ལན་ཀྲུའུ་ཚན་རྩལ་ལས་རིཊ་སློབ་གླིང་ཟེར་བ་ཞིག་གིས་སློབ་མ་མང་པོར་མགོ་སྐོར་བཏང་སྟེ་ལོ་གཅིག་གི་སློབ་རིན་བླངས་རྗེས་སློབ་གྲྭ་གཞན་ཞིག་ཏུ་བཏང་བར་བརྟེན་སློབ་མ་ཚོ་ཞུ་གཏུག་བྱེད་དུ་འགྲོ་བཞིན་འདུག
འབྲེལ་ཡོད་ཅིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཀན་སུའུ་ཞིང་ཆེན་ལན་ཀྲུའུ་ཚན་རྩལ་ལས་རིགས་སློབ་གླིང་ཟེར་བ་ཞིག་གིས་ལོ་གཅིག་གི་སློབ་རིན་དུ་རྒྱ་སྒོར་ཁྲི་གཅིག་ལྷག་རེ་བླངས་ནས་བོད་རིགས་སོགས་སློབ་མ་མང་པོ་བསྡུ་ལེན་བྱས་ཡོད་ཀྱང་། ལོ་ཕྱེད་ལས་མ་འགོར་བར་སློབ་མ་རྣམས་ཧི་ནན་ཞིང་ཆེན་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཞིག་ཏུ་བཏང་སྟེ་དཀའ་ངལ་མང་པོ་འཕྲད་ཡོད་པ་མ་ཟད། མགོ་སྐོར་འོག་ཏུ་ཚུད་དེ་ཕུགས་བསམ་གྱིས་ཁེངས་བའི་མི་ཚེ་དེ་འཕྲོ་བརླག་ཏུ་འགྲོ་བར་ལྐོག་ཇུས་བཤམས་ཡོད་པར་བརྟེན། དེ་རིང་གནས་སྤོར་བཏང་བའི་སློབ་མ་ཚོས་ཅ་ལག་རྣམས་འཁུར་ཏེ་ཕྱིར་ལན་ཀྲུའུ་རུ་འགྲོ་བཞིན་ཡོད་འདུག
སློབ་མ་ཚོས་སློབ་རིན་ཚང་མ་ཕྱིར་སློག་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ལོ་ཕྱེད་རིང་སློབ་གྲྭ་དེར་བསྡད་པའི་སྡོད་ཁང་གི་རིན་པ་སོགས་ཚང་མ་སྤྲོད་དགོས་སྐོར་བརྗོད་དེ་སྒོར་མོ་ཆ་ཚང་ཕྱིར་སྤྲོད་རོགས་བྱས་མེད་པར་བརྟེན། སང་ཉིན་ལན་ཀྲུའུ་གྲོང་ཁྱེར་སློབ་གསོ་ཁང་ལ་གནད་དོན་ཞུ་གཏུག་གནང་འཆར་ཡོད་པ་རེད། སློབ་གྲྭ་དེར་ཁྱོན་སློབ་མ་ ༦༠༠ ལྷག་བཅུག་ཡོད་པ་དང་། དེའི་ཁྲོད་དུ་བོད་རིགས་སློབ་མ་ ༥༠ ཡོད་འདུག
མགོ་སྐོར་འོག་ཏུ་ཚུད་པའི་བོད་རིགས་སློབ་མ་ཞིག་གིས་སྲིད་གཞུང་ལ་འབོད་སྐུལ་བྱས་པའི་ཡི་གེ་ཐུང་ཐུང་ཞིག་གི་ནང་། ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ནང་ལན་ཀྲུའུ་ཚན་རྩལ་ལས་རིགས་སློབ་གླིང་ལ་སློབ་རིན་སྒོར་ཁྲི་ལྷག་སྤྱིན་ནས་ཡོང་བ་ཡིན། འདིར་ཡོང་བའི་བོད་ཕྲུག་མང་པོ་ཞིག་ཡོད་པ་དང་། ལྷག་པར་དུ་ཀན་ལྷོ་ནས་སློབ་བུ་མང་པོ་ཞིག་ཡོད། ང་ཚོ་ཚང་མ་ཞིང་གྲོང་གི་ཁྱིམ་ཚང་དབུལ་པོ་ཏག་ཏག་ནས་ཡིན། ཡིན་ནའང་། མ་འོངས་པའི་ཕུགས་བསམ་དང་རེ་སྙེག་ཆེད་དུ་སློབ་གྲྭ་འདིར་ཡོང་བ་ཡིན། བློ་ཡིད་ལས་འདས་བ་ཞིག་ལ་སློབ་གྲྭ་འདིས་ང་ཚོའི་ལག་གི་སྒོར་ཁུག་སྟོང་བར་ཕུད་ཚར་དུས་ས་ཆ་གཞན་ཞིག་(河南省)ལ་མགོ་སྐོར་ནས་འབྲིང་རིམ་ཆེད་ལས་སློབ་གྲྭ་ཞིག་ཏུ་བསྐྱལ་ནང་ནས་ནང་དུ་སོང་ན་ཕྱིར་སྒོ་ལའང་འགྲོ་རུ་མི་འཇུག་པའི་བཙོན་མ་ཆུང་ཆུང་ཞིག་དང་མཚུངས། དངོས་གནས་ཡིད་སྐྱོ་བ་རེད། བཙོན་མ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི་ང་ཚོའི་ཕ་མ་ཡི་རྔུལ་ཁྲག་གཡོ་ལེན་དང་མ་འོངས་བའི་འཚོ་བར་མགོ་སྐོར་བཏང་བ་རེད། ང་ཚོའི་མི་ཚེ་ལ་མཚོན་ན་སློབ་ཆེན་ཐེངས་གཅིག་མ་གཏོགས་འདོན་པའི་གོ་སྐབས་མེད་པ་ཚང་མར་ལོས་གསལ། དེའི་ཕྱིར་གོང་རིམ་ཟེར་བའི་མགོ་ཁྲིད་དང་ཁྲིམས་ལུགས་ཟེར་བའི་རྒྱབ་རྟེན་ས་ཞིག་ཡོད་ན། ང་ཚོའི་ཕམ་ཁ་འདི་མིག་གིས་མཐོང་རན་རེད། རྣ་བས་གོ་རན་རེད། ལྷག་པར་དུ་ད་ལྟ་ཀྲུང་གོ་རྒྱལ་ཁབ་ཀྱི་རུལ་སུངས་དག་ཐེར་བྱེད་ཀྱིན་ཡོད་ཟེར་བ་འདི་ངོ་མ་ཡིན་ན། སློབ་གྲྭ་འདིའི་སུལ་སུངས་ཀྱི་བྱ་སྤྱོད་ངོ་མ་མངོན་བྱེད་ཀིན་ཡོད་པ་འདི་ཤེས་རན་རེད། རུལ་སུངས་རེད། རུལ་སུངས་ངོ་མ་རེད། ཞིང་གྲོང་གི་སློབ་བུ་ཉམ་ཆུང་དག་དང་ཞིང་གྲོང་གི་ཞིང་བ་དབུལ་བོ་དག་གི་རྔུལ་ཁྲག་ལྐོག་གཡོ་བྱས་ནས་བླངས་ན་རུལ་སུངས་ངོ་མ་རེད། ཅེས་བྲིས་འདུག
གསར་འགོད་པ། པདྨ་མཚོ།
དུས་ནམ་ཡིན་རུང་རྒྱ་ནག་ཚང་ངོ་ཚ་དྲང་བདེན་ཟེར་བ་ཡོད་པ་མ་རེད་དེ་འདྲ་སོང་ཙང་འདི་འདྲ་ཡོང་བ་ཆོས་ཉིད་རེད། འདྲ་མཉམ་ཐོག་ནས་ཞུ་འབོད་གནང་རོགས་པ་གལ་ཆེན་རེད། སྐབས་དང་དུས་ལ་མ་བབས་ན་ནུས་པ་ཐོན་ཁེག་པོ་རེད་གང་ལྟར་ཞུ་གཏུག་བྱེད་དགོས་པ་གལ་ཆེན་རེད་ཡིན་ན་ཡང་རྩ་ཁྲིམས་གཞིར་བཟུང་མ་བྱས་ན་ཁེག་འདོག་འདྲ་མིན་བྱེད་ངེས་རེད།