རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་སྲོལ་རྒྱུན་ཆོས་ལུགས་འཇིམ་སྐུའི་སྒྱུ་རྩལ་འགྲན་ཚོགས་ཐེངས་གསུམ་པའི་ཐོག་བོད་རིགས་འཇིམ་བཟོ་ཆེད་མཁས་པ་འཇིགས་མེད་མཁས་གྲུབ་ལགས་ལ་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག
རྒྱ་ནག་མི་རིགས་དམངས་ཁྲོད་བཟོ་རིག་མཛེས་རྩལ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༦ བར་ ཧྥུ་ཅན་ཞིང་ཆེན་ཕུའུ་ཐིན་ཡཱང་ཀང་སྒྱུ་རྩལ་འགྲེམས་སྟོན་ཁང་དུ། རྒྱ་ནག་སྲོལ་རྒྱུན་ཆོས་ལུགས་འཇིམ་སྐུའི་སྒྱུ་རྩལ་འགྲན་ཚོགས་ཐེངས་གསུམ་པ་བསྡུས་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ཁྲོད་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༡༢ ནས་ཆོས་ལུགས་འདྲ་མིན་གྱི་འཇིམ་བཟོའི་སྒྱུ་རྩལ་བ་མང་པོ་མཉམ་ཞུགས་བྱས་ཏེ། ཉིན་གྲངས་གསུམ་རིང་འཇིམ་སྐུའི་བཟོ་རྩལ་འགྲན་བསྡུར་བྱས་པ་བརྒྱུད། བོད་ཀྱི་སྲོལ་རྒྱུན་འཇིམ་བཟོ་ཆེད་མཁས་པ་རེབ་གོང་འཇིགས་མེད་མཁས་གྲུབ་ལགས་ཀྱིས་བཞེངས་བའི་སྒྲོལ་མ་ལྗང་མོའི་འཇིམ་སྐུ་ལ་ཨང་གཉིས་པའི་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག
རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་འཇིམ་སྐུའི་སྒྱུ་རྩལ་འགྲན་ཚོགས་དེའི་ཁྲོད། བོད་བརྒྱུད་ནང་བསྟན་གྱི་ལྷ་སྐུ་འཇིམ་བཟོ་བ་བོད་རིགས་ཤིག་ལ་བྱ་དགའ་ཐོབ་པ་ཐོག་མ་མིན་པར་ཕྱི་ལོ་ ༢༠༡༤ ལོའི་འཇིམ་སྐུའི་སྒྱུ་རྩལ་འགྲན་ཚོགས་ཐེངས་དང་པོའི་ཐོག སྡེ་དགེ་ནས་ཡིན་པའི་བོད་ཀྱི་འཇིམ་བཟོ་བ་ཨ་ཆུང་ལགས་སུ་ཁྱད་འཕགས་གསེར་གྱི་རྟགས་མ་ཐོབ་ཡོད་པ་མ་ཟད། ཀྲུང་གོའི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་བ་ཆེན་མོའི་མཚན་སྙན་ཐོབ་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།