མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སའི་གསལ་ལེ་རྒྱལ་ཞིག་གི་མི་ཚེའི་འགྱུར་འགྲོས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེང་སང་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་རིགས་ཕ་མ་མང་པོས་སོ་སོའི་བུ་ཕྲུག་ལ་བོད་སྐད་བོད་ཡིག་གི་རྨང་གཞི་འཇོག་པ་དང་། བོད་རང་གི་ཡུལ་སྲོལ་གོམས་གཤིས་སོགས་ལ་མྱོང་གོམས་གང་ལེགས་ཡོང་ཆེད། བུ་ཕྲུག་རྣམས་དྷ་རམ་ས་ལར་འཁྲིད་ཡོང་ནས་ཟླ་ཤས་རིང་དང་ཡང་ན་ལོ་གཅིག་གཉིས་རིང་བོད་པའི་སློབ་གྲྭ་ཁང་ནང་སློབ་སྦྱོང་བྱེད་དུ་འཇུག་བཞིན་ཡོད་པ་ལྟར། ཉེ་སྔོན་ཨོ་སི་ཊོ་ལི་ཡར་གནས་སྡོད་དཀོན་མཆོག་རྒྱལ་མཚན་ལགས་དང་ཁོང་གི་བཟའ་ཟླ་(Helen)ལགས་གཉིས་ཀྱིས། ལོ་ ༡༠ ལ་སོན་པའི་བུ་བསྟན་འཛིན་ཆོས་དབྱངས་དང་། ལོ་ ༩ ཡིན་པའི་བུ་མོ་བསྟན་འཛིན་ཚེ་དཔལ་གཉིས་དྷ་རམ་སར་འཁྲིད་ཡོང་སྟེ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་རུ་བོད་སྐད་དང་བོད་ཡིག་སྦྱོང་དུ་འཇུག་བཞིན་ཡོད་པ་དང་། ཁོང་གི་བཟའ་ཟླ་ཧི་ལིན་ལགས་ཀྱིས་བོད་ཀྱི་དཔེ་མཛོད་ཁང་གི་ལོ་ཙཱ་བ་རིན་ཆེན་བཟང་པོ་ཞེས་པའི་ཡིག་སྒྱུར་གྱི་འཛིན་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་འདུག

IMG_0734 དཀོན་མཆོག་རྒྱལ་མཚན་ལགས་ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ནང་བཙན་བྱོལ་དུ་བསླེབས་པ་དང་། དགོན་པར་ཕྱིན་ནས་ལོ་ཤས་སོང་རྗེས་གྲྭ་བ་ལོག་སྟེ་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཟུར་ཞུགས་བྱས། དེ་ནས་ཡང་ཕྱིར་དྷ་རམ་ས་ལར་ཡོང་སྟེ་ཟ་ཁང་ཇ་ཁང་དེ་འདྲའི་ནང་ལས་ཀ་གང་འཚམ་བྱས་རྗེས་སྒེར་གྱི་ཇ་ཁང་ཞིག་ཕྱེས་ཡོད་འདུག ཕྱི་ལོ་ ༢༠༠༥ ལོར་ཨོ་སི་ཊོ་ལི་ཡའི་བུད་མེད་ཅིག་དང་གཉེན་སྒྲིག་བྱས་ཏེ་ཡུལ་དེའི་ནང་གནས་སྤོར་བྱས་ཡོད་པ་དང་། དང་ཐོག་ཁོང་གིས་རྫས་འགྱུར་བཟོ་ལས་ཁང་ཞིག་ཏུ་ལས་ཀ་བྱས་པ་དང་། དེ་ནས་ཡང་བྲེལ་བ་ཆེ་ཞིང་མི་རྒྱུས་མེད་པའི་ཁྱིམ་ཚང་གི་མངག་ཉོ་ལྟར་སྐྱེ་ལྡན་ཟས་རིགས་མཁོ་སྤྲོད་ཀྱི་ལས་ཀ་ཡུན་རིང་ཙམ་བྱས་རྗེས།  ལས་མི་མཁོ་གཏོང་ཁང་ (Edmen)ཟེར་བ་ཞིག་ཏུ་སེམས་ཁམས་མི་བདེ་བ་དང་དབང་པོ་སྐྱོན་ཅན་རྣམས་ལ་བདག་སྐྱོང་གསོ་བཅོས་སོགས་ཀྱི་ལས་ཀ་བྱས་ཏེ་ལོ་མང་འགྲོ་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་དཀོན་མཆོག་ལགས་ལ་ཕྱི་ལོ་ ༡༩༩༣ ལོར་དྷ་རམ་ས་ལར་ཐོག་མར་འབྱོར་དུས་དང་བསྡུར་ན་ད་ལྟ་དྷ་སར་འགྱུར་ལྡོག་ཆེ་ཤོས་ག་རེ་ཕྱིན་འདུག་དྲིས་པར་ཁོས། འགྱུར་ལྡོག་ཧ་ལས་པ་ཕྱིན་འདུག་སྟེ་མདོར་བསྡུས་ཤིག་བཤད་ན། དཔེར་ན། ཕྱི་ལོ་ ༡༩༩༣ དང་ ༡༩༩༤།  ༡༩༩༥ བར་དུ་མེག་ལོར་ན་མི་ཉུང་ཉུང་རེད། མཐོང་རྒྱུ་ཡོད་པ་ཚོའི་ནང་ནས་ཕལ་ཆེར་བརྒྱ་ཆ་ ༨༠ དེ་བོད་ནང་ལོགས་ནས་ཡོང་མཁན་ཏག་ཏག་ཡིན་པ་རེད་ལ། དེང་སང་ལྟར་ཁ་པར་འདི་འདྲ་ཁྱོན་ནས་མེད་སྟབས། མི་དང་མི་ཐུག་དུས་ཕན་ཚུན་ལ་ཚོར་བ་སོགས་བཤད་དེ་སྐད་ཆ་མང་པོ་ཡོད་པ་རེད།  གྲོགས་པོ་གཉིས་མཉམ་དུ་ཟ་ཁང་ནང་ཕྱིན་པ་ཡིན་ནའང་ཕ་ཡུལ་གྱི་བྱེད་སྟངས་ལས་སྟངས་སྐོར་དང་། ཡང་མིན་ན་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་སྐོར་ནས་ཁ་བརྡ་བྱེད་ངེས་རེད། དེ་བཞིན་སྐབས་དེར་ང་ཚོ་ཕོ་གསར་བཅུ་གྲངས་དེ་འདྲ་འཆམ་འདུག་མཁན་ཚོ་ཡིན་ནའང་། མཚན་མོ་ཆུ་ཚོད་ ༨ པ་ཡས་མས་ལ་སྒྲ་བརྙན་དང་རོལ་ཆས་རིགས་འབུད་རྡུང་དཀྲོལ་གསུམ་བྱས་ཏེ་ཟ་ཁང་ཇ་ཁང་དེ་ཚོའི་ནང་འཛོམས་ནས་འདུག་པ་དང་། མི་མང་པོས་མཐའ་ནས་བསྐོར་ཏེ་རང་བཞིན་གྱིས་ལྷིང་འཇགས་དང་། མི་དང་མིའི་བར་དངོས་གནས་བརྩེ་བ་ཡོད་པ་ཞིག་མཐོང་གི་ཡོད། ཡིན་ནའང་། ད་ལྟ་མེག་ལོར་བསླེབས་དུས་དེའི་རྣམ་པ་དེ་རྩ་བ་ནས་འགྱུར་ཚར་འདུག གྲོགས་པོ་ཞིག་ལ་ཐུག་ནས་མཉམ་དུ་ཇ་ཞིག་འཐུང་བ་ཡིན་ནའང་ཁ་པར་ནང་དུ་མགོ་འཁོར་ནས་འདུག་རྒྱུ་མ་གཏོགས་སྔོན་མ་ནང་བཞིན་ཕན་ཚུན་ལ་སྐད་ཆ་བཤད་ཀྱི་མི་འདུག་ལ། སྔོན་མ་ལྟར་སྒྲ་བརྙན་སོགས་རྡུང་དཀྲོལ་གྱིས་དགའ་འཛོམས་བྱེད་མཁན་གཅིག་ཀྱང་མཐོང་རྒྱུ་མི་འདུག མི་ཚང་མ་བྲེལ་བ་འཚུབ་འཚུབ་འདྲ་ཞིག་ཆགས་འདུག

དེ་བཞིན། སྔོན་མ་དང་བསྡུར་ན་མེག་ལོའི་ཁོར་ཡུག་ཧ་ཅང་དོག་པོ་ཆགས་འདུག མི་མང་བ་དང་རླངས་འཁོར་མང་བ། ཚོང་ཁང་ཟ་ཁང་སོགས་མང་པོ་ཆགས་ཡོང་དུས་ས་རྒྱ་ཆུང་ཆུང་ཡིན་པས་ཧ་ཅང་དོག་པོ་ཆགས་འདུག་ལ། མི་ཚོ་ཡང་སྦུགས་སུ་དོག་པོ་འདྲ་ཞིག་ཆགས་བསྡད་ཡོད་པའི་ཚོར་སྣང་བྱུང་སོང་། དྲང་མོ་བཤད་ན། སྔོན་མ་ཡི་ཚོར་བ་དེ་ཁྱོན་ནས་མི་འདུག ང་སྔོན་མ་འདིར་ཡོད་སྐབས་ཀྱི་ངོ་ཤེས་རེ་ཟུང་ཞིག་མ་གཏོགས་ཚང་མ་བོད་དུ་འགྲོ་མཁན་བོད་དུ་ཕྱིན། ཕྱི་རྒྱལ་དུ་འགྲོ་མཁན་ཕྱི་རྒྱལ་དུ་ཕྱིན་ནས་གང་སར་འཐོར་སོང་ནས་མཐོང་རྒྱུ་མི་འདུག དེའི་ཁར་མི་ཐོགས་ཀྱང་རིམ་གྱིས་བརྗེ་འགྲོ་ཡི་ཡོད་དུས། ང་ཚོ་འདིར་ཡོད་སྐབས་དང་ད་ལྟའི་མི་ཐོགས་གསར་པ་ཡི་བསམ་བློ་གཏོང་སྟངས་དང་སྐད་ཆ་བཤད་སྟངས་སོགས་ཞེ་དྲགས་མཐུན་གྱི་མི་འདུག

ཁྱེད་རང་སྔོན་མ་མེག་གྷན་གྱི་གསལ་ལེ་རྒྱལ་སྐད་གྲགས་ཅན་ཞིག་ཡིན་པ་རེད་ཟེར་བ་ཞིག་གོ་སོང་། སྐབས་དེའི་གསལ་ལེ་རྒྱལ་ཚོས་འཚོ་བ་སྐྱེལ་སྟངས་སྐོར་ནས་ཅིག་ཤོད་དང་།  དང་པོ་གསལ་ལེ་རྒྱལ་ཟེར་བ་དེ་ག་འདྲ་ཞིག་གི་ཐོག་ནས་འདོགས་ཀྱི་ཡོད་མེད་དེར་ལྟ་དགོས་པ་རེད། ཁ་ཤས་ཀྱིས་བཤད་ན་གསལ་ལེ་རྒྱལ་ཟེར་ན་ཆང་ཨ་རག་འཐུང་བ་དང་ཐ་མག་ནག་པོ་འཐེན་ཏེ། ང་ཡིན་ཟེར་ནས་མི་གཞན་ལ་འབྲེལ་འདྲིས་དང་བརྩི་མཐོང་གང་ཡང་མེད་པ་དང་། འཁྱམ་ཉུལ་བྱས་ནས་དམིགས་ཡུལ་ཅི་ཡང་མེད་པ་དེ་ཚོར་གསལ་ལེ་རྒྱལ་ཟེར་གྱི་འདུག ཡང་ཁ་ཤས་ཀྱིས་གསལ་ལེ་རྒྱལ་ཟེར་ན་ཕྱི་རྒྱལ་གྱི་བུད་མེད་རྐྱང་རྐྱང་དང་མཉམ་དུ་འགྲོགས་ཏེ་སྐྱིད་པོ་བཏང་། འཁྱམ་ཉུལ་བྱས་ནས་འདུག་མཁན་ལ་གོ་བ་ལེན་པ་སོགས་ངོས་འཛིན་སྟངས་མང་པོ་ཞིག་ཕལ་ཆེར་ཡོད་ས་རེད། གང་ལྟར་ང་རང་ལ་མཚོན་ན། ཆང་ཨ་རག་དང་རྒྱན་ཟེར་བ་སོགས་ངའི་མི་ཚེའི་ནང་ལག་པ་འཆིང་མྱོང་མེད་ལ། དེ་ཚོར་ང་གཏན་ནས་དགའ་བོ་མེད།  ཡིན་ནའང་། ཕྱིའི་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་བུད་མེད་མང་པོའི་མཉམ་དུ་འགྲོགས་ཡོད་པ་དང་། ཉམས་མྱོང་ཡང་ཧ་ཅང་མང་པོ་བསགས་ཚར་རེད། ཡིན་ནའང་། ང་གསལ་ལེ་རྒྱལ་སྐད་གྲགས་ཆེན་པོ་དེ་འདྲ་ཅི་ཨེ་ཡིན་མི་ཤེས། སྔོན་མ་ང་ཚོ་འདིར་ཡོད་སྐབས་རྒྱུ་འབྱོར་བ་ཅན་དང་བརྒྱུད་ལག་ཅན་གྱི་བུ་དང་བུ་མོ་ཕྱི་རྒྱལ་བ་མཉམ་དུ་འགྲོགས་པ་ཡིན་ན། དེ་འཇོན་པོ་དང་གྲུང་པོ་ཡོད་པ་རེད། ཕྱི་རྒྱལ་བ་ཚོར་འབྲེལ་འདྲིས་བྱེད་མཁས་པོ་ཡོད་པ་རེད་ཟེར་བ་རེད། ང་ཚོ་ལྟ་བུ་ཞིག་ཕྱི་རྒྱལ་གྱི་བུད་མེད་མཉམ་དུ་འགྲོགས་པ་ཡིན་ན། ཁོ་ཕྱི་རྒྱལ་གྱི་བུད་མེད་ཚོའི་རྐུབ་ལ་རྒྱུག་གི་ཡོད་པ་རེད་ཅེས། ཕྱི་རྒྱལ་བར་འགྲོག་མཁན་ཡིན་པ་གཅིག་མཚུངས་རེད་དེ་མིང་འདོགས་སྟངས་འདྲ་ཡི་ཡོད་པ་མ་རེད། དྲང་མོ་བཤད་ན། མིའི་རྒྱབ་ལྗོངས་དང་རྒྱུ་འབྱོར་ཡོད་མེད་སོགས་ལ་བལྟས་ནས་སྐད་ཆ་བཤད་ཀྱི་འདུག་པས་དེ་ཚོ་ངའི་སྣང་བར་ཁྱོན་ནས་འགྲོ་ཡི་མེད།

གང་ལྟར་སྐབས་དེ་དུས་ཀྱི་ང་ཚོ་གསལ་ལེ་རྒྱལ་ཚོའི་འཚོ་བ་ཧ་ཅང་སྐྱོ་བོ་རེད་དེ་སེམས་པ་བཟང་པོ་དང་གུ་ཡངས་པོ། གཏོང་ཕོད་ཆེན་པོ་ཡོད་པ་རེད། སོ་སོར་སྒོར་ ༡༠ མ་གཏོགས་མེད་པ་ཡིན་ནའང་རོགས་པ་ཚོ་དང་མཉམ་ཟ་མཉམ་འཐུང་བྱེད་ངེས་རེད། སྐབས་དེར་ང་ཚོ་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་མི་ ༥ དང་ ༦ དེ་འདྲ་མཉམ་དུ་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། དཔེར་ན། ཟླ་བ་འདིར་ང་ལ་ཁང་གླ་སྤྲོད་རྒྱུ་ཡོད་ན་སྤྲོད་འཇོག་སྟབས། གཞན་པ་ཁང་གླ་སྤྲོད་རྒྱུ་མེད་མཁན་ཚོ་ངའི་ནང་དུ་ཡོང་ནས་འདུག་གི་རེད། ཁང་གླ་སྤྲོད་རྒྱུ་མེད་ན་འདུག་ཏུ་མི་འཇུག་པས་ཁང་གླ་སྤྲོད་རྒྱུ་ཡོད་མཁན་ཞིག་གི་ནང་འཚང་ཁ་བརྒྱབ་ནས་མི་འདུག་ཐབས་མེད་རེད། ང་ཚོ་མི་ལྔ་དྲུག་ཅིག་མཉམ་དུ་བསྡད་ཡོད་ཚེ། དེའི་ནང་གི་མི་གཅིག་ལ་ལྷམ་མགོ་ཡག་པོ་ཞིག་ཡོད་ན། ཞོགས་པར་སུ་སྔ་བོ་ལངས་ན་དེས་གྱོན་ནས་བུད་འགྲོ་བ་དང་། རྗེས་ནས་ལངས་མཁན་ཚོས་ལག་ཏུ་གང་ཡོང་ན་དེ་གྱོན་ནས་འགྲོ་བ་རེད། དཔེར་ན། དེ་རིང་བུ་མོ་ཞིག་ལ་ཐུག་ཏུ་འགྲོ་ཡི་ཡོད་ན་སྟོད་ཐུང་ཡག་ཤོས་དེ་གྱོན་ནས་འགྲོ་འདོད་ཡོད་པ་རེད། ཡིན་ནའང་། དགོང་དག་ཕྱི་བོར་བསྡད་དེ་ཞོགས་པར་གཉིད་ཤོར་སོང་ན། སོ་སོའི་སྟོད་ཐུང་ཡག་པོ་དེ་རོགས་པ་ཞིག་གིས་གྱོན་ནས་འགྲོ་ཚར་བ་རེད། གང་ལྟར་སྐབས་དེའི་འཚོ་བ་ཧ་ཅང་སྐྱོ་བོ་ཡིན་ནའང་གསལ་ལེ་རྒྱལ་ཚོ་སེམས་པ་བཟང་པོ་དང་སོ་སོར་ག་རེ་ཡོད་པ་དེ་ཐུན་མོང་གིས་བེད་སྤྱོད་གཏོང་བ་དེ་ཚོར་བསམ་བློ་བཏང་ན་སྤོབས་པ་སྐྱེ་ཡི་འདུག་ཟེར།

_MG_2537ཕྱི་ལོ་ ༢༠༡༣ ལོར་ཁོང་དང་ཁོང་གི་བཟའ་མི་རྣམས་བོད་ལ་གཉེན་འཕྲད་དུ་ཕྱིན་ཡོད་པ་དང་། ཉེ་སྔོན་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་དཔེ་མཛོད་ཚོགས་ཁང་དུ་༼གསེར་མདོག་གི་བཞུད་ལམ༽ཞེས་པའི་བོད་ནང་གི་པར་རིས་འགྲེམས་སྟོན་ཞིག་བྱས་སོང་། ཁོང་གིས་གསར་འགོད་པར་བོད་ནང་གི་མཐོང་ཐོས་སྐོར་བརྗོད་སྐབས། ང་རང་སྐྱེས་ས་དང་འཚར་ལོངས་བྱུང་ས་མཛོད་དགེ་གླིང་དཀར་སྟོད་ཡིན་ལ། ས་ཆ་དེ་ཧ་ལས་པའི་འབྲོག་ས་ཞིག་ཡིན་པས་རྒྱ་གཞུང་གིས་སྙོབ་རྒྱུ་ལས་སླ་པོ་ཡོད་པ་མ་རེད། ཡིན་ནའང་། དེང་སང་རྒྱ་གཞུང་གིས་ང་ཚོའི་ཕྱོགས་སུ་ལམ་ཀ་མང་པོ་བཟོ་ཡོང་གི་འདུག  ཕྱི་ལོ་ ༡༩༩༣ ལོར་ང་ཕ་ཡུལ་ནས་ཡོང་སྐབས་སྐྱེས་ཁམས་ཁོར་ཡུག་ཧ་ཅང་གཙང་མ་ཡོད་ཀྱང་། ལོ་ངོ་ ༢༡ གི་རྗེས་སུ་ང་ཕྱིར་ཕ་ཡུལ་དུ་བསླེབས་སྐབས་ཁོར་ཡུག་ཧ་ལས་པ་བཙོག་པ་ཆགས་འདུག ང་ཚོའི་ས་ཆ་ཧ་ཅང་སྐྱིད་པོ་ཡོད་དུས་གླིང་ག་གཏོང་མཁན་ཤིན་ཏུ་མང་པོ་ཡོང་སྟེ་འབྱིག་ཤོག་དང་འབྱིག་དམ་ནང་ཡོད་པའི་བཟའ་བཏུང་རིགས་མང་པོ་འཁུར་ཡོང་གི་ཡོད་པ་མ་ཟད། ཁོར་ཡུག་ལ་དོ་སྣང་གང་ཡང་མེད་པར་གད་སྙིགས་རྣམས་གཏོར་ནས་འགྲོ་ཡི་འདུག དཔེར་ན། མདོ་སྨད་ཕྱོགས་ནས་ཆུ་བོ་ཆེན་པོ་གསུམ་སྟེ་རྨ་ཆུ་རྨེ་ཆུ་འབྲི་ཆུ་གསུམ་ཟེར་གྱི་ཡོད་ལ། ང་ཚོ་རྨེ་ཆུའི་འགྲམ་བརྒྱུད་དུ་གནས་ཡོད་པ་རེད། སྔོན་མ་ང་བོད་དུ་ཡོད་སྐབས་ང་ཚོས་རྨེ་ཆུ་འཐུང་གི་ཡོད་ལ། རྨེ་ཆུའི་ནང་ཆུ་སྐྱལ་རྒྱག་གི་རེད། གང་ལྟར་འགྲམ་བརྒྱུད་ཀྱི་མི་ཟོག་སེམས་ཅན་ཁྲི་སྟོང་མང་པོ་ཆུ་དེར་བརྟེན་ནས་བསྡད་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༡༣ ལོར་ང་བོད་དུ་འགྲོ་སྐབས་རྫས་སྦྱོར་གྱི་འབག་བཙོག་ཐེབས་ནས་རྨེ་ཆུ་འཐུང་ཐུབ་ཀྱི་མེད་པ་གོ་དུས་སྙིང་ལ་གྲི་བཙུགས་པ་ལྟ་བུའི་སེམས་ཚོར་བྱུང་།

ང་ཚོ་མཛད་དགེ་གླིང་བ་ཧུ་ར་བསྟོད་མ་ལྟ་བུ་ཡིན་ན་ས་གནས་སུ་སློབ་གྲྭ་མི་འདུག བྱིས་པ་སློབ་གྲྭར་གཏོང་དགོས་ན་གླིང་ར་བོང་དགོན་པར་གཏོང་དགོས་པ་དང་། ཡང་མིན་ན་རླངས་འཁོར་བཏང་ནས་ཆུ་ཚོད་ ༢།༣༠ ཙམ་གྱི་སར་ཡོད་པའི་མཛོད་དགེ་རྫོང་ཐོག་ཏུ་གཏོང་དགོས་ཀྱི་ཡོད་སྟབས། ཁྱིམ་ཚང་གི་མཐུན་རྐྱེན་ཡག་པོ་ཡོད་མཁན་ཚོས་བྱིས་པ་རྣམས་གླིང་ར་བོང་དགོན་དང་རྫོང་ཐོག་ཏུ་སྐྱེལ་གྱི་འདུག ཡིན་ནའང་། བྱིས་པ་བཞི་ལྔ་ཡོད་པའི་ཨ་མ་ཁེར་རྐྱང་དང་ཕ་མ་གཉིས་ཀ་ཡོད་ཀྱང་ཁྱིམ་ཚང་གི་མཐུན་རྐྱེན་སྐྱོ་བོ་ཡིན་པའི་བྱིས་པ་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་ཡི་འདུག དེར་བརྟེན་དང་ཐོག་ངས་ཧུ་ར་བསྟོད་མ་ནས་སློབ་གྲྭ་ཆུང་ཆུང་ཞིག་འཛུགས་ཐུབ་པའི་འཆར་གཞི་གཏིང་སྟེ་རྨི་ལམ་དེ་འདྲ་ཞིག་རྨིས་པ་རེད། ཡིན་ནའང་། ཕྱིས་སུ་ས་གནས་སྲིད་གཞུང་གིས་སྒེར་གྱི་སློབ་གྲྭ་འཛུགས་ཆོག་གི་མ་རེད། གལ་སྲིད་བཙུགས་པ་ཡིན་ནའང་ཁང་པ་སྟོང་པར་ལུས་རྒྱུ་མ་གཏོགས་ཅི་ཡང་ཡོད་པ་མ་རེད་ཅེས་ལབ་སོང་། མཐའ་མ་དེར་ཐབས་ཤེས་གང་ཡང་མ་རྙེད་པར་ཁྱིམ་ཚང་སྐྱོ་པོ་ཡིན་ལ། སློབ་གྲྭར་བཏང་ན་སློབ་སྦྱོང་ཐོག་དོ་སྣང་ཡོད་མཁན་གྱི་བྱིས་པ་རེ་ཟུང་ཞིག་སློབ་གྲྭར་གཏོང་བར་རོགས་རམ་ཞིག་བྱེད་ཐུབ་ན་བསམ་སྟེ། གཙོ་བོ་ཨོ་སི་ཊོ་ལི་ཡ་ནས་ངས་པར་རིས་འགྲེམས་སྟོན་བྱས་པ་དང་པར་བཙོང་ནས་བྱུང་བའི་སྒོར་མོ་ཚང་མ་བོད་ནང་དུ་གཏོང་བཞིན་ཡོད་ལ། སྒོར་མོའི་ཕྱེད་ཀ་ཡིས་སློབ་མ་ཉམ་ཐག་ ༥ ལ་སློབ་རིན་དང་ཉིན་རེའི་ཟས་གོས་གནས་མལ་ཐད་རོགས་རམ་བྱེད་བཞིན་ཡོད། དེ་ནས་ཁོར་ཡུག་གཙང་བཟོ་བྱེད་མཁན་གྱི་དང་བླངས་ཚོགས་པ་ཆུང་ཆུང་ཞིག་བཙུགས་ཡོད་པ་དང་། ཁོང་ཚོས་ཟླ་གཅིག་རེའི་ནང་ཁོར་ཡུག་གཙང་སྦྲ་ཐེངས་རེར་བྱེད་བཞིན་ཡོད་སྟབས།  སྒོར་མོ་ཕྱེད་ཀ་ཞིག་གིས་ཁོང་ཚོར་ཉི་མ་ཚ་བའི་སྐབས་ལ་འཐུང་ཆུ་དང་ཞ་མོ། དེ་བཞིན་གཙང་སྦྲ་བཟོ་བར་ལག་ཤུབས་དང་ཁ་རས། དགུན་དུས་སུ་གྱོན་པ་མཐུག་པོ་དང་ཟ་མ་སོགས་ཀྱི་ཐོག་རོགས་པ་བྱེད་བཞིན་ཡོད། བྱ་འགུལ་དེ་སྤེལ་ནས་ལོ་ ༡ དང་ཕྱེད་ཀ་ཙམ་འགྲོ་སོང་། མ་འོངས་པར་ཡག་པོ་ཆགས་ན། གད་སྙིགས་དྲུད་བྱེད་ཀྱི་རླངས་འཁོར་ཆེན་པོ་ཞིག་ཉོས་ནས་མི་གཉིས་གསུམ་ཞིག་ལ་ཟླ་ཕོགས་སྤྲད་དེ། ཟླ་གཅིག་ནང་ཐེངས་གཉིས་དང་གསུམ་དེ་འདྲར་གད་སྙིགས་བསྡུ་སྒྲུག་བྱ་རྒྱུ་དང་། འབྲོག་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་ཆེད་ཟབ་སྦྱོང་དེ་འདྲ་སྤྲོད་ཐུབ་པར་བསམ་བློ་གཏོང་བཞིན་ཡོད། ཟབ་སྦྱོང་དེ་འདྲ་མ་སྤྲད་ན་གཅིག་གིས་གད་སྙིགས་གཡུག་རྐྱང་དང་གཅིག་གིས་སྒྲུག་འདུག་དགོས་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། གད་སྙིགས་གཡུག་ན་གནོད་པ་ག་རེ་ཡོད་པ་དང་མ་གཡུག་ན་ཕན་ཐོགས་ག་རེ་ཡོད་མེད་ཁོ་ཚོས་ངེས་པར་དུ་ཧ་གོ་དགོས་པ་རེད། དེ་ཚོ་ཧ་གོ་སོང་ན་སོ་སོའི་བྱ་སྤྱོད་ལ་འགྱུར་བ་འགྲོ་བར་དུས་ཚོད་ཅུང་ཙམ་འགོར་བ་མ་གཏོགས་མ་འོངས་པར་ཕན་ཐོགས་ཡོད་པ་རེད་ཅེས་ཟེར།

བོད་ནང་གི་ཕ་མ་གཉིས་ཀྱི་གཙོས་ཁྱིམ་མི་གཉེན་འབྲེལ་ཚོ་དང་ཡུལ་སྡེས་ཁོའི་བཟའ་ཟླ་བོད་མི་མིན་པ་དེར་མཐོང་སྣང་མ་ལེགས་པ་དེ་འདྲ་འདུག་མིན་དྲིས་པར་ཁོང་གིས། ངའི་ནང་མི་དང་ཡུལ་སྡེའི་ངོས་ནས་དངོས་གནས་དྲང་གནས་ང་ཚོར་སྣེ་ལེན་ཧ་ལས་པ་ཡག་པོ་བྱས་སོང་།  མི་རིགས་མི་འདྲ་བ་ཞིག་དང་གཉེན་སྒྲིག་པ་དེ་ཡག་པོ་མ་རེད། སོ་སོའི་མི་རིགས་མཉམ་དུ་གཉེན་སྒྲིག་དགོས་པ་རེད་ཟེར་བ་འདྲ་པོ་མི་འདོད་པའི་ཚོར་སྣང་ཞིག་གཏན་ནས་བྱུང་མ་སོང་། ཁོང་ཚོས་ང་ལས་ཀྱང་ངའི་བཟའ་ཟླ་དང་བྱིས་པ་གཉིས་ལ་བརྩེ་བ་ཆེ་བ་གནང་གི་འདུག་ལ། ལྷག་པར་དུ་ངའི་ཕ་མ་གཉིས་ནས་རྟག་པར་མི་རིགས་ཀྱི་ཁྱད་པར་ཡོད་པ་མ་རེད་གཙོ་བོ་སེམས་ཀྱི་བརྩེ་བ་ལྷད་མེད་སྤྲོད་མཁན་ཞིག་དང་། སྐྱིད་ན་སྐྱིད་མཉམ་དུ་རྒྱག་རོགས་དང་། སྡུག་ན་སྡུག་མཉམ་དུ་འཁུར་རོགས་བྱེད་མཁན་ཞིག་ཡིན་ན་འགྲིག་པ་རེད། ཕྱི་ལྤགས་དཀར་པོ་ཡིན་ན་འདྲ། ནག་པོ་ཡིན་ན་འདྲ། སེར་པོ་ཡིན་ནའང་འདྲ་ཁྱད་པར་ཡོད་པ་མ་རེད་ཅེས་གསུང་གི་འདུག་ལ། ཕ་མ་གཉིས་ཀྱི་གཙོས་ནང་མི་དང་ཡུལ་སྡེའི་མི་ཚོས་ཧ་ལས་པ་ཡག་པོ་བྱས་སོང་། ང་ཚོ་ཕྱི་རྒྱལ་ནས་ཡོང་བ་ཡིན་དུས་བོད་ནང་ལོགས་ཀྱི་གནས་ཚུལ་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་ཐུབ་ན་བསམ་སྟེ་ཁོ་རང་ཚོའི་དམིགས་ཡུལ་སོགས་མང་པོ་བཤད་ཀྱི་འདུག ཕྱི་རྒྱལ་ནས་ཡོང་བ་རེད་ཅེས་མཐོང་ཆུང་བྱ་རྒྱུ་ཕར་ཞོག བརྩེ་བ་ཆེན་པོ་དང་མཐོང་ཆེན་པོ་འདྲ་བྱེད་ཀྱི་འདུག ང་རང་ཡིན་ནའང་དང་པོ་དེའི་ཐད་ཅུང་དངངས་སྐྲག་འདྲ་པོ་ཡོད་ལ། ངའི་བཟའ་ཟླ་ཡིན་ནའང་དེའི་ཐད་དངངས་སྐྲག་འདྲ་པོ་འདུག ཡིན་ནའང་། ཕ་ཡུལ་དུ་བསླེབས་དུས་ངས་དྲན་པ་དང་རྦད་དེ་ལོག་ག་རེད་འདུག དྲང་མོ་བཤད་ན། དྷ་རམ་ས་ལ་དང་བསྡུར་ན་གནམ་སའི་ཁྱད་པར་འདུག ང་ཚོ་དྷ་རམ་ས་ལར་བསླེབས་དུས་ངའི་བཟའ་ཟླ་ལ་དབྱིན་ཇི་རེད་ཟེར་བ་འདྲ་པོ་དང་། ངའི་བྱིས་པ་གཉིས་ལ་དབྱིན་ཇིའི་ཕྲུ་གུ། ང་ལའང་དབྱིན་ཇིའི་ཕྲུ་གུའི་པ་ལགས་ཟེར་བ་འདྲ་པོ་ལབ་ཀྱི་འདུག དེ་འདྲ་ལབ་ན་ཡག་པོ་མི་འདུག

ཉེ་སྔོན་བོད་པའི་བུ་མོ་ཁ་ཤས་ཀྱིས་ང་ལ་ཁྱེད་རང་བོད་པའི་བུ་མོ་མཉམ་དུ་ཆང་ས་མ་བརྒྱབ་པར་ག་རེ་བྱས་ནས་ཕྱི་རྒྱལ་བ་མཉམ་དུ་ཕྱིན་པ་ཡིན་ཞེས་དྲིས་བྱུང་། ངས་ང་སྔོན་མ་བོད་པའི་བུ་མོ་ཞིག་ལ་དཔེ་དགའ་མྱོང་བ་མ་ཟད། ངས་མོ་རང་ལ་སྣང་བར་འགྲོ་ཡི་འདུག་ཅེས་བཤད་པ་ཡིན། དྲང་མོ་བཤད་ན། མོ་རང་གི་སྣང་བར་ཅུང་ཙམ་འགྲོ་ཡི་ཡོད་པ་འདྲ་བོ་ཞིག་བྱས་སོང་། ཡིན་ནའང་། མོའི་གྲོགས་མོ་ཚོས་ཁོ་གསལ་ལེ་རྒྱལ་རེད། ཕྱི་རྒྱལ་གྱི་བུ་མོ་ཚོ་མ་གཏོགས་དགོས་པ་མ་རེད་ཅེས་ངན་སྐུལ་བྱས་ཏེ། ཕྱིས་སུ་ངེད་གཉིས་བར་ལ་རྦད་དེ་ཁ་གྲགས་རྒྱུ་མེད་པ་འདྲ་པོ་ཆགས་སོང་། དེ་འདྲ་བྱས་ན་མཚམས་རེར་བློ་ཕམ་ཡོང་གི་འདུག་གཱ། དཔེར་ན། ཕྱི་རྒྱལ་གྱི་བུ་མོ་ཚོ་ཡིན་ན། གྲོགས་མོ་ཚོས་ག་རེ་ལབ་པ་ཡིན་ནའང་ཉན་གྱི་མ་རེད། ངའི་མི་ཚེ་འདི་ང་རང་གི་ཡིན་པས་ང་རང་གིས་རང་ཐག་གཅོད་རྒྱུ་ཡིན་ཞེས་སོ་སོས་ཐག་གཅོད་ངེས་རེད། དེ་ངས་ཡག་པོ་འདྲ་མཐོང་གི་འདུག

གང་ལྟར་དེ་ནས་བཟུང་ངས་བོད་པའི་བུ་མོ་ཚོར་རེ་བ་བརྒྱབ་མེད། ང་ཕྱི་རྒྱལ་གྱི་བུ་མོ་མང་པོར་འགྲོགས་རྗེས་ངའི་བཟའ་ཟླ་དང་ཐུག་པ་རེད། དང་ཐོག་བརྩེ་བ་ཆེན་པོ་དེ་ཙམ་མེད་ཀྱང་རིམ་གྱིས་བརྩེ་བ་ལྷད་མེད་པ་ཞིག་ཆགས་སོང་། ང་རང་གི་མིག་ལམ་དུ་མོ་ལ་རྣམ་པ་ཡག་པོ་ཡོད། ལྷག་པར་དུ་བསམ་བློ་གཏོང་སྟངས་དཔེ་ཡག་པོ་ཡོད། མོ་རང་གི་ཕ་མེས་ཚོ་ཡེ་ཤུ་ཡིན་ཡང་ནང་ཆོས་ལ་དཔེ་མི་སྲིད་པའི་དད་པ་ཡོད་པ་རེད། མོས་མོ་རང་ནང་པར་བསྒྱུར་ཏེ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་ཆོས་དེ་ཚོར་དོན་གཉེར་དང་། བོད་ལའང་འགྲོ་མྱོང་ཡོད་པ་རེད། མོ་ལ་བོད་བརྒྱུད་ནང་བསྟན་དང་བོད་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་ཡོད་པ་རེད། ངས་ནམ་རྒྱུན་མོས་བོད་ལ་འཆང་བའི་ཞེན་ཁོག་དེ་དེང་སང་བོད་པ་རང་ཡིན་ཟེར་མཁན་ཞིག་དང་བསྡུར་བ་ཡིན་ན། ཁ་ཤས་ལ་ངོ་ཚ་བཟོ་ཡི་རེད་དཱ་ཟེར་གྱི་ཡོད། ང་རང་ཡིན་ནའང་ངའི་བཟའ་ཟླ་ལ་ཐུག་མེད་པ་ཡིན་ན། གཅིག་བྱས་ན་ཕྱི་རྒྱལ་དུ་སོང་ནས་རྒྱ་མཚོའི་ནང་ལ་རྡོ་གཡུགས་པ་ལྟར་ཕལ་ཆེར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཡིན་ནའང་། ངས་སོ་སོའི་གང་ལ་གང་འཇོན་གྱིས་རང་གི་མི་རིགས་ཀྱི་ཐོག་ལས་ཀ་བྱས་མྱོང་ལ། ད་ལྟའང་བྱེད་བཞིན་ཡོད། མ་འོངས་པར་ཡང་གང་ཐུབ་ཐུབ་ཀྱིས་བྱ་རྒྱུའི་བསམ་བློ་ཡོད། དེ་འདྲ་བྱེད་ཐུབ་པ་དེ་གཅིག་ནས་ང་རང་མཉམ་དུ་མི་ཚེ་སྐྱེལ་རོགས་བཟའ་ཟླ་འདིའི་བཀའ་དྲིན་ཡིན་བསམ་གྱི་ཡོད།

དེང་སང་བོད་པ་མང་པོ་ཞིག་གིས་ཕྱི་རྒྱལ་བ་མཉམ་དུ་ཆང་ས་བརྒྱབ་སྟེ་ཕར་ལ་བསླེབས་རྗེས་ཁ་ཁ་བྱེད་ཀྱི་ཡོད་པ་མ་ཟད། བོད་པའི་བུ་ཞིག་ཡིན་ན་སོ་སོའི་གྲོགས་པོ་དེ་ཚོར་ངའི་བཟའ་ཟླས་ཅིག་བྱེད་ཀྱི་འདུག ཉིག་བྱེད་ཀྱི་འདུག་ཟེར་ནས་ཁོ་རང་གི་སྐོར་གཅིག་ཀྱང་མ་བཤད་པར་ཕར་ཕྱོགས་ཀྱི་སྐྱོན་རྐྱང་རྐྱང་བཤད་ཀྱི་འདུག དེ་ངའི་སྣང་བར་འགྲོ་ཡི་མི་འདུག་ལ། ཕྱི་རྒྱལ་བུ་མོ་དེས་སོ་སོའི་གྲོགས་མོ་ཚོར་ཁོ་སྡུག་ཅག་རེད་ཅེས་གཅིག་ཀྱང་མ་བཤད་པར་བོད་པའི་ཕོ་གསར་དེས་མང་པོ་བཤད་བསྡད་ན་ནོར་འཁྲུལ་ཆེན་པོ་ཞིག་ཏུ་མཐོང་གི་འདུག ངས་དཔེར་ན་བཟློག་པ་ཞིག་རྒྱག་པར་ལག་པ་གཉིས་ཀ་དགོས་པ་རེད་མ་གཏོགས་ལག་པ་གཅིག་གིས་རྒྱག་ཐུབ་ཀྱི་མ་རེད་ལབ་ཀྱི་ཡོད། ནོར་འཁྲུལ་ཞིག་བྱུང་ན་གཅིག་དཀར་པོ་དང་གཅིག་ནག་པོ་རེད་ཟེར་ན་ང་ཡིད་ཆེས་ཀྱི་མེད། ང་རང་གི་བཟའ་ཟླ་ངེད་གཉིས་ཡིན་ནའང་མཚམས་རེར་བཟའ་འཛིང་ཡོང་གི་རེད་ལ། མཚམས་རེར་ལྟ་བ་སོགས་ཀྱི་ཐོག་ནས་ཏོག་ཙམ་མ་འགྲིག་པ་ཡོང་གི་རེད། ཡིན་ནའང་། མི་ཚེ་མཉམ་དུ་སྐྱེལ་བསམ་དུས་གནད་དོན་ག་རེའི་སྒང་ལ་འགྲིག་གི་མེད་པ་ཡིན་ནའང་དེའི་ཐོག་ལ་གྲོས་བསྡུར་བྱེད་དགོས་པ་རེད། གལ་སྲིད་མཉམ་དུ་འདུག་འདོད་མེད་པ་ཡིན་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས་དེའི་ཐོག་ལ་དཀའ་ལས་བརྒྱབ་སྟེ། བསམ་ཚུལ་དང་ལྟ་བ་མི་མཐུན་པ་རྣམས་མཐུན་ཐབས་བྱེད་གོས་པ་རེད་མ་གཏོགས་ངའི་བསམ་ཚུལ་འདི་ཡིན། ཁྱེད་རང་གི་བསམ་ཚུལ་དེ་རེད། ངེད་གཉིས་མཐུན་གྱི་མི་འདུག་ཡོང་ས་མ་རེད་ཅེས་ལབ་ན་ནམ་ཡང་འགྲིག་མཐུན་ཡོང་གི་མ་རེད་ཟེར།

དྷ་རམ་ས་ལར་ཡོང་ནས་བོད་སྐད་བོད་ཡིག་སྦྱོང་བར་བཟའ་ཟླ་དང་བྱིས་པ་གཉིས་ཀྱིས་དགའ་མོས་བྱེད་ཀྱི་འདུག་མིན་དྲིས་པར་ཁོས། བརྒྱུད་རིམ་མདོར་བསྡུས་ཤིག་བཤད་ན། དང་ཐོག་ངའི་བཟའ་ཟླ་ངེད་གཉིས་ཐུག་སྐབས་རྗེས་མ་ཕྲུ་གུ་ཞིག་ཡོད་ན། ཕྱིར་དྷ་རམ་ས་ལར་འཁྲིད་ཡོང་ནས་བོད་གཞུང་སློབ་གྲྭར་གཏོང་གི་ཡིན་ཞེས་ངས་བཤད་མྱོང་ལ། མོས་ཀྱང་དེ་ལྟར་བྱེད་པར་མོས་མཐུན་བྱས་ཡོད་པ་རེད། ང་རང་ཆུང་ཆུང་སྐབས་ནས་སློབ་སྦྱོང་གི་གོ་སྐབས་ཞེ་དྲགས་རག་མྱོང་མེད་ལ། ད་ལྟ་སོ་སོའི་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་སྐབས་སློབ་སྦྱོང་གིས་མ་འདང་བར་ག་དུས་ཡིན་ནའང་དཀའ་ངལ་ཞིག་འཕྲད་ཀྱི་འདུག དེར་བརྟེན་ང་རང་གི་ཕྲུ་གུ་གཉིས་དེ་འདྲ་ཞིག་མ་ཡིན་པར་ཕྱིའི་ཤེས་ཡོན་ཡོད་པའི་ཐོག་ལ་སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་ལྟ་བ། མི་རིགས་ཀྱི་རིག་གཞུང་གི་གོ་རྟོགས་ཡོད་པ་ཞིག་དགོས་ཀྱི་འདུག ཕྱི་ལོ་ ༢༠༡༢ ལོར་ང་ཚོ་འདིར་ཡོང་གྲབས་ཤིག་བྱས་པ་རེད་དེ་བཟའ་ཟླ་ངེད་གཉིས་ཀྱི་ལས་ཀའི་དབང་གིས་ཡོང་མ་ཐུབ་པ་རེད། ཕྱི་ལོ་ ༢༠༡༥ ལོར་ཡོང་རྒྱུ་གཏན་འཁེལ་ཏེ་ངའི་བཟའ་ཟླས་བོད་ཀྱི་དཔེ་མཛོད་ཁང་གི་ལོ་ཙཱ་བ་རིན་ཆེན་བཟང་པོ་ཞེས་པའི་སྐད་སྒྱུར་གྱི་འཛིན་གྲྭའི་ནང་ལོ་གཉིས་ཀྱི་འཛིན་གྲྭ་བླངས་ཡོད་པ་དང་། འདི་ནས་མཐར་ཕྱིན་རྗེས་མོས་ཕར་ཕྱོགས་ནས་སྐད་སྒྱུར་བྱེད་པའི་འཆར་གཞི་གཏིང་ནས་ཡོང་བ་རེད། ངས་ཕྲུ་གུ་གཉིས་འདིར་འཁྲིད་ཡོང་སྟེ་བོད་སྐད་བཤད་ཐུབ་པ་དང་བོད་ཡིག་འབྲི་སྟངས་ཀློག་སྟངས་ཡག་པོ་ཞིག་ཤེས་ན་བསམ་པ་ཡིན། ཞེས་ཟེར།

བཟའ་ཟླ་དང་བྱིས་པ་གཉིས་དྷ་རམ་ས་ལ་ལས་བོད་ནང་གི་འཚོ་བ་སྐྱེལ་སྟངས་དང་ཁོར་ཡུག་ལ་དགའ་ཆེ་བ་ཡོད་པའི་སྐོར་ནས་ཁོང་གིས། ང་ཚོ་ཕྱི་ལོ་ ༢༠༡༣ ལོར་བོད་ནང་དུ་འགྲོ་དུས་ངའི་བཟའ་ཟླ་དང་བྱིས་པ་གཉིས་བོད་ནང་ལ་ཧ་ལས་པ་དགའ་སོང་། ལྷག་པར་དུ་ངའི་བུ་ཆུང་ལྟ་བུ་ཡིན་ན་ཅིག་བྱས་ན་བག་ཆགས་ཀྱིས་ཡིན་སྲིད་པ་རེད། དཔེར་ན་ང་ཚོ་ཁྲིན་ཏུའུ་ནས་མཛོ་དགེའི་ཕྱོགས་སུ་བསླེབས་སྐབས། བུ་ཆུང་གིས་‌པ་ལགས། སྔོན་མ་ང་ཚོས་ལྷ་ཡུལ་ཟེར་ནས་ལབ་བསྡད་པ་ཙམ་མ་གཏོགས་བསླེབས་མྱོང་མེད་ཀྱང་། ས་ཆ་འདི་ཕལ་ཆེར་ལྷ་ཡུལ་ལབ་པ་དེ་ཡིན་ས་རེད། ང་མི་ཚེ་གང་བོར་འདི་ནས་བསྡད་པ་ཡིན་ནའང་འདུག་ཐུབ་ས་རེད་ཅེས་བརྗོད་བྱུང་ལ། དངོས་གནས་ཚོར་བ་མ་འདྲ་བ་ཞིག་དང་ཧ་ལས་པ་དགའ་འདུག ང་ཚོ་བོད་ནས་ཕྱིར་ལོག་སྐབས་ཀྱང་ཁོང་ཚོ་ཨོ་སི་ཊོ་ལི་ཡར་འགྲོ་འདོད་མི་འདུག་ཟེར་གྱི་འདུག ཡིན་ནའང་། ང་ཚོ་དྷ་རམ་ས་ལར་བསླེབས་དུས་ཁོང་ཚོས་ཨོ་སི་ཊོ་ལི་ཡ་དྲན་གི་ཟེར་གྱི་འདུག  ཁག་ཡོད་རྒྱུ་མ་རེད། ང་ཚོ་འདིར་ཡོང་ནས་བྱིས་པ་གཉིས་སློབ་གྲྭར་འགྲོ་ཡི་ཡོད་པ་རེད་ལ། ཟ་མ་སོགས་གང་ཅིའི་ཐད་ནས་དཀའ་ངལ་ཅུང་ཙམ་ཡོད་པ་རེད། ང་ཚོ་བོད་དུ་འགྲོ་སྐབས་རྐང་བཙུགས་ཏེ་སྐྱིད་པོ་གཏོང་བར་ཕྱིན་པ་དང་། གཉེན་འབྲེལ་མང་པོར་ཐུག་སྟེ་བཟའ་བཏུང་རིགས་མང་པོ་ཡོད་དུས་དཔེ་སྐྱིད་པོ་བྱུང་བ་རེད། འདི་ནས་བྱིས་པ་གཉིས་ཀྱིས་མཚམས་རེར་ཕྱིར་ཨོ་སི་ཊོ་ལི་ཡར་འགྲོ་ཡི་ཡིན་དེ་འདྲ་ལབ་ཀྱི་འདུག གཙོ་བོ་ཟ་མ་དང་ཨོ་སི་ཊོ་ལི་ཡར་ཡོད་པའི་ཁོ་རང་གཉིས་ཀྱི་སློབ་གྲྭ་གཅིག་པའི་གྲོགས་པོ་དེ་ཚོ་དྲན་གྱི་ཡོད་ས་རེད། ཅེས་ཟེར།

མཇུག་ཏུ་གསར་འགོད་པས་ཁྱེད་ཀྱིས་བུ་ཆུང་གི་ལྟེ་ཐག་གཅོད་སྐབས་མ་འོངས་པར་ཁོ་བོད་མི་རིགས་ལ་ཕན་ཐོགས་ཡོད་པའི་བོད་མི་ཞིག་ཆགས་ཐུབ་པའི་སྨོན་ལམ་བརྒྱབ་འདུག་ལ། འགྲོ་སོང་ལ་མ་འཛེམས་པར་བྱིས་པ་གཉིས་བོད་ལ་དགའ་ཞེན་ཡོད་པ་དང་བོད་སྐད་ཡིག་ཤེས་མཁན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་བཞིན་འདུག ཡིན་ནའང་། བྱིས་པ་ཆེན་པོ་ཆགས་ན་ཕ་མར་དབང་གི་མ་རེད་ལ། ཕ་མའི་ཨུ་ཚུགས་དེ་བས་ཀྱང་འགྲོ་ས་མེད་པར་སོ་སོའི་རེ་འདོད་ཅིག་གི་ཕྱོགས་སུ་འགྲོ་ངེས་རེད། ཁྱེད་ཀྱིས་རང་གི་བྱིས་པ་གཉིས་ལ་བཞག་པའི་རེ་བ་དེ་མ་འོངས་པར་འབྲས་མེད་དུ་གྱུར་བ་ཡིན་ན་ག་འདྲ་བྱ་རྒྱུ་ཡིན་ཞེས་དྲིས་པར་ཁོས། དེ་ལ་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། ཕར་ཕྱོགས་ན་ང་ལ་འཚོ་བ་དང་ལས་ཀ་དངོས་གནས་ཡག་པོ་ཡོད། ཡིན་ནའང་། བྱིས་པ་གཉིས་ཀྱི་མ་འོངས་པའི་ཆེད་དུ་ལས་ཀ་བློས་བཏང་སྟེ་འདིར་ཡོང་བ་ཡིན། ངས་བྱིས་པ་གཉིས་ཀྱི་མ་འོངས་པ་དེ་བོད་མི་རིགས་ཀྱི་ཆེད་དུ་ཡིན་ཟེར་གྱི་ཡོད་ལ། དེ་ང་རང་ཨ་ཕའི་བསམ་ཚུལ་དང་སྨོན་ལམ་རེད། དེ་འགྲུབ་དང་མི་འགྲུབ་བཤད་ཁག་པོ་རེད། གལ་སྲིད་མ་འགྲུབ་པ་ཡིན་ནའང་ང་ལ་འགྱོད་པ་མེད། ང་ཨ་ཕ་ཞིག་གིས་བྱེད་དགོས་པ་དེ་བྱེད་བཞིན་ཡོད། ཡིན་ནའང་། མ་འོངས་པར་བྱིས་པས་ཅིག་བྱས་མ་སོང་། ཉིག་འགྲིག་མ་སོང་ཟེར་ནས་འགྱོད་པ་སྐྱེས་ན་བྱིས་པ་གཉིས་ལ་ཕན་ཐོགས་མེད་ལ། ང་རང་ལའང་ཕན་ཐོགས་ཡོད་པ་མ་རེད། འོན་ཀྱང་། ད་ལྟ་སོ་སོས་བྱེད་དགོས་པ་ཞིག་དང་བྱེད་ཐུབ་པ་དེ་ངས་བྱེད་བཞིན་ཡོད། དཔེར་ན། ང་ཨོ་སི་ཊོ་ལི་ཡ་ནས་འདིར་ཡོང་སྐབས། ང་རང་གི་ངོ་ཤེས་པའི་བོད་པ་ཁ་ཤས་ཀྱིས་ཁྱེད་རང་ལ་ལས་ཀ་དེ་འདྲ་ཡག་པོ་དང་ཡོང་འབབ་ཡག་པོ་ཡོད་པ་རེད། བྱིས་པ་གཉིས་ལའང་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་པའི་ཁོར་ཡུག་འདི་འདྲ་གཡུགས་ཏེ་གྲོང་གསེབ་ཏུ་སོང་ནས་ཁྱེད་རང་སྨྱོས་མ་རེད་བཱ་ཟེར་གྱི་འདུག ཡིན་ནའང་། མི་རེ་རེར་བསམ་བློ་རེ་རེ་ཡོད་པ་རེད། ང་ཚོའི་གཏམ་དཔེར་མཛོ་སུམ་ཅུར་རྭ་ཅོ་ ༦༠ དང་། མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བ་འདྲ་པོ་རེད། ངས་ཁོང་ཚོའི་བསམ་བློ་གཏོང་སྟངས་དེ་ནོར་བ་རེད་ཟེར་ཐུབ་ཀྱི་མེད་ཀྱང་། ངའི་བསམ་བློ་གཏོང་སྟངས་དེ་ང་རང་གི་བསམ་བློ་གཏོང་སྟངས་རེད། ང་ཚོ་བོད་ལ་མགོ་མ་ཆད་ན་སྐྲ་སྐྱེས་ཡོང་གི་རེད་ཟེར་བའི་གཏམ་དཔེ་ཞིག་ཡོད་པ་རེད། སྤྱིར་བཏང་གིས་ཅིག་འགྲིག་བསྡད་ན་སྒོར་མོ་ཡིས་ག་ལེར་བྱས་ནས་འགྲིག་འགྲོ་ངེས་རེད། བྱིས་པའི་མདུན་ལམ་ཡག་པོ་ཆགས་ཏེ་མ་འོངས་པར་བོད་མི་རིགས་ལ་ཕན་ཐོགས་མཁན་ཞིག་ཆགས་པ་ཡིན་ན། ངའི་འདོད་པ་འགྲུབ་སོང་བ་ཡིན། གལ་སྲིད་མ་ཆགས་པ་ཡིན་ནའང་ང་རང་གིས་བྱེད་དགོས་པ་དེ་བྱེད་ཀྱི་ཡོད། ངས་ད་ལྟ་བྱིས་པ་གཉིས་འདིར་འཁྲིད་ཡོང་དགོས་དོན་གང་ཡིན་ཟེར་ན། ཁོ་གཉིས་ད་ལྟ་ལོ་བཅུ་ཟིན་ཡོད་པ་མ་རེད། ལོ་བཅུ་གྲངས་ཟིན་སོང་ན་ཕ་མས་ཨུ་ཚུགས་བརྒྱབ་སྟེ་འདིར་འགྲོ། འདི་སྦྱོང་ཟེར་ནས་དབང་ཡོད་ཀྱིས་གོ་སྒྲིག་བྱེད་ས་ཡོད་པ་མ་རེད། དེར་བརྟེན་ཁོ་གཉིས་ལོ་བཅུ་མ་ལོན་པའི་གོང་ནས་འདིར་འཁྲིད་ཡོང་སྟེ་སོ་སོའི་སྤྱི་ཚོགས་ནང་གོམས་འདྲིས་ཐུབ་པ་དང་། བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 2

  1. ཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༅༅། ཁྱེད་ལ་བཀྲིས་བདེ་ལེགས་ཡོད།
    རྒྱལ་ཞེན་ཡོད་མཁན་བཙན་པོའི་གདུང་རྒྱུད་པ་ཞིག་རེད་འདུག་

    Reply
  2. བསོད་ནམས་རྡོ་རྗེ། says:
    ལོ་ 9 སྔོན།

    ངོ་མ་ངས་ཁྱོད་ལ་མངོན་པར་བསྟོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese