ད་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཨོ་སོ་ཁྲོ་ལེ་ཡའི་མཁར་རྫོང་གསར་པར་དུས་སྟོན་ཚོགས་པ་དང་བསྟུན་ཏེ་མདོ་སྨད་པ་སྐོར་ཞིག་གིས་སྲོལ་རྒྱུན་དར་སྤེལ་ཆེད་མདའ་རྩེད་འགྲན་བསྡུར་ཞིག་ཀྱང་གནང་ཡོད་འདུག
ཨོ་སི་ཁྲོ་ལི་ཡའི་མཁར་རྫོང་གསར་བ(Newcastle )ཡི་གྲོང་འཁྱེར་ནང་དུ། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཏེ་བོད་ཟླ་ལྔ་བའི་ཚེས་ལྔ་ཉིན། དེ་གའི་བོད་རིགས་མཐུན་ཚོགས་ཀྱིས་༧གོང་ས་མཆོག་དགུང་གྲངས་གྱ་གཅིག་ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་ནེའུ་སོ་ཐུ་བོལ་(NSW)མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤ་རོན་(Sharon Claydon) མཆོག་དང་། དེ་བཞིན། ཨོ་སི་ཁྲོ་ལེ་ཡའི་དོན་གཅོད་སྐུ་ངོ་ལྷག་པ་མཚོ་སྒོ་མཆོག ཨོ་སི་ཁྲོ་ལེ་ཡའི་གྲོང་ཁྱེར་དང་མངའ་སྡེ་ ༦ ནས་བོད་མི་དང་ཕྱི་རྒྱལ་བ་སོགས་ཁྱོན་མི་སྣ་ ༣༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག
ད་ལོའི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ་ཕྱི་ཚེ་ ༡༠ ཉིན་མཁར་གསར་ས་གནས་མདོ་སྨད་མི་མང་གི་གོ་སྒྲིག་འོག་གསོལ་སྟོན་ཞིག་ཕུལ་བ་དང་མཉམ་དུ། ཕ་ཡུལ་གྱི་ལམ་སྲོལ་རྒྱུན་འཛིན་དར་སྤེལ་ལྟ་བུར་མདའ་རྩེད་འགྲན་བསྡུར་ཞིག་གནང་ཡོད་ཅིང་། སྐབས་དེར་རྒྱལ་ས་ཁེམ་རྦུ་ར་དང་མེལ་རྦོན། ཁོན་སི་ལན་སྦྲི། སིད་ནེ་སོགས་ནས་ཕེབས་པ་དག་ལས་ཌེ་ཝ་ཡེ་དང་གནས་མཁར་གསར་མདའ་ཤོག་གཉིས་འགྲན་བསྡུར་གནང་སྟེ། ཌེ་ཝ་ཡེ་ལ་མདའ་མོ་གསུམ་དང་མཁར་གསར་ལ་མདའ་མོ་ལྔ་ཐོབ་སྟེ་ཨང་དང་པོ་མཁར་གསར་ལ་ཐོབ་ཡོད་པ་དང་། མདའ་བ་སྒེར་བ་དག་ལས་ཨང་དང་པོ་རང་ལོ་ ༡༨ ཡིན་པའི་ཌེ་ཝ་ཡེ་མདའ་ཤོག་གི་བུ་ཆུང་ནམ་མཁའ་ཚེ་རིང་དང་། གཉིས་པ་རྒྱ་རག་བཀྲ་ཤིས་ཚེ་རིང་། གསུམ་པ་མཁར་གསར་མདའ་ཤོག་གི་གཅན་ཚའི་ཐབས་མཁས་བཅས་ལ་ཐོབ་ཡོད་འདུག
ལོ་རྗེས་མའི་འཁྲུངས་སྐར་དེ་ཕྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་མཁར་རྫོང་གསར་པར་སྲུང་གཙི་ཞུ་རྒྱུ་དང་། བཀོད་སྒྲིག་དང་འགྲོ་གྲོན་སོགས་ཌེ་ཝ་ཡེ་མདོ་སྨད་མི་མང་གིས་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་འདུག
ཕུན་ཚོགས་ལགས་ཀྱིས་ས་གནས་ནས་བཏང་འབྱོར་བྱུང་།