདོད་ལ་དྲག་ཤུགས་ཁོ་ན་བཀོལ་གྱི་ཡོད་པ་དང་། དེ་ལྟའི་ནང་འཁྲུག་གི་ཁྲོད་དུ་ཕྱི་ལོ་ ༢༠༡༡ ལོར་ད་ལྟའི་བར་ཁྱོན་མི་གྲངས་འབུམ་ ༢༧༠ དམར་གསོད་དང་མི་མང་ས་ཡ་མང་པོར་འཚོ་གནས་མེད་པར་གཞན་ཡུལ་དུ་གྱར་བཞིན་ཡོད་པ་རེད།
ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཨུ་རུ་སུ་བཅས་ཀྱི་གཙོ་སྐྱོང་འོག་ཐེངས་དུ་མར་སི་རི་ཡའི་ཟིང་འཁྲུག་ཞི་འཇགས་ཡོང་ཐབས་སུ་གྲོས་མོལ་དང་གྲོས་ཆོད་མང་པོ་བཞག་ཀྱང་། དེ་ལ་དོན་ཕན་ཅི་ཡང་བྱུང་ཐུབ་མེད་པ་དང་། ཕྱི་ལོ་ ༢༠༡༥ ལོར་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ (ISI) དང་ཨལ་ནུ་སི་ར་ (Al-Nusra)། ཨ་ཧར་ཨལ་ཤཱམ་ (Ahrar al-Sham) སོགས་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་ཁག་མཉམ་འབྲེལ་གྱིས་སི་རི་ཡའི་ཨ་ཌི་ལེ་བྷ་གྲང་ཁྱེར་བཙན་བཟུང་བྱས་ཡོད་སྟབས། སི་རི་ཡའི་རྒྱལ་ནང་གི་ཟིང་འཁྲུག་མུ་མཐུད་འབྱུང་མུས་ཡིན་པ་རེད།
གསར་འགོད་པ། པདྨ་རྒྱལ།