དེ་རིང་ཕྱི་དྲོར་རྔ་བ་རྫོང་གི་ཁྲོམ་གཞུང་དུ་དགེ་འདུན་པ་བློ་བཟང་ཚེ་རིང་ཞུ་བ་ཞིག་གིས་ཞི་རྒོལ་སྐད་འབོད་གནང་སྟེ་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་འདུག
དེ་རིང་ཕྱི་དྲོར་བོད་ནང་གི་ཆུ་ཚོད་ ༤ པ་ཙམ་ལ། རྔ་བ་རྫོང་གི་ཁྲོམ་གཞུང་དུ་རྔ་བ་ཀིརྟི་དགོན་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་ཀྱིས། ཁ་བཏགས་སེར་པོས་གཡོགས་པའི་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་གནམ་ལ་འཕྱར་ཏེ། ༼༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས༽ ཞེས་སྐད་འབོད་རྒྱག་ཞོར་དུ་ཁྲོམ་སྐོར་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པས་ཁོང་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག
རང་ལོ་ ༢༠ ལྷག་ཡིན་པའི་གྲྭ་བློ་བཟང་ཚེ་རིང་ལགས་ནི། རྔ་བ་རྫོང་ལྷ་སྡེ་འགབ་མའི་ཕ་ཤེས་རབ་(མཚང་མིང་ལ་སྔོ་རིལ)དང་མ་གཡུ་ཁོ་གཉིས་ཀྱི་བུ་ཡིན་ལ། ཆུང་དུས་ནས་ཀིརྟི་དགོན་དུ་ཆོས་སྒོར་ཞུགས་ཏེ། ད་ལྟ་ཕར་ཕྱིན་ལོ་རིམ་གསུམ་པར་བསླེབས་ཡོད་འདུག
གསར་འགོད་པ། པདྨ་མཚོ།
རྒྱལ་གཅེས་དཔའ་བོ་ཁྱེད་ཀྱི་སྙིང་སྟོབས་དང་སེམས་ཤུགས་ལ་ནམ་ཡང་གུས་འདུད་ཞུ།