ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བྲག་མགོ་རྫོང་ཁོངས་ནས་ཕྱི་སྐྱོད་ལག་ཁྱེར་ལེན་མཁན་ཚོར་རྒྱན་བརྒྱབ་སྟེ་མི་གྲངས་ ༡༥༠ ལ་རྒྱན་ཐོབ་ཡོད་ཀྱང་མ་འོངས་པར་རྒྱན་ཐོབ་མཁན་ཚོའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག
འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེང་སང་བོད་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་བསྟུན། བོད་མི་ཧ་ཅང་མང་པོ་ཕྱིའི་རྒྱལ་ཁབ་ཁག་གི་ནང་ཡུལ་སྐོར་དང་གནས་མཇལ་དུ་འགྲོ་བཞིན་ཡོད་པ་ལྟར། ད་ལོ་བྲག་མགོ་རྫོང་ཁོངས་སུ་ཕྱི་སྐྱོད་ལག་ཁྱེར་ལེན་མཁན་མང་པོ་ཡོད་སྟབས། རྫོང་ཉེན་རྟོག་ཁང་གི་བཀའ་བཀོད་འོག་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཕྱི་སྐྱོད་ལག་ཁྱེར་ལེན་མཁན་ཚང་མར་རྒྱན་བརྒྱབ་སྟེ་མི་གྲངས་ ༡༥༠ ལ་རྒྱན་ཐོབ་ཡོད་པ་དང་། མ་འོངས་པར་རྒྱན་ཐོབ་མཁན་ཚོའི་ལོ་རྒྱུས་རྒྱབ་ལྗོངས་དང་ཆབ་སྲིད་ཀྱི་གནད་དོན་ཡོད་མེད་སོགས་ལ་ཞིབ་འཇུག་བྱས་ཏེ་བཀག་འགོག་བྱེད་པའི་ཉེན་ཁ་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས། ཕྱི་སྐྱོད་ལག་ཁྱེར་ལ་དམ་དྲག་བྱེད་པའི་བྱ་འགུལ་དེ་བྲག་མགོ་རྫོང་རང་ནས་བཀོད་ཁྱབ་བཏང་སྟེ་ལག་བསྟར་བྱས་པ་ཞིག་ཡིན་ལ། ཕྱི་ཕྱོགས་སུ་འགྲོ་མཁན་གྱི་གྲངས་འབོར་ལ་སྟངས་འཛིན་བྱེད་པའི་ཆེད་དུ་ཡིན་འདུག བྲག་མགོ་རྫོང་ལྟ་བུ་ཡིན་ན་ཉེན་རྟོག་ཁང་གཅིག་གི་ཁྱབ་ཁོངས་སུ་ཡོད་དུས། ཁྱབ་ཁོངས་དེ་རང་ནས་རྒྱན་འཕངས་བ་བརྒྱུད་མི་ ༡༥༠ ལ་ཕྱི་སྐྱོད་ལག་ཁྱེར་སྤྲོད་ཀྱི་ཡིན་ཞེས་ལབ་སྟེ་ཕྱི་ཚེས་ ༢༤ ཉིན་རྒྱན་བརྒྱབ་ཡོད་པ་དང་། རྒྱ་གར་དུ་ཡོང་འཆར་ཡོད་པའི་ས་གནས་བོད་མི་ཞིག་གིས་ཁོང་ལ་རྒྱན་ཐོབ་མ་སོང་། རྒྱན་རྒྱག་མཁན་ཞེ་དྲགས་མང་པོ་འདུག་ལབ་སོང་། ཞེས་དང་།
ཁོང་གིས་མུ་མཐུད། ཕྱི་ཕྱོགས་སུ་འགྲོ་འཆར་ཡོད་མཁན་ཞིག་ཡིན་ནའང་རྒྱན་དེ་མ་ཐོབ་པ་ཡིན་ན། ང་ལ་རྒྱན་ཐོབ་མ་སོང་ཞེས་འདུག་རྒྱུ་མ་གཏོགས་ལམ་ག་གཞན་ཡོད་པ་མ་རེད། ཉེན་རྟོག་ཁང་གིས་ཕྱི་ཕྱོགས་སུ་གཏོང་གི་མིན་ཞེས་བཀག་འགོག་བྱས་མི་འདུག ཐབས་ཇུས་མཁས་པོ་ཞེ་དྲགས་ཤིག་རེད། གང་ཡིན་ཟེར་ན། གཏོང་གི་མིན་ཞེས་ཁྲིམས་དང་སྒྲིག་གཞི་ལག་ལེན་བསྟར་བ་ཡིན་ན་འཛམ་བུ་གླིང་གང་སར་གནད་དོན་དེ་ཁྱབ་འགྲོ་ཡི་ཡོད་པ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་གིས། རྒྱན་དེ་སྤྱི་ཡོངས་ནས་བརྒྱབ་པ་རེད། ཡིན་ནའང་། རྒྱན་ཐོབ་མཁན་ཚོའི་ལོ་རྒྱུས་རྒྱབ་ལྗོངས་དང་ཆབ་སྲིད་ཀྱི་ནག་ཉེས་ཡོད་མེད་སོགས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ཡིན་པ་རེད་ལ། ཞིབ་འཇུག་དེ་བྱས་རྗེས་རྒྱན་ཐོབ་མཁན་ཚོལའང་བཀག་འགོག་བྱེད་པའི་ལམ་ག་ཞིག་ཡོད་པ་རེད། དེར་བརྟེན་ད་ལྟ་མི་གྲངས་ ༡༥༠ ལ་རྒྱན་ཐོབ་པ་དེ་ཆ་ཚང་ཕྱི་ཕྱོགས་སུ་གཏོང་བའི་ངེས་པ་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
གསར་འགོད་པས་ལྐོག་ཇུས་དེ་རྫོང་གཞན་གྱི་ནང་དུ་ལག་བསྟར་བྱེད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། བྲག་མགོ་རྫོང་གི་ནང་རྒྱན་བརྒྱབ་ཚར་ཡོད་ལ། བྲག་མགོ་རྫོང་གཅིག་པུ་མིན་པར་རིམ་གྱིས་དཀར་མཛེས་ཁུལ་ཡོངས་ཀྱི་ནང་ལག་བསྟར་བྱ་རྒྱུ་རེད་འདུག ཅེས་བརྗོད་བྱུང་།
གནས་ཚུལ་ཐོན་རིམ་གཉིས་པ། ཕ་ཡུལ་བྲག་མགོ་ནས་ཡིན་པའི་ལྷོ་ཕྱོགས་སུ་གནས་སྡོད་དགེ་འདུན་པ་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བྲག་མགོ་རྫོང་ཁོངས་ནས་ཕྱི་སྐྱོད་ལག་ཁྱེར་སྤྲོད་ཕྱོགས་ཐད་རིམ་པ་གསུམ་དུ་ཕྱེས་ཏེ། རིམ་པ་དང་པོའི་རྒྱན་ཁོངས་སུ་ལོ་ན་ ༥༠ ཡན་ཆད་ཀྱི་རྒན་པ་ཚོ་བཞག་ཡོད་པ་དང་། རིམ་པ་གཉིས་པ་དང་གསུམ་པ་འདི་ལོའི་ཕྱི་ཟླ་ ༨ དང་ ༡༠ པའི་ནང་རྒྱན་རྒྱག་རྒྱུ་ཡིན་ལ། ལོ་སྔོན་མ་ལའང་རིམ་པ་གསུམ་དུ་ཕྱེས་ཏེ་མི་གྲངས་ ༥༠༠ མ་ཟིན་ཙམ་ཕྱི་རུ་ཕེབས་ཐུབ་ཡོད་སྐོར་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།