རྒྱ་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་ཅེང་ཧོང་ཆུ་མཛོད་ཆེན་མོ་ནས་ལྷོ་ཤར་ཨེ་ཤ་ཡའི་ཐན་པ་ཆེ་བའི་རྒྱལ་ཁབ་ཁག་ཅིག་གི་ནང་ཆུ་མཁོ་གཏོང་བྱས་ཏེ་ཚོང་རྒྱག་རྒྱུ་ཡིན་འདུག
རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་ནང་འཛུགས་སྐྲུན་བྱས་ཡོད་པའི་ཅེང་ཧོང་ཆུ་མཛོད་ཆེན་མོ་ (Jinghong dam) དེ་ཝེ་ཋི་ནམ་དང་ཁམ་བྷོ་ཌེ་ཡ། ལཱོ་སི་དང་འབར་མ་སོགས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་ཐན་པ་ཆེ་བའི་ས་ཁུལ་ཁག་ཏུ་མཁོ་གཏོང་བྱས་ཏེ་ཚོང་རྒྱག་རྒྱུ་ཡིན་སྐོར་བསྒྲགས་འདུག
ཡང་བརྒྱུད་ལམ་དུ་བསྒྲགས་པའི་གནས་ཚུལ་ལྟར་ན། ཅེང་ཧོང་ཆུ་མཛོད་ནི་ཕྱི་ལོ་ ༢༠༠༣ ལོར་ཡུན་ནན་ཞིང་ཆེན་ཅེང་ཧོང་གྲོང་ཁྱེར་ཉེ་འགྲམ་དུ་འཛུགས་སྐྲུན་བྱེད་མགོ་བཙུགས་ཏེ་ཕྱི་ལོ་ ༢༠༠༨ ལོར་ཤར་གཏོང་བྱས་ཡོད་པ་དང་། ཆུ་མཛོད་དེ་ལས་ཆུ་གློག་འབོར་ཆེན་ཐོན་སྐྱེད་བྱེད་ཀྱི་ཡོད་པ་མ་ཟད། ཆུ་མཛོད་དེའི་ཆུ་ལག་ ༡༧༥༠ ཙམ་ལས་ཆུ་གློག་འཛུགས་སྐྲུན་བྱས་ཏེ། ཆུ་གློག་གི་ཆ་ཤས་མང་པོ་ཞིག་ཐའེ་ལན་ཌི་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་འཚོང་གཉེར་གྱི་ཡོད་ཅིང་། ཆུ་མཛོད་དེ་རྒྱ་ནག་གི་ལྷོ་ནུབ་རྒྱུད་ལྷོ་ཤར་ཨེ་ཤ་ཡའི་ནང་རྒྱུ་བའི་མི་ཀོང་ (Mekong) གཙང་བོ་ལས་འཕྲེད་དུ་རྒྱུ་བ་ཞིག་ཡིན་ཞིང་། ལྷོ་ཤར་ཨེ་ཤ་ཡའི་ཡུལ་མི་ས་ཡ་ ༤༨ ལྷག་མི་ཀོང་གཙང་བོའི་བཞུར་རྒྱུན་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད་འདུག
ཉེ་ལམ་ཝེ་ཋི་ནམ་རྒྱལ་ནང་དུ་འབྲས་ཞིང་མུའུ་ཊིར་འབུམ་ ༡༤༠ ལ་ཐན་པ་བྱུང་བ་དང་། ཡུལ་མི་འབུམ་ ༦༠༠ ལྷག་ལ་འཐུང་ཆུའི་དཀའ་ངལ་འཕྲད་ཡོད་པ་རེད། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་གི་ཐད་ནས་ཝེ་ཋི་ནམ་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གཉིས་བར་རྣོ་ངར་ལྡན་པའི་རྩོད་རྙོག་བྱུང་ཡོད་པ་དང་། ལྷག་པར་དུ་པེ་ཅིན་གཞུང་གིས་ཝེ་ཋི་ནམ་གྱི་གྲུ་ཁ་ནས་རྡོ་སྣུམ་ཐོན་སྐྱེད་འཛུགས་སྐྲུན་བྱས་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་ནའང་། པེ་ཅིན་གཞུང་དང་ཧ་ནོ་ཡེ་ (Hanoi) སྲིད་གཞུང་གཉིས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ཕྱོགས་གཉིས་ཀྱི་རྒྱལ་འབྲེལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།