མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོ་ལ་བླངས་དོར་གྱི་ལམ་སྟོན་པའི་སྟོན་པ་རེད་མ་གཏོགས་སྐྱབས་དངོས་དེ་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

2016-03-11-Geneva-G03_19ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱལ་ཚོགས་ཀྱི་ཚོགས་མི་ཨ་རི་དང་ཁེ་ན་ཌའི་གཞུང་ཚབ་ཐུན་མོང་གིས་གོ་སྒྲིག་འོག སུད་སིའི་གྲོང་ཁྱེར་རྗི་ནེ་ཝར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༡ པའི་ཟུར་ཚོགས་ལྷན་ཚོགས་སྟེང་། བོད་མི་ཡོངས་ཀྱི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་དང་་། ཡཱ་མེན་ (Yemen) རྒྱལ་ཁབ་ཀྱིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཏ་ཝག་ཀོལ་ཀར་མན་ (Tawakkol karman) མཆོག ཨི་རན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཤི་རིན་ཨི་བྷ་དི་ (Shirin Ebadi) བཅས་སོགས་ལྷན་བཞུགས་མཛད་དེ། འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་གྲུབ་རྗེས་རྗི་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ། བོད་རིགས་གཙོས་པའི་མི་མང་ ༣༠༠༠ ལྷག་ལ་གསུང་བཤད་གནང་བ་འདིར་ཡིག་ཐོག་ཏུ་ཕབ།

༧གོང་ས་མཆོག་གིས་གསུང་བཤད་ཀྱི་ཐོག་མར་སྐུའི་འཕྲོད་བཞེས་སྐོར་གསུངས་དོན། ཁྱེད་རང་ཚོ་ཆེད་མངགས་འདིར་འཛོམས་ཏེ་ང་འདིར་ཐུག་རྒྱུའི་གོ་སྐབས་བྱུང་བ་རེད། ཁྱེད་རང་ཚོས་བར་སྐབས་ཤིག་ལ་ང་སྨན་བཅོས་བྱས་ཡོད་དུས་བོད་གཞིས་བྱེས་ས་ཁུལ་མང་པོ་ཞིག་ནས་གསོལ་འདེབས་སྨོན་ལམ་བྱེད་པ་སོགས་བྱུང་འདུག འདིར་སུད་སིར་སྡོད་པ་ཁྱེད་ཚོས་ཀྱང་གསོལ་འདེབས་སྨོན་ལམ་དངོས་གནས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་བྱས་པ་རེད་ཐུགས་རྗེ་ཞུས་པ་ཡིན། སྨན་བཅོས་དེ་ན་ནིང་ལོ་གཅིག་གཉིས་ཤིག་གི་གོང་ནས་ལྒང་པའི་ནད་གཞི་ཅུང་ཙམ་ཞིག་འདུག དེ་ལ་སྔོན་འགོག་གི་ཆེད་དུ་སྨན་བཅོས་བྱས་ན་ཡག་པའི་སྐད་ཆ་བྱུང་བ་རེད། སྨན་བཅོས་དེ་ལ་དུས་ཚོད་ཏོག་ཙམ་དགོས་སྟབས་རྒྱ་གར་ཕྱོགས་ཀྱི་བཀའ་ཆོས་དེ་དག་ལོ་བསྟུད་མར་བྱས་ནས་ད་ལོ་ཕལ་ཆེར་ལོ་བཞི་བ་དེ་རེད། དེ་ཕར་འགྱངས་ཐབས་མེད་པ་ཡིན་སྟབས་བཀའ་ཆོས་དེ་ཚར་བ་བྱས། དུས་འཁོར་དབང་ཆེན་དེ་འགྱངས་ཆོག་པ་ཡིན་དུས་དུས་འཁོར་དབང་ཆེན་དེ་འགྱངས་པ་རེད། ད་ལོའི་ལོ་མཇུག་ལ་རྡོ་རྗེ་གདན་ནས་དུས་འཁོར་དབང་ཆེན་བྱེད་རྒྱུ་བྱས་པ་རེད། རྒྱ་གར་ལྷོ་ཕྱོགས་ཀྱི་བཀའ་ཆོས་ཚར་རྗེས་སྨན་བཅོས་བྱས་པ་རེད། གཟུགས་པོར་བརྟག་དཔྱད་ཆ་ཚང་བྱས་དུས་ན་ནིང་བརྟག་དཔྱད་བྱས་པའི་ཁ་ཐུག་ལས་ཡག་ཏུ་སོང་འདུག་ཟེར་གི ལྒང་པའི་སྨན་བཅོས་བྱེད་རྒྱུ་དེ་སྔོན་མའི་འཆར་གཞི་ཡོད་པ་བཞིན་དུས་ཡུན་དེ་བདུན་ཕྲག་ལྔ་ཙམ་འགོར་བ་རེད་མ་གཏོགས་གཞན་ཉིན་རེ་ཉིན་རེའི་སྨན་བཅོས་བྱེད་རྒྱུ་དེ་སྐར་མ་ལྔ་དྲུག་ཙམ་རེད། ཕྱི་རྒྱལ་ན་སྨན་བཅོས་བྱེད་བཞིན་ཡོད་པ་རེད་ཟེར་བ་མ་གཏོགས་ནང་དོན་དེ་གུང་གསེང་སྐྱིད་ཤོས་བྱུང་། སྨན་ཁང་ནང་ལའང་སྨན་པ་ཚོ་ལོ་མང་པོའི་ངོ་ཤེས་པ་རེད། ཧ་ལམ་ལོ་བཅུ་ཕྲག་རིང་ལ་ངས་ལོ་རེ་རེར་བརྟག་དཔྱད་བྱེད་དུ་འགྲོ་གི་ཡོད་སྟབས་སྨན་ཞབས་ཚོ་ང་ཚོ་ངོ་ཤེས་ཆགས་ཏེ། ཁ་སང་མཇུག་ལ་སྨན་བཅོས་ཚར་ཡོང་དུས་སྙིང་རྗེ་ཁོང་ཚོ་སྨན་ཞབས་མང་པོ་ཞིག་གིས་མིག་ལ་མཆི་མ་འཁོར་ཏེ་ད་ང་ཚོ་ཐུག་ནི་མ་རེད་ཟེར་གི ང་ཚོ་མིའི་བརྩེ་བ་ཟེར་བ་དེ་ངོ་ཤེས་ནང་ཚགས་འདྲ་ཆགས་དེ་གཅིག་གིས་གཅིག་ལ་གྲོགས་པོའི་འདུ་ཤེས་ཟབ་མོ་བྱུང་། ང་ཡང་སྐྱིད་པོ་བྱུང་སོང་། སྨན་བཅོས་སྔོན་འགོག་བྱེད་རྒྱུ་དེ་ཆ་ཚང་ཟིན་ད་གཟུགས་པོ་བདེ་ཐག་ཆོད་ཡོད། ཅེས་གསུངས་འདུག

ནང་ཆོས་དང་ཚན་རིག་བར་དཔྱད་ཞིབ་བསྡུར་གསུམ་གནང་བའི་སྐོར་གསུངས་དོན། འདས་པའི་ལོ་སུམ་བཅུ་ལྷག་ལ་ཚན་རིག་པ་ཚོ་མཉམ་དུ་གྲོས་བསྡུར་བྱུང་བ་རེད། ང་ཚོ་ལ་ཚུར་ཚན་རིག་པའི་ཐོག་ནས་དངོས་ཁམས་རིག་པའི་སྐོར་ནས་འགྲེལ་བཤད་བརྒྱབ་ཡོང་དུས་དངོས་གནས་གོ་བ་གསར་བ་ལེན་རྒྱུ་གནས་ཚུལ་གསར་བ་ཤེས་རྒྱུ་ཕན་ཐོགས་ཞེ་དྲགས་ཡོང་གི་འདུག ཚན་རིག་པ་ཚོར་ཕར་སེམས་ཁམས་རིག་པའི་སྐོར་ལ་དེ་འདྲའི་ཞིབ་ཚགས་ཡོད་པ་མ་རེད། སྤྱིར་བཏང་ཚན་རིག་པ་སྔོན་མ་དེ་ཚོས་སེམས་ལབ་དུས་ཀླད་པའི་གཡོ་འགུལ་ཞིག་ལས་བྱུང་བ་མ་གཏོགས་སེམས་ཟེར་བ་ཞིག་ཟུར་དུ་ཡོད་པ་མ་རེད་ཟེར་གྱི་ཡོད་པ་རེད། དེ་རིང་ཁ་སང་རྣམ་པར་ཤེས་པ་ཟེར་བ་དེ་ཀླད་པ་ལས་ལོགས་སུ་ཡོད་པ་ཞིག་གཞི་ནས་དོ་སྣང་བསླེབས་ཏེ། དེའི་ཐོག་ལ་ཉམས་ཞིབ་བྱེད་བཞིན་འདུག སྤྱིར་རྒྱ་གར་འཕགས་པའི་ཡུལ་དུ་ལོ་སྟོང་ཕྲག་གོང་ནས་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་ཡོད་པ་རེད། སྤྱིར་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་རྒྱུད་ཕྱི་རོལ་བ་ནང་བ་དབྱེ་བ་མེད་པར་ཆོས་རྒྱུད་མང་པོའི་ནང་ལ་ཞི་གནས་དང་ལྷག་མཐོང་སྒོམ་རྒྱུ་ཡོད་པ་རེད། ཞི་གནས་དང་ལྷག་མཐོང་སྒོམ་རྒྱུ་ཡོད་པ་དེ་ཚོར་སེམས་ཁམས་རིག་པའི་སྐོར་གྱི་འགྲེལ་བཤད་ཡོད་པ་རེད།

DSC_5100ངས་ཁྱོད་ཚོར་གཏན་འཁེལ་བའི་ཐོག་ནས་ལབ་ཐུབ་པ་ཞིག་ལ། ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་སྔོན་གྱི་ཆོས་རྒྱལ་ལོ་པཎ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ཏེ། ང་རང་ཚོའི་སྐད་ཡིག་ནང་ལ་ན་ལེན་ཊའི་མཁས་པའི་དབང་པོ་ཚོའི་སེམས་ཁམས་རིག་པའི་སྐོར་དང་། ཚད་མ་རིག་པའི་སྐོར་དེ་དག་ཆ་ཚང་ཡོད་བསྡད་པ་ཞིག་རེད་འདུག རྩ་བའི་རྒྱ་ནག་གི་ནང་པ་ཚོའང་ན་ལེན་ཊ་ནས་བརྒྱུད་པའི་གཅིག་གྱུར་ཆགས་བསྡད་ཡོད་པ་རེད། ཀླུ་སྒྲུབ་ཀྱི་མཚན་གོ་མྱོང་བ་ཐོས་མྱོང་བ་ཀླུ་སྒྲུབ་ཀྱི་རྗེས་འབྲང་བ་ཆགས་བསྡད་ཡོད་པ་རེད་དེ། ཡིན་ནའང་དེ་འདྲའི་རྒྱ་གར་གྱི་མཁས་པའི་གཞུང་མང་པོ་ཞིག་རྒྱ་ཡིག་ནང་བསྒྱུར་མི་འདུག ལྷག་པར་ཚད་མ་རིག་པའི་སྐོར་དེ་འདྲ་ཧ་ལམ་རྒྱ་ཡིག་ནང་ལ་བསྒྱུར་མི་འདུག ང་ཚོའི་བོད་ཡིག་ནང་ལ་སློབ་དཔོན་ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་གཞུང་དེ་ཚོ་ཧ་ལམ་ཆ་ཚང་ཞིག་བསྒྱུར་ཡོད་པ་རེད། བསྒྱུར་བ་ཙམ་དུ་མ་ཟད་བོད་པའི་གནའ་རབས་མཁས་པ་དཔེར་ན་ས་པཎྜིཏས་ཁོ་རང་རང་གིས་ཚད་མའི་གཞུང་རིག་གཏེར་མཛད་པ་རེད་ལ། ཕྱྭ་བ་ཡབ་སྲས་བཟུང་དམིགས་བསལ་གྱིས་ཐུགས་སྣང་གནང་འདུག དེ་འདྲ་ཡིན་དུས་དེ་རིང་ཁ་སང་འཛམ་གླིང་ཐོག་སངས་རྒྱས་ཆོས་བྱེད་མཁན་དང་། དེའི་ནང་ནས་ན་ལེན་ཊའི་ཆོས་རྒྱུད་འཛིན་མཁན་ནང་ལོགས་ལ་ཚད་མ་རིག་པའི་གཞུང་ལ་སློབ་སྦྱོང་བྱས་ཏེ། ཕར་འགྲེལ་བཤད་ཐུབ་མཁན་བོད་པ་གཅིག་པོ་མ་གཏོགས་སུ་གཅིག་མི་འདུག རྟག་པར་འུ་ཚོས་རིག་གནས་ཆེ་བ་ལྔ་ཟེར་དུས་སྒྲ་རིག་པ། ཚད་མ་རིག་པ། གསོ་རིག་པ། ནང་དོན་རིག་པ། བཟོ་རིག་པ་ཞེས་བཤད་གི་ཡོད་པ་རེད། ཚད་མ་རིག་པ་དེ་བོད་པ་རྐྱང་རྐྱང་མ་གཏོགས་མེད་བསྡད་པ་ཞིག་རེད་འདུག ང་ཚོ་བོད་པའི་སྐད་ཡིག་ནང་ལ་ལེགས་སྦྱར་མིང་ཚིག་བེད་སྤྱོད་བྱེད་མི་དགོས་པར་ང་ཚོ་རང་གི་སྐད་ཀྱི་ཐོག་ནས་ཆ་ཚང་ལ་འགྲེལ་བཤད་ཐུབ་པའི་རང་མགོ་ཐོན་པ་ཞིག་རེད་འདུག ཅེས་གསུངས་འདུག

ནང་ཆོས་ཚན་རིག་དང་དཔུང་བ་མཉམ་གཤིབ་བྱེད་ཐུབ་པའི་སྐོར་གསུངས་དོན། ང་ཚོའི་གཞུང་ཚོ་ཁྲིད་པའི་ཁ་ཐུག་ལ་མགོ་དེར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་གདུལ་བྱ་བའི་ཁྲིད་སྟངས་གཅིག་དང་དབང་བརྟུལ་དད་པའི་རྗེས་འབྲང་གི་གདུལ་བྱ་གཅིག་ཟེར་ནས་གཉིས་སུ་དབྱེ་ཡོད་པ་རེད། ང་ཚོ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཁྲིད་ལུགས་དེ་བྱས་ཏེ། ཐོག་མར་ཐེ་ཚོམ་བྱས་ཏེ་ལམ་སེང་བཀའ་བཞིན་ཞུ་ཟེར་བ་དེ་མ་ཡིན་པར་བརྟག་དཔྱད་བྱོས། བཅོམ་ལྡན་འདས་ཉིད་ཀྱིས་དགེ་སློང་དག་དང་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན་གསུངས་ཡོད་སྟབས། བཅོམ་ལྡན་འདས་ཀྱི་བཀའ་ཡིན་རུང་བརྟག་དཔྱད་བྱོས། རྒྱུ་མཚན་ལྡན་པ་ཞིག་ཡིན་ན་དེ་ཁས་ལེན་བྱོས། རྒྱུ་མཚན་ལ་གནོད་བྱེད་དེ་འདྲ་མཐོང་པ་ཡིན་ན་བཅོམ་ལྡན་འདས་ཀྱི་བཀའ་ཡིན་རུང་དེ་སྒྲ་ཇི་བཞིན་དུ་ཁས་ལེན་མི་རུང་བ་རེད། དགོས་པས་དབང་དུ་གསུང་བ་རེད་མ་གཏོགས། སྒྲ་ཇི་བཞིན་ཁས་ལེན་རུང་གི་མ་རེད་ཟེར་ནས་བཤད་བསྡད་ཡོད་པ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཁྲིད་སྟངས་བྱས་ནས་ཁྲིད་པ་ཡིན་ན། ང་རང་ཚོ་བོད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་ཕལ་ཆེར་ལོ་བརྒྱ་ཕྲག་ཁ་ཤས་ལ་སྡོད་ཐུབ་པ་ཕལ་ཆེར་ཁས་ལེན་ཐུབ་པ་རེད། དབང་བརྟུལ་དད་པའི་རྗེས་འབྲང་གི་དད་པ་གཙོ་བོར་བྱས་ཏེ། བླ་མས་བཀའ་རེད་ཟེར་བ་འདྲ་བོ་དང་། ཚོགས་བསགས་སྒྲུབ་སྦྱོང་གཟུངས་སྔགས་འདྲ་བགྲང་ནས་འགྲོ་བསྡད་པ་དེ་ཚོའི་སྒང་ལ་ཕྱིན་པ་ཡིན་ན་ཡུན་རིང་པོར་གནས་མི་གནས་བཤད་ཁག་པོ་རེད། ཤེས་སོང་ངམ། འཛམ་གླིང་ལོ་རེར་བཀྲ་རུ་བཀྲ་རུ་འགྲོ་བཞིན་ཡོད་པ་རེད། དེ་དང་མཉམ་དུ་འགྲོ་ཐུབ་པ་ཅིག་ཡིན་དགོས་པ་རེད། སྔོན་མ་ཨ་ཡིན་སུ་ཐན་གྱིས་(Einstein )བཤད་ཡོད་པ་རེད། ཚན་རིག་ཡར་རྒྱས་སོང་བ་དང་མཉམ་དུ་འགྲོ་ཐུབ་མཁན་ཞིག་ཕལ་ཆེར་ནང་པའི་ཆོས་དེ་རེད་འདུག་ཟེར་བའི་སྐད་ཆ་དེ་འདྲ་ཡོད་པ་རེད།

12499548_908037879304753_45222678_oང་རང་རང་གི་དངོས་སུ་ཉམས་མྱོང་བྱུང་བ་ཞིག་ལོ་ངོ་སུམ་བཅུ་ལྷག་རིང་ལ་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་གྲོས་བསྡུར་བྱས་ཏེ་སངས་རྒྱས་ཀྱི་ལྟ་གྲུབ་དེའི་དབུ་འཕང་མཐོ་རུ་མཐོ་རུ་མ་གཏོགས་རྒུད་རྒྱུ་ཁྱོན་ནས་མི་འདུག ཚན་རིག་དང་མཉམ་དུ་གྲོས་བསྡུར་བྱེད་དུས་ཚན་རིག་པས་ཚུར་གཏུག་རྒྱུ་མ་གཏོགས་སངས་རྒྱས་ཀྱི་ལྟ་གྲུབ་ཤེས་མཁན་ཞིག་གིས་ཕར་ལ་གཏུག་དགོས་པ་ཞིག་ཧ་ལམ་མེད་པའི་བཟོ་འདྲ་ཞིག་འདུག ད་ཕམ་ཉེས་ཅི་ཞིག་བྱུང་བ་རེད་ལབ་ན་རིའི་རྒྱལ་བོ་རི་རབ་ཡོད་པ་རེད་ཟེར་བ་དེ་ཕམ་ཉེས་བྱུང་བ་རེད། ངས་རི་རབ་ཁས་ལེན་གི་མེད། རི་རབ་ཡོད་ན་ཡོད། མེད་ན་མེད། དེ་ལ་ཁྱད་ཅིག་མི་འདུག རི་རབ་མེད་ཀྱང་ང་ཚོ་ལ་ཉིན་མཚན་ནི་འདུག ཉི་མ་རི་རབ་ཀྱི་བྱང་ངོས་སུ་སླེབས་པའི་ཁ་ཐུག་ལ་ལྷོ་འཛམ་བུ་གླིང་མཚན་མོ་ཆགས་ཀྱི་འདུག་ཟེར་གྱི་ཡོད་པ་རེད། འདི་ཚན་རིག་པ་དང་གྲོས་བསྡུར་བྱས་ཏེ་ཕམ་ཉེས་བྱུང་བ་རེད་ལབ་གྱི་ཡོད། དེ་མིན་གྱི་སངས་རྒྱས་པའི་གཞུང་ནས་བཤད་པའི་ལྟ་གྲུབ་དག་བཤད་ཡོང་དུས་ཚན་རིག་པ་ཚོ་ངོ་མཚར་སྐྱེས་ནས་མགོ་གཡུག་གཡུག་གཏོང་གི་འདུག དེ་ང་ཚོ་བོད་མི་རིགས་ཀྱིས་སྤོབས་པ་སྐྱེ་དགོས་པ་ཞིག་རེད། ང་ཚོའི་མེས་པོ་ཚོས་དེ་འདྲ་སྤུས་དག་པོ་ཞིག་བོད་ཡིག་ནང་ལ་བསྒྱུར། ལོ་སྟོང་ཕྲག་རིང་ལ་དེར་བདག་པོ་བརྒྱབ་ནས་ད་ལྟ་བར་དུ་བསླེབས་པ་རེད། ཡེ་གེའི་ཆ་ནས་བཤད་ནས་རྒྱ་ཡིག་དང་བོད་ཡིག་ལས་བོད་ཡིག་སྦྱངས་ན་བོད་ཡིག་ཡར་རྒྱས་ཆེ་བ་ཡོད་པ་རེད། རྒྱ་ཡིག་རྙོག་དྲ་ཚ་བོ་རེད། དེ་སྔོན་མ་བོད་ཀྱི་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཁོ་རང་གིས་དེབ་ཅིག་ནང་ལ་བྲིས་འདུག བོད་ཡིག་དེ་ཞེ་དྲགས་འཛོམས་པོ་དང་ཁྱོན་ཆེན་པོ་ཞེ་དྲགས་རེད་འདུག རྒྱ་ཡིག་རྙོག་དྲ་ཚ་བོ་རེད་འདུག ང་ཚོའི་བོད་ཡིག་དངོས་གནས་རླབས་ཆེ་བ་ཆགས་འདུག ལྷག་པར་དུ་བོད་ཡིག་ནང་ལ་ཡོད་པའི་བརྗོད་བྱ་དེ་དག་དེང་སང་ཁ་སང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་འཛམ་གླིང་སྤྱི་ལ་ཕན་ཐོགས་པའི་བརྗོད་དོན་ཡོད་པ་ཞིག་ཆགས་བསྡད་འདུག དེ་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་མི་རིགས་ཀྱི་སྤོབས་པ་སྐྱེ་དགོས་པ་ཞིག་རེད། ཅེས་གསུངས་འདུག

༧གོང་ས་མཆོག་གིས་བོད་མིའི་ཡ་རབས་བཟང་སྤྱོད་སྐོར་གསུངས་དོན། ངས་ཆབ་སྲིད་ཀྱི་ལས་འགན་བཞག་ཚར་བ་རེད། ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་ལས་ཀ་ཆ་ཚང་བཞག་པ་ཡིན། ངས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སྐོར་ལ་ངས་ལས་ཀ་བྱེད་ཀྱི་ཡོད། དེ་བཞིན་ཁོར་ཡུག་སྐོར་ལ་ལས་ཀ་བྱེད་ཀྱི་ཡོད། དེ་ཁྱེད་རང་ཚོའི་སེམས་ལ་ཟུངས། བོད་མི་རིགས་གཤིས་ཀ་ཡག་པོ་དང་སེམས་པ་བཟང་པོ། དྲང་པོ་དྲང་བཞག་བྱེད་མཁན་ཞིག་ཡོད་པ་རེད་ཟེར་གྱི་ཡོད་པ་རེད། ཨ་རི་ཡིན་ན་རེད། རྒྱ་གར་ཡིན་ན་རེད་ཚང་མའི་མཐོང་ཚུལ་དེ་འདྲ་ཞིག་ཡོད་པ་རེད། ཡིན་ནའང་། ད་ཡུན་དང་ཡུན་གྱིས་གཟབ་གཟབ་མ་བྱས་ན་མི་རབས་བརྗེ་བཞིན་བརྗེ་བཞིན་རྐུན་མ་རྐུ་བ་དང་རྒྱག་རེས་རྒྱག་པ་སོགས་བྱས་ཏེ་སུད་སིར་བུ་ཕྲུག་ག་ཚོད་བཙོན་ལ་སོང་བ་རེད། སྔོན་མ་ཞིག་ལ་ཨ་རིའི་ནེའུ་ཡོག་ཏུ་ངས་བོད་པའི་རྣམ་དཔྱོད་སོགས་གང་ལྟར་མི་རིགས་བཟང་པོ་ཞིག་ཡིན་པའི་འགྲེལ་བཤད་བརྒྱབ་ནས་དྲོད་མ་ཡལ་གོང་ལ་ཁོང་ཚོ་གཞོན་པ་ཁ་ཤས་ཀྱིས་ཆང་འཐུང་ནས་རྒྱག་རེས་བྱས་ཏེ་མི་གཅིག་བསད་པ་རེད། ངས་བོད་པ་ཟེར་དུས་ཞེ་དྲགས་ཡོད་མདོག་མདོག་ཅིག་བཤད། ཁྱེད་རང་ཚོས་འོག་ནས་ཞབས་འདྲེན་ངས་ཞུ་རྒྱུ་ཡིན་ཟེར་བ་འདྲ་བོ་དེ་འདྲ་མ་བྱེད། ཤེས་སོང་ངམ། ཚང་མས་གཟབ་གཟབ་བྱེད་དགོས་པ་རེད། ང་ཚོ་བོད་མི་གཅིག་གིས་བཤད་སྤྱོད་ངན་པ་བྱས་ནས་མཚན་གཤིས་བཟོས་པ་ཡིན་ན། བོད་པ་ཚོ་ཡག་པོ་མི་འདུག་ཟེར་ནས་མཚན་གཤིས་སླེབས་ཀྱི་ཡོད་པ་རེད། བོད་པ་གཅིག་གི་ངོས་ནས་ཡིན་ནའང་དྲང་པོ་དྲང་བཞག རྒྱབ་མདུན་མངོན་ལྐོག་མེད་པ། སེམས་པ་བཟང་པོ། དེ་འདྲ་ཡོད་པ་ཞིག་བྱུང་ན་བོད་པ་གཅིག་ཡིན་རུང་བོད་པ་ཚོ་ཡག་པོ་འདུག་ཟེར་བ་ཞིག་ཆགས་གི་རེད། ཅེས་གསུངས་འདུག

༧གོང་ས་མཆོག་གིས་སྐྱབས་ངོས་འཛིན་སྟངས་སྐོར་བཀའ་སློབ་གནང་དོན། ནང་ཆོས་ལ་དད་པ་ཙམ་བྱས་ཏེ་སྡོད་རྒྱུ་མ་ཡིན་པར། སློབ་སྦྱོང་བྱེད་རྒྱུ་དཔེ་གལ་ཆེན་པོ་རེད། ནམ་རྒྱུན་ང་ཚོས་མཆོད་པ་ཕུལ་སྐབས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ།། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།། ཟེར་ནས་བཤད་གི་ཡོད། ཚིག་ཁོ་རང་སྟེང་ན་གོ་རྒྱུ་ཆེན་པོ་འདུག སྐྱོབས་པ་བླ་མེད་སངས་རྒྱས་རིན་པོ་ཆེ་ཟེར་གྱི་མི་འདུག སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ་ཟེར་གྱི་ཡོད། སངས་རྒྱས་ལ་སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་ཟེར་གྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོ་ལ་བླངས་དོར་གྱི་ལམ་སྟོན་པའི་སྟོན་པ་རེད་མ་གཏོགས་སྐྱབས་དངོས་དེ་མ་རེད། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ་ཟེར་ནས་དངོས་དོན་སྐྱོབས་མཁན་དེ་དམ་ཆོས་རེད། དམ་ཆོས་ག་རེ་རེད་ལབ་ན་ལུང་གི་གླེགས་བམ་མགོ་ལ་བཞག་ནས་སྐྱོབས་པའི་སྐད་ཆ་མ་རེད། ལུང་སྡེ་སྣོད་གསུམ་གྱི་ནང་ནས་བཤད་པའི་བསླབ་པ་གསུམ་གྱི་ཉམས་ལེན་བྱས་ཏེ་མཐར་གཏུགས་ཡོང་དུས་ཤེས་རབ་ཀྱི་བསླབ་པ་ལ་བརྟེན་ནས་འགོག་ལམ་གྱི་སྡོམ་པ་ཞིག་རྒྱུད་ལ་སྐྱེས་ཡོང་དུས་ཙ་ན་དངོས་གནས་དྲང་གནས་སྤངས་བྱ་གང་ཡང་རུང་བ་ཞིག་ནས་གྲོལ་ཡོང་གི་ཡོད་པ་རེད། དེ་ད་སྐྱབས་དངོས་ཆགས་པ་རེད། དེ་འདྲ་ཡིན་དུས་སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ་ཟེར་གྱི་ཡོད་པ་རེད། དེ་འདྲའི་ང་ཚོ་ལ་མིག་དཔེ་ལྟ་ས་ཁ་མིག་ཡར་ལྟ་བྱེད་ས་ཞིག་ལ་དགེ་འདུན་ཆགས་ཡོད་སྟབས། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ་ཟེར་བ་དེར་ནུས་པ་ཆེན་པོ་རེད་འདུག སངས་རྒྱས་ཟེར་དུས་ང་ཚོའི་དགེ་རྒན་ལྟར། ཆོས་ཟེར་དུས་སྨན་ནང་ལྟར་དུ་ང་ཚོ་དངོས་དོན་སྡུག་བསྔལ་འཕྲལ་དུས་ཡིན་ན་རེད། སེམས་ཀྱི་དཀའ་ངལ་སེལ་པ་དང་སེམས་ཀྱི་དངངས་སྐྲག་སེལ་པ་སོགས་ཆོས་ཀྱི་བསླབ་བྱའི་ཐོག་ནས་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཐད་ཀ་ཐད་ཀར་དཀའ་ངལ་སེལ་མཁན་དེ་ཆོས་ཆགས་བསྡད་ཡོད་པ་རེད། དགེ་འདུན་མིག་དཔེ་ལྟ་ས་ཆགས་བསྡད་ཡོད་པ་རེད། དེ་ཁྱེད་རང་ཚོས་ཤེས་པར་བྱོས། ཞེས་གསུངས་འདུག

༧གོང་ས་མཆོག་གིས་བཀའ་སློབ་གནང་གྲུབ་པའི་རྗེས་ལ། ཚོགས་པ་ཁག་གིས་གཞས་སྣ་འཁྲབ་སྟོན་དང་། ཕྱི་དྲོའི་དུས་ཚོད་བཞི་ལྷག་ལ་སྐོར་བྲོ་འཁྲབ་ཡོད་འདུག

བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཡིག་ཐོག་ཏུ་ཕབ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese