མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱིས་རྩོད་པ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་གྲོས་ཚོགས་ནང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས། ཐེངས་སྔོན་མའི་གྲོས་ཚོགས་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ལ་དབུ་སྐོར་བཏང་ཡོད་སྐོར་དང་། གནང་སྟངས་རེ་ཟུང་གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་ཀྱི་སྒྲིག་གཞི་དང་འགལ་ཡོད་པ་བཅས་གནད་དོན་གཉིས་ཀྱི་ཐོག་གསལ་བཤད་གནང་སོང་།

1-Screen Shot 2016-10-01 at 2.08.58 am 1ཟླ་འདིའི་ཚེས་ ༢༨ ཉིན་གྱི་ཕྱི་དྲོར་སྤྱི་འཐུས་གྲོས་ཚོགས་ནང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ཀྱི་གོ་སྐབས་བླངས་ཏེ། གནད་དོན་གཉིས་ཀྱི་ཐོག་གསལ་བཤད་གནང་ཡོད་པ་ནི། དང་པོ། ད་ལོའི་ཕྱི་ཟླ་ ༦ པའི་ནང་གི་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་། སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་རྣམས་མཚན་འདོན་གནང་སྐབས། ཐུབ་བསྟན་ལུང་རིགས་ཁོ་རང་དང་སྤྱི་འཐུས་ཁག་ཅིག་གིས་ལས་རིམ་རྣམ་བཞག་བཏོན་ཏེ། བཀའ་བློན་འོས་མི་དེ་དག་ལ་དཔྱ་དངུལ་ལག་དེབ་འཐུས་ཚང་ཡོད་མེད་དང་། བཀའ་ཤག་སྐབས་སྔ་མ་དག་གིས་བཀའ་བློན་འོས་མི་འདོན་སྐབས་འོས་མི་རེ་རེའི་ལོ་རྒྱུས་གྲོས་ཚོགས་ནང་བཀྲམ་ཡོད་སྟབས་ད་རེས་སྔར་སྲོལ་ལྟར་གནང་ན་ལེགས་ཚུལ་བརྗོད་ཀྱང་། རྗེས་ལ་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་དང་བསྟུན་ཏེ་ཐེངས་འདིར་གྲོས་ཚོགས་ནང་བཀའ་བློན་འོས་མི་མཚན་འདོན་བྱེད་སྟངས་དེ་བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ། བཅུ་བཞི་སོགས་དང་གཅིག་པ་གཅིག་རྐྱང་ཡིན་སྐོར་གསུངས་པ་དེ་བདེན་པ་མིན་པའི་ཁུངས་སྐྱེལ་གནང་ཡོད་པ་དང་། གནད་དོན་གཉིས་པ། སྲིད་སྐྱོང་གིས་གྲོས་ཚོགས་ནང་དུ་སྤྱི་འཐུས་ཚོགས་གཙོར་འབུལ་དགོས་པའི་ཡིག་ཆ་རིགས་ཚོགས་དྲུང་མི་བརྒྱུད་པར། ཐད་ཀར་ཚོགས་གཙོའི་གསོལ་ཅོག་སྟེང་བཞག་པ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་འགལ་འདུག་ལབ་པ་དེར། རྗེས་ལ་སྲིད་སྐྱོང་གིས་གསལ་བཤད་གནང་བ་དེ་ཁོ་རང་གིས་ལབ་པའི་གནད་དོན་དེའི་གསལ་བཤད་ཆགས་མེད་སྐོར་སོགས་བརྗོད་སོང་།

ད་ལོའི་ཕྱི་ཟླ་ ༦ ཚེས་ ༡ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ནང་ཡིག་ཆ་གང་ཡང་མ་བཀྲམ་པར། ཐད་ཀར་ཡར་བཞེས་ཏེ་བཀའ་བློན་འོས་མི་མཚན་འདོན་གནང་རྩིས་བྱེད་སྐབས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ལས་རིམ་རྣམ་བཞག་བཏོན་ཏེ། “ནམ་རྒྱུན་བཀའ་བློན་འོས་འདེམས་བྱེད་དུས། ཡིག་ཆ་གྲོས་ཚོགས་ནང་ཆ་ཚང་འགྲེམ་གྱི་ཡོད་པ་རེད། དེར་བརྟེན། དེ་རིང་མ་བཀྲམ་ནས་འགྲེལ་བཤད་རྒྱག་གི་ཡོད་དུས་ང་ཚོར་ཡང་བསམ་བློ་གཏོང་རྒྱུ་ལ་ཁྱད་པར་ཞིག་འདུག དེར་བརྟེན། རྒྱུན་སྲོལ་ལྟར་གནང་རོགས་གནང་།” ཞེས་བརྗོད་ཡོད།

དེའི་རྗེས་ལ་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ཀྱིས་ཀྱང་ལས་རིམ་རྣམ་བཞག་བཏོན་ཏེ། “དཔལ་ལྡན་ཚོགས་གཙོ་མཆོག་གིས་བཀའ་གནང་བ་དེ་ལས་རིམ་རྣམ་བཞག་ལ་ངོས་ལེན་བྱས་པ་ཡིན་ནམ། མ་བྱས་པ་ཡིན་གསལ་བོ་ཤེས་མ་སོང་། ང་ཚོ་སྐབས་བཅུ་བཞི་པའི་གྲོས་ཚོགས་ནས་བཟུང་སྟེ་ཡོང་བ་རེད། དེ་དུས་གནང་གི་འདུག་ལ། གནང་བའི་ཡིག་ཆ་དེ་ཆ་ཚང་ཞིག་ང་ཚོའི་ལག་པར་ཡོད་པ་རེད། དེ་རིང་འདི་འདྲ་ཆགས་ཀྱི་ཡོད་པ་ཧ་གོ་མ་སོང་། འདིའི་ནང་དུའང་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་གཉིས་པའི་དགོངས་དོན་བཞིན་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་བསྐོ་བཞག་སྩལ་རྒྱུའི་འོས་གཞིའི་མཚན་དང་ལོ་རྒྱུས་བཅས་འདི་མཉམ་འབུལ་ལམ་ཞུས་ཡོད་པ་བཀའ་བློན་འོས་གཞིར་མོས་མཐུན་གནང་སྐྱོང་ཡོང་བ་ཞུ། ཞེས་གསུངས་འདུག་པ་འདི་ཚོགས་གཙོ་ཚོགས་གཞོན་གཉིས་གཅིག་པོ་ལ་བཀའ་བློན་མོས་མཐུན་གནང་རོགས་ཞུ་བཞིན་ཡོད་རྒྱུ་མ་རེད། གྲོས་ཚོགས་ཆ་ཚང་ལ་ཞུ་བཞིན་ཡོད་དུས་གྲོས་ཚོགས་ཆ་ཚང་ལ་ཡིག་ཆ་དེ་དགོས་པ་རེད་མ་གཏོགས། དེ་མེད་ན་འགྲོ་ཐབས་རྩ་བ་ཉིད་ནས་ཡོད་པ་མ་རེད། ཕར་ནས་གསུང་ད་གསུང་གི་རེད། ང་ཚོས་གོ་ད་གོ་གི་རེད་དེ། སོ་སོའི་མདུན་ལ་ཡིག་ཆ་ཡོད་དུས་དེ་ལ་ལྟ་ས་ཞིག་དང་ཁྱད་པར་ཞིག་འགྲོ་གི་རེད། ད་ལྟའི་བར་དུ་གནང་བསྡད་ཡོད་པ་རེད། ངས་ཤེས་ཀྱི་ཡོད། དེ་གསལ་བོ་གསལ་རྐྱང་ཞུ་བཞིན་ཡོད།”ཅེས་བརྗོད་ཡོད།

སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཀའ་བློན་འོས་མིའི་མཚན་དང་ལོ་རྒྱུས་གྲོས་ཚོགས་ནང་བཀྲམ་པའི་ལམ་སྲོལ་མེད་སྐོར་གསུངས་པ་དང་འབྲེལ་ཏེ། གོང་གི་ལས་རིམ་རྣམ་བཞག་དེ་གཉིས་ངོས་ལེན་མེད་པའི་ཐག་གཅོད་གནང་རྗེས། སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་དང་པོ་དངོས་གྲུབ་ཚེ་རིང་མཆོག་མཚན་འདོན་དང་སྦྲགས་ཏེ། ཁོང་གི་ལོ་རྒྱུས་སྙིང་བསྡུས་ཡིག་ཐོག་ནས་སྒྲོགས་སྦྱང་གནང་རྗེས། དགག་བྱ་ཡོད་མེད་ལ་ལྟ་སྐབས་སྤྱི་འཐུས་ཁག་ཅིག་གིས་དགག་པ་བརྒྱབ་ཡོད།

སྐབས་དེར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་བརྗོད་དོན། “དང་པོ་དེར། ངས་གོ་མེད་ན་གང་ཤེས་མ་གཏོགས། གཞན། དཔྱ་དངུལ་ལག་དེབ་ཡོད་མེད་གསུངས་མ་སོང་བསམ་སོང་། དུས་རྒྱུན་ཡིན་ན་དཔྱ་དངུལ་ལག་དེབ་ཡོད་དང་མེད། ད་ལྟའི་བར་དུ་འབུལ་ཆད་ཡོད་དང་མེད་དེ་དུས་རྒྱུན་ཆ་རྐྱེན་ནང་ལ་གསུང་གི་ཡོད་པ་རེད། དེ་ནས་དགག་པ་ཞུ་དོན་དེ་ཆུ་མ་ཡོང་གོང་གི་ཆུ་རག་གི་ཚུལ་འདྲ་བོ་ཡིན། འདས་པའི་ཉམས་མྱོང་ལ་ཞུགས་ནས། རེ་བ་བཟང་སར་རྒྱག་དགོས་པ་རེད་དེ། ཡིན་ནའང་མ་འོངས་པར་འབྱུང་བའི་ངེས་པ་ཡོད་པ་མ་རེད་དེ། གལ་སྲིད་སྐྱོན་ཆ་དེ་འདྲ་ལྷག་པ་ཡིན་ན། དེ་གྲོས་ཚོགས་ནང་ནས་སྤྱི་མོས་བཏང་བ་རེད་ཅེས་གྲོས་ཚོགས་ལ་འགན་དེ་མ་བསླེབ་པའི་ཆེད་དུ་ཡིན། འདས་པའི་གནས་སྟངས་ནང་ལ་དེ་གྲོས་ཚོགས་ཀྱི་འགན་རེད། གྲོས་ཚོགས་ཀྱིས་དེ་དུས་གནང་ཡོད་པ་མ་རེད། ཟེར་བའི་གནས་ཚུལ་དེ་འདྲ་མང་པོ་ཞིག་སྤྱི་ཚོགས་ནང་ཐོན་ཡོད་པ་རེད། དེ་མི་ཡོང་བའི་ཆེད་དུ་སྤྱི་མོས་ལ་འགྲོ་རྒྱུར་དགག་པ་བརྒྱབ་པ་ཡིན།” ཞེས་བརྗོད་སོང་།

2-Screen Shot 2016-10-01 at 1.48.25 amདེའི་རྗེས་སྲིད་སྐྱོང་མཆོག་གིས་འགྲེལ་བཤད་གནང་དོན། “དཔལ་ལྡན་ཚོགས་གཙོ་མཆོག སྐབས་བཅུ་བཞི་པའི་བཀའ་བློན་རྣམ་པའི་འོས་མི་འཁུར་ཡོང་བའི་སྐབས་ལ་ཡིག་ཐོག་ནས་ཞུ་ཡག་དང་ངག་ཐོག་ནས་ཞུ་ཡག་དེ་ག་རང་འགྲོ་ཡོད་ཞུ་རྒྱུ་ཡིན། མཐའ་མ་དེར། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པར་གསལ་བའི་བཀའ་བློན་གྱི་འོས་ཆོས་ཡོངས་རྫོགས་འཚང་ཡོད། གཞི་རྩའི་དཔྱ་ཁྲལ་ལག་དེབ་ཡོད་དང་མེད་ཁོ་རང་ཚོར་བཀའ་འདྲི་གནང་བའི་ཐོག་ནས་ཆ་རྐྱེན་ཆ་ཚང་འཚང་ཡོད།” ཅེས་གསུངས་སོང་།

ཕྱི་ཟླ་ ༦ ཚེས་ ༡ ཉིན་བཀའ་བློན་བདུན་འོས་འདེམས་གནང་རྗེས་ཚེས་ ༢ ཉིན་གྱི་སྔ་དྲོར་བདམས་འཐོན་བཀའ་བློན་རྣམ་པས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཆེན་མོའི་མདུན་ནས་དམ་འབུལ་ཞུས་ཡོད་ཀྱང་། ཉིན་དེའི་ཕྱི་དྲོར་གསར་འགྱུར་བརྒྱུད་ལམ་ཏུ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། རང་ལོ་ ༣༥ ཧྲིལ་བོ་ཚང་ཡོད་མེད་ཀྱི་གནས་ཚུལ་ཐོན་ཡོད་སྟབས། དྷ་རམ་ས་ལའི་བོད་པའི་གསར་འགོད་པ་ཚོས་སྲིད་སྐྱོང་དང་བསྟན་འཛིན་ཟླ་སྒྲོན་གཉིས་ལ་འབྲེལ་བ་ཞུས་ཀྱང་བཅར་འདྲི་དང་ལེན་གནང་མེད།

ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་གྲོས་ཚོགས་ཚོགས་ཐུན་དང་པོ་དབུ་འཛུགས་གནང་མ་ཐག སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་དོན། “དགོངས་སེལ་དང་སྦྲགས་ཞུ་རྒྱུ་ཞིག་ལ། མ་གཞི་འདིིའི་སྔོན་ལ་གླེང་སློང་བྱུང་ཚར་སོང་། ད་ལྟ་ཆར་བཀའ་བློན་གཅིག་འདིར་གྲོས་ཚོགས་སུ་ཕེབས་ཐུབ་མེད་པ་ཚང་མས་གཟིགས་ཡོད་པ་རེད། གཞི་རྩའི་ཁོ་རང་གི་སྐྱེས་ཚེས་དང་འབྲེལ་བའི་ཐོག་ནས་ལོ་ངོ་ ༣༥ ཟིན་པ་ལ་ཟླ་བ་གསུམ་ལྷག་ཅིག་གི་མ་འདང་པའི་གནས་སྟངས་ཐོག་ནས། གཞི་རྩའི་ཁྲིམས་ཞིབ་ཁང་ལའང་ད་ནིང་ཞོགས་པར་ཁོ་རང་གི་དཔྱ་ཁྲལ་ལག་དེབ་དང་སྐྱེས་ཚེས་དང་འབྲེལ་བའི་ཡིག་ཆ་ཁག་ཆ་ཚང་ཕུལ་གྲུབ་ཡོད། དེ་བཞིན་བཀའ་ཤག་ནང་དུའང་བཀའ་བསྡུར་གནང་སྟེ། ད་ལྟའི་བཀའ་བློན་གྱི་ལས་གནས་ནས་བཀའ་ཤག་གིས་ཁོང་ཕྱིར་འཐེན་བྱས་པ་ཡིན། དེ་ཁ་སང་གོང་ནས་ཞུས་པ་བཞིན་རེད། བཀའ་བློན་བསྐོ་བ་ཡིན་ན་གསང་བའི་ཐོག་ནས་གནང་དགོས་པ་རེད། ཉི་མ་དང་པོར་ཞུས་པ་བཞིན་རེད། གཟའ་ཟླ་བའི་ཕྱོགས་པ་ཆུ་ཚོད་བཅུ་གཅིག་གཡས་གཡོན་ནས་བཀའ་བློན་འོས་མི་རིམ་པར་འབྲེལ་བ་ཞུས་པ་ཡིན། ཆ་རྐྱེན་གཉིས་སྟེ། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དང་། དབུ་མའི་ལམ་གཞིར་བཟུང་ཕྱག་ལས་གནང་དགོས་པ་རེད་ཅེས་ཞུས་པ་དང་སྦྲགས། དོ་བདག་ཁོ་རང་ལ། ཁྱེད་རང་གི་སྐྱེས་ལོ་ག་འདྲ་རེད་ཅེས་དྲིས་དུས་སྒང་ལ། ཕྱི་ལོ་ ༡༩༨༡ རེད་གསུངས་ཡོང་དུས་སྐབས་ལ། ང་ཚོས་ཧོབ་སྟེ་བསམ་བློ་བཏང་ན་རང་ལོ་ ༣༥ འཚང་འདུག་དགོངས་པ་རེད། དོ་བདག་ཡིན་ནའང་ཐོག་རྒྱག་གོབ་རྒྱག་ལ་བཀའ་བློན་དུ་བསྐོས་ཡོང་དུས་སྐབས་ལ། བཀའ་བློན་གནང་རྒྱུ་སོགས་དགོངས་པ་མང་པོ་ཞིག་བཞེས་པའི་ཐོག་ནས་ཁ་གསལ་བོ་མ་ཆགས་པར་འདི་ལྟར་ལྷག་པ་ཞིག་རེད། དེར་བརྟེན། དགོངས་སེལ་ཞུ་བ་དང་སྦྲགས་གྲོས་ཚོགས་ལ་དབུ་སྐོར་ཞུས་བཞག་པ་རྩ་བ་ནས་མེད། དེ་ལྟར་ལྷག་སོང་བ་ཞིག་རེད་ཅེས་ཞུ་རྒྱུ་ཡིན། དེར་བརྟེན། ཁོང་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་བྱས་པར་ངོས་འཛིན་གང་རོགས་གནང་།” ཞེས་གསུངས་སོང་།

ཉིན་རྒྱབ་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཐོག་བགྲོ་གླེང་དང་བསྟུན་ཏེ། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་གསུངས་དོན། “དེ་ནས་བཀའ་བློན་འོས་གཞི་འདོན་སྟངས་འདིའི་སྒང་ལ་ཡིན་ནའང་། གསལ་བོ་ཞིག་བཟོ་དགོས་ཀྱི་འདུག བཅའ་ཁྲིམས་དང་སྒྲིག་གཞིའི་ནང་དུ་དོན་ཚན་ ༢༡ པ་དེ་རེ་རེ་བཞིན་འཚང་ལུགས་གསལ་བཤད་དང་སྦྲགས་ནས། འདེམས་འཐོན་བྱེད་དགོས་པའི་གནས་ཚུལ་ཞིག་ཡོད་པ་རེད། ཡིན་ནའང་ང་ཚོས་དེ་བྱུང་ཡོད་པ་མ་རེད། གོང་དུ་གྲོས་ཚོགས་ལ་དབུ་སྐོར་ཞུས་མེད། ཁོ་ལྷག་སོང་བ་རེད་གསུངས་པ་རེད། ཡིན་ནའང་དེ་ལ་དག་ས་རེད་དམ། དག་ས་མ་རེད། ཁ་སང་ལས་རིམ་རྣམ་བཞག་དེ་བཏོན་པའི་སྐབས་ལ། དོན་ཚན་ ༢༡ པ་དེ་ཆ་ཚང་འཚང་ཡོད་ཅེས་ལན་ཁ་ཤས་གསུངས་ཏེ། རྒྱབ་སྐྱོར་གནང་རོགས་གསུངས་པ་རེད། འཚང་ཡོད་གསུངས་དུས་སྒང་ལ། ལྷག་ག་འདྲ་བྱས་ཏེ་སོང་པ་རེད། སྒྲིག་གཞི་ལ་ཐུགས་སྣང་ཁྱོན་ནས་གནང་གི་མེད་པའི་མཐོང་སྣང་བྱུང་། ད་རེས་འདི་ལྟ་བུར་ཆ་བཞག་ན། དོན་ཚན་ ༢༡ པའི་ནང་དུ་བོད་ཀྱི་ཡུལ་མི་ཟེར་བ་ཞིག་ཡོད་པ་རེད། དེའི་ནང་ལོ་ ༣༥ ཧྲིལ་བོ་ལོན་པ་ཞེས་འཁོད་ཡོད་པ་རེད། ཧྲིལ་བོ་ལོན་དང་མ་ལོན་ཟེར་བ་དེར་དམ་དོན་གནང་དགོས་པ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་དཔྱ་དངུལ་གྱི་དེབ་དེ་དགོས་ཀྱི་འདུག་ཟེར་དུས་དེ་གནང་བཞག་པ་ཡིན་ན། ད་ལྟའི་རྙོག་དྲ་འདི་ཡོད་པ་མ་རེད། དཔྱ་དངུལ་ནང་དུ་སྐྱེས་ལོ་སྐྱེས་ཚེས་ཆ་ཚང་ཡོད་པ་རེད། དེ་དུས་རང་ནས་དོ་བདག་དགོངས་པ་ཞུ་མི་དགོས། ཁྲིམས་འགལ་གྱི་ལས་ཀ་དེའང་ཆགས་མི་དགོས། ཁྲིམས་ཞིབ་ཁང་གིས་ཀྱང་དམ་བཅའ་ཡར་བཞེས། མར་རྩིས་མེད་ཡིན་ཞེས་གསུངས་མི་དགོས། བཀའ་བློན་ཡར་བསྐོས། དེ་ནས་མར་ཕྱིར་འཐེན་བྱས་པ་ཡིན་ཞེས་གསུངས་མི་དགོས། འདྲ་ཆགས་པོ་དང་ཁྲིམས་དང་མཐུན་པ་ཡག་པོ་ཞིག་ཡོང་གི་ཡོད་པ་རེད། དེ་བྱུང་ཡོད་པ་མ་རེད། དེར་བརྟེན། བཅའ་ཁྲིམས་ནང་གི་དོན་ཚན་དེ་གཞི་ལ་བཞག་པའི་ཐོག་ནས་སྒྲིག་གཞིའི་ནང་ལ་སྣོན་པ་བཅུག་རྒྱུ་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་ཀྱི་ཡུལ་མི་ཡིན་པ་དང་། རང་ལོ་ ༣༥ ཧྲིལ་བོ་ལོན་པ་ཟེར་བ་དེའི་དན་རྟགས་ལ་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མ་དེ་མཉམ་དུ་འཁྱེར་དགོས་པ་དེ་ཚོ་སྒྲིག་གཞིའི་ནང་བཅུག་སྟེ། སྒྲིག་གཞི་བསྐྱར་བཅོས་བྱས་པ་ཡིན་ན། མ་འོངས་པར་དེ་འདྲའི་དཀའ་ངལ་ཆགས་ཀྱི་མ་རེད་བསམ་གྱི་འདུག” ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་གནད་དོན་གཉིས་པའི་ཐོག་གསུངས་དོན། “དེ་རིང་ཆ་བཞག་ན། རྣམ་པ་ཚང་མས་གཟིགས་ཡོད་རྒྱུ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡིག་ཀོག་གཉིས་ཚོགས་གཙོར་ཕུལ་སོང་། སྒྲིག་གཞིའི་ནང་ཚོགས་དྲུང་བརྒྱུད་ནས་མ་གཏོགས་གྲོས་ཚོགས་ནང་ཐད་ཀར་ཕུལ་ཆོག་གི་ཡོད་པ་མ་རེད། དེ་རིགས་ལ་ཐུགས་སྣང་གནང་དགོས་པ་རེད། སྒྲིག་གཞི་ཟེར་བ་དེ་ལག་པ་རྐང་པ་སྡོམ་སྤྱད་མ་རེད། ལས་ཀ་བྱེད་བདེ་བོ་ཆགས་རྒྱུ་དང་། མི་དེ་ལ་མ་འོངས་པར་ལབ་གླེང་མི་ཡོང་བ། སུ་ལ་ཡིན་ནའང་འགྲེལ་བཤད་བརྒྱབ་ཆོག་ཆོག་ཅིག སྒྲིག་གཞི་འདིའི་འོག་ནས་བྱས་པ་ཡིན། སྒྲིག་གཞི་འདི་དང་དེ་མཐུན་བསྡད་ཡོད། ཅེས་ཕར་ཕྱོགས་ནས་ཚུར་མཛུབ་མོ་འཛུགས་ས་མེད་པ་ཞིག་གི་དོན་དུ་ཡིན་སྟབས། ང་ཚོས་སྒྲིག་གཞི་དེ་རྐང་པ་ལག་པ་སྡོམ་སྤྱད་ཡིན་པའི་བཟོ་འདྲ་བོར་དགོངས་པ་མ་བཞེས་པའི་ཐོག་ནས་སྒྲིག་གཞི་ལ་ཐུགས་སྣང་གནང་དགོས་པ་དེ་གལ་ཆེན་པོ་འདུག་བསམ་སོང་།”ཞེས་བརྗོད་སོང་།

3-Tibettimes-2-1024x586ཉིན་དེའི་ཕྱི་དྲོར་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་དང་འབྲེལ་ཏེ་གསུངས་དོན། “སྲིད་སྐྱོང་མཆོག་གིས་བཀའ་བློན་གྱི་འོས་མི་འཁུར་ཡོང་ཡག་དེ་འགྲིག་མ་སོང་། སྐྱེས་ཚེས་དགོས་པ་རེད། དཔྱ་ཁྲལ་ལག་དེབ་དགོས་པ་རེད་ཅེས་གསུངས་སོང་། བཀུར་འོས་སྤྱི་འཐུས་གཅིག་གིས། དེ་སྔ་ཡིག་ཆ་ནང་འཁོད་ཡོད་པ་རེད། དེ་སྔ་གསུངས་ཡོང་དུས། དེ་སྔ་བཀུར་འོས་སྤྱི་འཐུས་ཁོ་རང་བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་ལ་བཀའ་བློན་གནང་མྱོང་མཁན་ཞིག་ཡིན་སྟབས། དེ་སྔ་ཡིག་ཆའི་ནང་དུ་ཡོད་པ་རེད། ཁྲིམས་དང་སྒྲིག་གཞི་ལ་དོ་སྣང་བྱེད་ཀྱི་མི་འདུག གཞི་རྩའི་བརྒྱུད་ལམ་ཁག་ཏུ་ཞུས་པ་ཡིན། ད་རེས་གྲོས་ཚོགས་ལ་གསུང་གི་ཡོད། ཅེས་གསུང་ཡོང་བའི་སྐབས་ལ། དེ་ལ་གསལ་བཤད་ཅིག་མ་བྱས་ན་འགྲིག་གི་མི་འདུག” ཅེས་དང་། “ ད་ལན་བཀའ་བློན་འོས་མིའི་ཆ་རྐྱེན་དང་ཡིག་ཆ་འཁུར་ཡོང་ཡག་དེ། དེ་སྔའི་བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་ལ་འཁུར་ཡོང་བ་དེ་ག་རང་རེད། སྐབས་བཅུ་བཞི་པའི་སྐབས་ལ་བཀའ་བློན་འོས་མིའི་ཡིག་ཆ་དང་ཆ་རྐྱེན་འཁུར་ཡོང་བ་དེ་སྐབས་བཅུ་གསུམ་པའི་བཀའ་བློན་འོས་མི་ག་འདྲ་བྱས་ཏེ་འཁུར་ཡོང་འདུག དེ་ལ་བལྟས་ཏེ་བཟོས་བཞག་པ་ཞིག་རེད། སྐབས་བཅུ་གསུམ་པའི་བཀའ་བློན་འོས་མི་འཁུར་ཡོང་ཡག་དེ་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་བཀའ་བློན་འོས་མི་འཁུར་ཡོང་བ་དེ་ལ་བལྟས་ཏེ་བཟོས་བཞག་པ་ཞིག་རེད། བཀུར་འོས་སྤྱི་འཐུས་སྐབས་བཅུ་གཉིས་དང་བཅུ་གསུམ་ལ་བཀའ་བློན་གནང་མྱོང་སྟབས། དེ་སྔོན་མ་ཡིག་ཆ་ཡོད་པ་རེད། ཁྲིམས་སྒྲིག་གཞི་ཡོད་པ་རེད་གསུངས་ཡོང་བའི་སྐབས་ལ། ངས་ཡོད་པ་མ་རེད་ཅེས་ད་རེས་གྲོས་ཚོགས་ནང་ཐག་ཆོད་པའི་སྒོ་ནས་ཞུ་བཞིན་ཡོད། སྐབས་བཅུ་གཉིས་པ་ལ་མི་འདུག སྐབས་བཅུ་གསུམ་པ་ལའང་མི་འདུག ཡོད་པ་ཡིན་ན་ཡིག་ཆ་འཁུར་ཡོང་རོགས་གནང་། ང་ཚོས་ཡིག་ཆ་སྔོག་པ་ཡིན། བལྟས་པ་ཡིན། སྐབས་བཅུ་གཉིས། བཅུ་གསུམ། བཅུ་བཞི་གཅིག་པ་གཅིག་རྐྱང་ཡིན། བཅོ་ལྔ་ལ་གཅིག་པ་གཅིག་རྐྱང་འཁུར་ཡོང་ཡོད།” ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་གསུངས་དོན། “ གཉིས་པ། སྐྱེས་ལོ་མ་གཏོགས་སྐྱེས་ཚེས་འཁོད་མི་འདུག་ཟེར་བ་དེ། སྐྱེས་ལོ་མ་གཏོགས་སྐྱེས་ཚེས་འཁོད་མི་འདུག དེར་བརྟེན་སྐད་ཆ་དྲིས་སྐབས། ཁྱེད་རང་སྐྱེས་ལོ་ག་རེ་རེད་ཅེས་དྲིས་ཡོང་དུས་ ༡༩༨༡ རེད་ཅེས་གསུངས་སྐབས། ཕྱི་གསལ་ནང་གསལ་ཐོག་ནས་ངས་ཡིག་ཆ་བཀྲམས་པའི་ནང་ལ། འཁྲུངས་ལོ་ ༡༩༨༡ ཞུ་དགོས་དོན་དེ། སྐབས་བཅུ་བཞི་བཅུ་གཉིས་བཅུ་གསུམ་ལ་སྐྱེས་ལོ་འཁོད་ཡོད་སྟབས། བཅོ་ལྔ་ལ་སྐྱེས་ལོ་སྐད་ཆ་དྲིས་ཏེ་སྐྱེས་ལོ་འཁོད་པ་རེད། དེ་ལ་ཟླ་བ་ཁ་ཤས་ཀྱིས་ང་ཚོས་གནས་ཚུལ་རྟོག་མ་ཐུབ་སྟབས། གནས་སྟངས་དེ་ཆགས་པ་རེད། དེར་བརྟེན་ཕྱིར་འཐེན་བྱས་པ་རེད་མ་གཏོགས་གྲོས་ཚོགས་ལ་དབུ་སྐོར་བྱས་པ་ཡིན་ན། དེ་སྔ་མ་བྱས་པ་ཞིག་བྱས་ཡོད་པ་ཡིན་ན་དབུ་སྐོར་རེད། སྐབས་བཅུ་གཉིས་བཅུ་གསུམ། བཅུ་བཞི་ལ་དེ་ག་རང་བྱས་ཡོད་པ་ཡིན་ན། ད་ལྟ་ཁྲིམས་དང་ལམ་ལུགས་གཞིར་བཟུང་འགྲོ་དགོས་ཀྱི་ཡོད་དུས། ཁྲིམས་དང་ལམ་ལུགས་གཞིར་བཟུང་འགྲོ་ཡོད་ཅེས་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་གནད་དོན་གཉིས་པའི་ཐོག་གསུངས་དོན། “ད་གིན་འདིར་ཅིག་གསུངས་སོང་། དཔེ་དང་སྦྲགས་ཏེ། སྲིད་སྐྱོང་གིས་ཚོགས་གཙོའི་མདུན་ཅོག་སྟེང་ལ་ཡིག་ཀོག་བཞག་པ་དེ་ལམ་ལུགས་ཐོག་ནས་འགྲིག་ཡོད་པ་མ་རེད། དེའི་སྐོར་དེ་བཀུར་འོས་སྤྱི་འཐུས་ཀྱིས་མཁྱེན་དགོས་ངེས་བཟོ་འདྲ་བོ་ཞིག་ཡོད་པ་རེད། འོས་བསྡུ་ལྷན་ཁང་གི་ཚོགས་མི་ཡིན་ན་རེད། ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བསྐོ་བའི་སྐབས་ལ་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་འཛོམས་ནས་ཚོགས་ཆུང་ཞིག་བསྐོ་བཞིན་ཡོད་པ་རེད། བསྐོས་ཚར་བའི་རྗེས་ལ་ཚོགས་ཆུང་དེའི་འགན་ག་རེ་རེད་ཟེར་ན། ནམ་རྒྱུན་གྱི་འགྲོ་སྟངས་འགྲོ་ལུགས་ངས་ཤེས་ཀྱི་ཡོད། ནམ་རྒྱུན་ཡིན་ན་སྲིད་སྐྱོང་ལ་ཡི་གེ་ཞིག་གནང་དགོས་པ་ཡིན་ན། ཡང་མིན་ན་བཀའ་དྲུང་ལ་གནང་དགོས་པ་རེད་ལ། ཡང་མིན་ན་སྒེར་དྲུང་ལ་གནང་དགོས་པ་རེད། ཡིན་ནའང་འོས་མི་དེ་གསང་བ་ཡིན་སྟབས། ཚོགས་ཆུང་ལ་བཀོད་ཁྱབ་ག་རེ་ཡོད་པ་རེད་ཟེར་ན། འོས་མི་དེ་དག་གི་ཡིག་ཀོག་དེ་ཚོགས་ཆུང་གིས་ཐད་ཀར་སྲིད་སྐྱོང་ལ་འབུལ་དགོས་པ་རེད་མ་གཏོགས་བཀའ་དྲུང་དང་སྒེར་དྲུང་བརྒྱུད་ཆོག་གི་ཡོད་པ་མ་རེད། ཡིག་ཀོག་དེ་སྲིད་སྐྱོང་གི་ལག་ཏུ་བསླེབས་ཚར་བའི་རྗེས་ལ། གྲོས་ཚོགས་ཚོགས་པའི་སྐབས་ལ་གསང་བ་ཡིན་སྟབས། སྲིད་སྐྱོང་གིས་འཕྲལ་དུ་ཚོགས་གཙོར་འབུལ་དགོས་ཀྱི་ཡོད་པ་རེད། འདི་ཐེངས་དང་པོ་མ་རེད། ང་སྲིད་སྐྱོང་བྱས་ཏེ་ལོ་བཞི་དང་ཕྱེད་ཀའི་ནང་ལ་ཁྲིམས་དཔོན་ཐེངས་གཉིས་བདམས་ཚར་བ་རེད། འོས་མི་གཞན་དག་བདམས་ཡོད་པ་རེད། དེ་དག་ཚང་མ་ལ་ཐུགས་སྣང་གནང་ཡོད་ན། ཡིག་ཀོག་དེ་ག་དུས་ཡིན་ན་ཡང་། དེ་རིང་འདིར་གྲོས་ཚོགས་ལས་རིམ་ནང་འཁོད་འདུག་གཱ། ཆུ་ཚོད་ ༡༡ དང་སྐར་མ་ ༡༥ ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་གཅིག་གི་འོས་བསྡུ་ཞེས་ལས་རིམ་ནང་བཀོད་ཡོད་སྟབས། ཆུ་ཚོད་ ༡༡ དང་སྐར་མ་ ༡༥ ལ་ངས་འགན་འཁུར་ཏེ་གསང་བའི་ཡིག་ཀོག་དེ་ཚོགས་གཙོའི་མདུན་ཅོག་སྟེང་འབུལ་རྒྱུ་དེ་ངའི་འགན་རེད། ལས་རིམ་ནང་བཀོད་མེད་ན་ངས་བྱེད་ཀྱི་མ་རེད། དེ་སྔ་ཁྲིམས་དཔོན་ལས་རོགས་བསྐོ་བའི་སྐབས་ལ་དེ་ག་རང་བྱས་བཞག་ཡོད། དེར་བརྟེན་འགྲོ་སྟངས་འགྲོ་ལུགས་དེ་སྔ་བྱས་བཞག་པ་དེ་ག་རང་རྒྱུན་སྐྱོང་བའི་ཆེད་དུ་ངས་ད་རེས་ཀྱང་འགན་འཁུར་ཏེ། ཡིག་ཀོག་འདིར་བཞག་པ་ཡིན་མ་གཏོགས་ཁྲིམས་ལ་མ་རྩིས་པའི་ཐོག་ནས་ད་ལན་གྱི་གནང་ཕྱོགས་དེ་དག་མ་འགྲིག་པ་མེད་ཅེས་ཞུ་རྒྱུ་ཡིན།” ཞེས་གསུངས་ཡོད།

ཐེངས་འདིའི་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པ་སྟེ། ཟླ་འདིའི་ཚེས་ ༢༨ ཉིན་གྱི་ཕྱི་དྲོར། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་གོང་གསལ་གནད་དོན་གཉིས་ཀྱི་ཐོག་གསལ་བཤད་གནང་དོན། ༢༠༡༦ ཟླ་ ༦ ཚེས་ ༣ ཉིན་གྱི་ཆུ་ཚོད་ ༡༡ དང་སྐར་མ་ ༣༩ ཐོག་ལ་བཀའ་ཤག་གི་གསལ་བཤད་ཅིག་ཕེབས་པ་རེད། དེ་བཀའ་ཤག་གི་གསལ་བཤད་རེད་ཞུ་དགོས་པ་ཡིན་ན། མ་རེད་ཞུ་དགོས་པ་ཡིན་ན་ཧ་གོ་ཡི་མི་འདུག གང་ལྟར། བཀའ་བློན་འོས་གཞི་བཏོན་པའི་སྐབས་ལ་ལས་རིམ་རྣམ་བཞག་བཏོན་པ་རེད། ལས་རིམ་རྣམ་བཞག་བཏོན་པའི་སྐབས་ལ་ཡིག་ཆ་སྤྲད་པ་དེ་སྔ་བྱུང་མྱོང་ཡོད་པ་མ་རེད་ཅེས་གནས་ཚུལ་ཞིག་ཆགས་པ་རེད། སྐབས་དེར་འདིར་ལངས་སྡོད་མཁན་དེས་ལས་རིམ་རྣམ་བཞག་ཞུས་ཏེ་ཡིག་ཆ་སྔོན་མ་བཀྲམས་ཡོད་པ་རེད། གོང་དུ་ལས་རིམ་རྣམ་བཞག་འདོན་མཁན་གྱིས་གསུངས་པ་ལྟར་བྱུང་ཡོད་པ་རེད་ཅེས་ཞུས་པ་རེད། དེ་ལས་མར་འཕྲོས་པའི་གནས་ཚུལ་ཞིག་རེད། དེའི་ཐོག་ལ་དེ་རིང་འདིར་སྒེར་གྱི་གསལ་བཤད་ཀྱི་དུས་ཚོད་ཞུས་པ་ཡིན།

ངས་དེ་དུས་གྲོས་ཚོགས་ནང་དུ་ལས་རིམ་རྣམ་བཞག་བཏོན་པ་དང་མཉམ་དུ་སྔོན་མ་ཡིག་ཆ་བཀྲམ་ཡོད་པ་རེད་ཅེས་ཞུས་པ་རེད། གཉིས་པ་ག་རེ་ཞུས་པ་རེད་ཟེར་ན། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་གསེས་བཀའ་བློན་འོས་ཆོས་ཡོངས་རྫོགས་འཚང་ཡོད་ཅེས་ལན་ཁ་ཤས་གསུངས་སོང་། འོན་ཀྱང་འོས་ཆོས་འཚང་ཡོད་པ་མ་རེད། འཚང་མེད་པ་དེ་འཚང་ཡོད་ལབ་པ་དེ་གྲོས་ཚོགས་ལ་དབུ་སྐོར་ཆགས་ཀྱི་འདུག་ཞུས་པ་རེད། གནད་དོན་གཞན་པ་གཅིག གྲོས་ཚོགས་ནང་ཡིག་ཆ་དང་ག་རེ་ཡིན་ནའང་དཔལ་ལྡན་ཚོགས་གཙོ་མཆོག་ལ་འབུལ་སྐབས་ཚོགས་དྲུང་བརྒྱུད་ནས་འབུལ་དགོས་པ་དེ་གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དགོངས་དོན་རེད། དེ་མ་ཕུལ་བ་དེ་སྒྲིག་གཞི་དང་འགལ་གྱི་ཡོད་པ་རེད་ཅེས་ཞུས་པ་རེད།” ཅེས་བརྗོད་སོང་།

སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་དཔང་རྟགས་དང་བཅས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༡༨ ཉིན། སྐབས་བཅུ་གསུམ་པའི་གྲོས་ཚོགས་ནང་། སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བློན་འོས་མི་གསུམ་མཚན་འདོན་གནང་སྐབས། བཀའ་བློན་འོས་མི་དག་གི་མཚན་དང་སྐྱེས་ལོ་སྐྱེས་ཚེས་ཆ་ཚང་ཡོད་པའི་ཡིག་ཆ་དང་མཉམ་དུ། དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས་ཀྱང་མཉམ་སྦྱར་བྱས་ཡོད་འདུག སྐབས་དེར་བཀའ་ཁྲི་མཆོག་གིས་གྲོས་ཚོགས་ནང་བཀའ་བློན་འོས་མི་མཚན་འདོན་གནང་བ་དང་བསྟུན་ཏེ་གསུང་བཤད་གནང་དོན། “འོས་མི་གསུམ་གྱི་མཚན་དང་ལོ་རྒྱུས་ད་ལྟ་སྤྱི་འཐུས་ཚང་མའི་ཕྱག་ལ་ཕུལ་བ་དེ་རང་ཡིན། ཁོང་གསུམ་གྱི་འོས་ཆོས་དང་ལོ་རྒྱུས་རྣམས་ཡིག་ཐོག་ཏུ་ཡོད་པས་བསྐྱར་སློག་བྱས་ཏེ་དུས་ཚོད་འཕྲོ་བརླག་ཏུ་གཏང་མི་དགོས་པའི་ཐོག་ནས་སྡོམ་བརྒྱབ་ནས་ཞུས་ན། ད་ལྟ་ངས་ཕུལ་བའི་མི་གསུམ་པོ་དེ་ལ་བཅའ་ཁྲིམས་དང་སྒྲིག་གཞིའི་ནང་གཏན་ལ་ཕབ་པའི་འོས་ཆོས་ཡོངས་སུ་རྫོགས་པ་བརྒྱ་ཆ་བརྒྱ་འཚང་གི་ཡོད་ཅེས་ཞུ་རྒྱུ་ཡིན།” ཞེས་གསུངས་ཡོད་འདུག

དེ་བཞིན། བཀའ་ཤག་སྐབས་བཅུ་གསུམ་པའི་བཀའ་བློན་འོས་འདེམས་སྐབས། བཀའ་བློན་རྣམ་པའི་ལོ་རྒྱུས་གྲོས་ཚོགས་ནང་བཀྲམས་ཡོད་པ་མ་ཟད། ཡིག་ཆའི་ནང་འོས་མི་མང་ཆེ་བའི་མཚན་དང་འཁྲུངས་ལོ་འཁྲུངས་ཚེས་བཀོད་ཡོད་ཀྱང་། རེ་གཉིས་ཤིག་གི་འཁྲུངས་ཚེས་བཀོད་མེད་དག་སྔོན་ཆད་བཀའ་བློན་གནང་མྱོང་མཁན་དང་། ལོ་ན་བགྲེས་པོ་རང་ལོ་སོ་ལྔ་ལོན་ཡོད་མེད་ལ་རྩོད་གཞི་མེད་པ་དག་ཡིན་འདུག

ཐུབ་བསྟན་ལུང་རིགས་ལགས་ཀྱིས་བརྗོད་དོན། “ དང་པོ། ཡིག་ཆ་ཡོད་པ་དེ་ཁུངས་སྐྱེལ་ཡིན། གཉིས་པ། བཅའ་ཁྲིམས་ནང་གསལ་བའི་འོས་ཆོས་ཆ་ཚང་འཚང་ཡོད། ཅེས་ཐེངས་ཁ་ཤས་ལ་གསུངས་ཡོད་ཀྱང་། མཐའ་མར་འོས་ཆོས་འཚང་མེད་པ་དེ་གྲོས་ཚོགས་ལ་དབུ་སྐོར་བཏང་བ་རེད། སྲིད་སྐྱོང་མཆོག་གིས་ཡིག་ཆ་སྔོག་པ་ཡིན། མི་འདུག་གསུངས་པ་དེ་ཐུགས་སྣང་གནང་བཞག་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་རེད་དམ། ཐུགས་སྣང་གནང་མེད་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་རེད། གནང་ཡོད་ན་ད་ལྟའི་གནས་སྟངས་འདི་ཆགས་ཀྱི་རེད་དམ། གནང་མེད་ན་དབུ་སྐོར་ཆགས་ཀྱི་རེད་དམ་མ་རེད།” ཅེས་བརྗོད་སོང་།

སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་གནད་དོན་གཉིས་པའི་ཐོག་བརྗོད་དོན། “ངས་གྲོས་ཚོགས་ནང་དུ་ཡིག་ཆ་ག་རེ་འཕུལ་བ་ཡིན་ན་ཚོགས་དྲུང་བརྒྱུད་དེ་ཚོགས་གཙོར་འབུལ་དགོས་པ་རེད་ཟེར་གྱིན་ཡོད་མ་གཏོགས། ཕྱི་ལོགས་ཀྱི་སྐད་ཆ་ཤོད་ཀྱི་ཡོད་པ་མ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཕྱི་ལོགས་ནས་ནམ་རྒྱུན་ཡིག་ཆ་དེ་རིགས་སྒེར་དྲུང་བརྒྱུད་ནས་སྤྲོད་དགོས་ཀྱི་ཡོད་ཀྱང་། གསང་བའི་ཡིག་ཆ་དེ་རིགས་སྒེར་དྲུང་མ་བརྒྱུད་པར་ཐད་ཀར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འབུལ་དགོས་ཀྱི་ཡོད་པ་རེད་གསུངས་སོང་། དེ་ངས་ཞུས་པ་དེའི་གསལ་བཤད་མ་རེད། ངས་བཀའ་འདྲི་ཞུ་རྒྱུ་དེ། ཚོགས་དྲུང་བརྒྱུད་ནས་ཚོགས་གཙོར་ཕུལ་རྒྱུ་དེ་གོམ་པ་གང་གི་བར་ནས་གསང་བ་ཇི་ལྟར་ཤོར་གྱི་རེད་དམ། ལྷག་པར་དུ་ངས་གསལ་བོ་ཞུས་མེད་མ་གཏོགས། ཚང་མས་གཟིགས་ཡོད་རྒྱུ་རེད། ཡིག་ཀོག་དེ་ཚོགས་གཙོའི་མདུན་ཅོག་སྟེང་བཞག་གནང་སོང་། དེ་དུས་ཚོགས་གཙོ་ཕེབས་ཡོད་པ་མ་རེད། ཚོགས་དྲུང་བརྒྱུད་ནས་ཚོགས་གཙོར་འབུལ་རྒྱུ་དང་། ཚོགས་གཙོ་མེད་བཞིན་དུ་ཅོག་ཙེ་སྟེང་ལ་བཞག་པ་གཉིས་ལས་ཉེན་ཁ་ཆེ་ཤོས་གང་ཆགས་ཀྱི་རེད་དམ། དོན་དག་ཡང་སྙིང་། གྲོས་ཚོགས་ནང་གི་ཡིག་ཆ་ག་རེ་ཡིན་ནའང་ཚོགས་དྲུང་བརྒྱུད་དེ་ཚོགས་གཙོར་འབུལ་དགོས་པ་རེད་ངས་དེ་ཞུས་པ་རེད། དེ་དུས་ང་ལ་གསལ་བཤད་རིང་པོ་ཞེ་དྲགས་གནང་བ་རེད། ཡིན་ནའང་ད་རེས་ཁྲིམས་ཞིབ་པའི་འོས་གཞི་དེ་ཚོགས་དྲུང་བརྒྱུད་དེ་དཔལ་ལྡན་ཚོགས་གཙོར་ཕུལ་ཡོད་པ་རེད། དེ་དུས་ཀྱི་གསལ་བཤད་དེ་འགྲིག་ཡོད་པ་དང་ང་ནོར་ཡོད་ན། ད་རེབ་ཀྱི་འདི་ག་འདྲ་བྱས་ཏེ་གནང་ཡག་ཆགས་པ་རེད།” ཅེས་བརྗོད་སོང་།

ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་གྲོས་ཚོགས་མཇུག་བསྡོམས་དང་བསྟུན་ཏེ། སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་དང་བསྟུན་ཏེ། སྐབས་བཅོ་ལྔ་པའི་བཀའ་བློན་འོས་མི་བསྐོས་བའི་སྐབས་ལ་བཀུར་འོས་སྤྱི་འཐུས་ནས་ལས་རིམ་རྣམ་བཞག་དང་འབྲེལ་ཏེ། བཀའ་འདྲི་ག་རེ་གནང་བ་རེད་ཟེར་ན། དཔྱ་ཁྲལ་ལག་དེབ་ཡོད་དང་མེད་དྲིས་བ་རེད། འོས་ཆོས་ནང་དུ་དཔྱ་ཁྲལ་ལག་དེབ་དགོས་པ་རེད། དེ་སྔ་བཀའ་བློན་ཁྲི་པས་བཀའ་བློན་བསྐོས་བའི་སྐབས་སུའང་དཔྱ་ཕྲལ་ལག་དེབ་ཡོད་པ་བྱེད་ཀྱི་ཡོད་པ་རེད། ད་རེབ་དཔྱ་ཁྲལ་ལག་དེབ་མི་འདུག དཔྱ་ཁྲལ་ལག་དེབ་དགོས་པ་རེད། ཅེས་གསུངས་པ་རེད། བཀའ་ཤག་སྐབས་བཅོ་ལྔ་པའི་འོས་མི་བཏོན་པ་དེ་བཀའ་ཤག་སྐབས་བཅུ་བཞི་པའི་འོས་མི་འདོན་སྟངས་གཞིར་བཞག་ཡོད། བཀའ་ཤག་སྐབས་བཅུ་བཞི་པའི་འོས་མི་འདོན་སྟངས་དེ་བཀའ་ཤག་སྐབས་བཅུ་གསུམ་པ་གཞིར་བཞག་པ་རེད། ཅེས་ཞུས་པ་ཡིན། དེའི་སྔོན་ལ་བཀའ་ཤག་སྐབས་བཅུ་གཉིས་པའང་ཕྱིན་པ་རེད། བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་སུ་དཔྱ་ཁྲལ་ལག་དེབ་ཕུལ་མེད། སྐབས་དེར་བཀུར་འོས་སྤྱི་འཐུས་གྲོས་ཚོགས་ནང་ཡོད་པ་རེད། བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་བློན་འོས་མི་འདོན་མཁན་སྲིད་སྐྱོང་དེ་ག་རང་ཡིན། དེ་དུས་སྐབས་ལ་དཔྱ་ཁྲལ་ལག་དེབ་ཕུལ་ཡོད་པ་མ་རེད། དེའི་ནང་ག་རེ་འཁོད་ཡོད་པ་རེད་ཟེར་ན། མཚན། འཁྲུངས་ལོ། འཁྲུངས་ཚེས་མ་རེད། འཁྲུངས་ལོ་རེད། ད་ལྟའི་བཞུགས་ཡུལ། ད་ལྟའི་ཕྱག་ལས། ལོ་རྒྱུས་སྙིང་བསྡུས་བཅས་འཁོད་ཡོད་པ་རེད། སྐབས་དེ་དུས་བཀུར་འོས་སྤྱི་འཐུས་ཡོད་པ་རེད། ལས་རིམ་རྣམ་བཞག་བཏོན་ཡོད་པ་མ་རེད། དཔྱ་ཁྲལ་ལག་དེབ་དགོས་པ་རེད་གསུངས་ཡོད་པ་མ་རེད།

བཀའ་བློན་རྣམ་པ་ཚང་མ་གཏན་འབེབས་བྱས་པ་རེད། ད་བཀའ་ཤག་སྐབས་བཅོ་ལྔ་པའི་འོས་མི་བཏོན་ཡོང་སྐབས། དཔྱ་ཁྲལ་ལག་དེབ་དགོས་པ་རེད། ག་རེ་གསུངས་ཡོད་པ་རེད་ཟེར་ན། དེ་སྔ་བཀའ་ཤག་གི་བཀའ་བློན་འོས་མི་ལ་དཔྱ་ཁྲལ་ལག་དེབ་ཟུར་ལ་འཁུར་ཡོང་གི་ཡོད་པ་རེད་གསུངས་པ་རེད། དེ་སྔ་མི་འདུག་ཞུས་པ་ཡིན། ཁ་སང་བཀུར་འོས་སྤྱི་འཐུས་ནས་སྐབས་བཅུ་གཉིས་པའི་ནང་འདུག་ཅེས་ཡིག་ཆ་དང་སྦྲགས་ཏེ་དཔྱ་ཁྲལ་ལག་དེབ་ཚང་མ་བསྟན་གནང་བ་རེད། དེ་ངས་ངོས་ལེན་ཞུ་བཞིན་ཡོད། ང་འདིར་ལངས་བསྡད་ཡོད་པ་རེད། ང་ལ་ཡིག་ཆུང་ཞིག་བསླེབས་པ་རེད། ཡིག་ཆ་གོ་སྒྲིག་བྱེད་མཁན་སྒེར་དྲུང་གིས་བྱེད་ཀྱི་ཡོད་པ་རེད། ཁོ་རང་གིས་བཀའ་ཤག་སྐབས་བཅུ་བཞི་ལ་མི་འདུག བཅུ་གསུམ་ལ་མི་འདུག བཅུ་གཉིས་ལ་མི་འདུག ཅེས་གསུངས་ཡོང་དུས་ངས་བཅུ་གཉིས་ལ་འདུག་ཞུས་པ་ཡིན། ངས་ངོས་ལེན་ཞུ་བཞིན་ཡོད་དཱ། བཀའ་ཤག་སྐབས་བཅུ་བཞི་པས་འཁུར་ཡོང་སྐབས། བཀའ་ཤག་སྐབས་བཅུ་གསུམ་པར་ལྟ་དགོས་པ་རེད། བཀའ་ཤག་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཡིས་བཀའ་བློན་བསྐོས་པའི་ནང་ལ། མཚན་དང་འཁྲུངས་ལོ། ད་ལྟའི་བཞུགས་ཡུལ། ད་ལྟའི་ཕྱག་ལས། ལོ་རྒྱུས་སྙིང་བསྡུས་སོགས་མ་གཏོགས་དཔྱ་ཁྲལ་ལག་དེབ་མི་འདུག བཀའ་ཤག་སྐབས་བཅུ་གསུམ་ལ་མི་འདུག བཀའ་ཤག་སྐབས་བཅུ་བཞི་ལ་མི་འདུག དེར་བརྟེན། བཀའ་ཤག་སྐབས་བཅོ་ལྔ་ལ་མེད་པ་བྱས་ཏེ་བསླེབས་པ་རེད། ལམ་ལུགས་ལག་བསྟར་བྱས་ཏེ་འགྲོ་བསྡད་ཡོད།

བཀའ་ཤག་སྐབས་བཅུ་གཉིས་པའི་ནང་དུ་འཁྲུངས་ཚེས་འདུག དེ་སྐབས་བཅུ་གསུམ་པས་འགྱུར་བ་བཏང་འདུག དེ་འགྱུར་བ་གཏོང་མཁན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་འགྱུར་བ་བཏང་འདུག དེའི་ནང་འཁྲུངས་ཚེས་ཡོད་མཁན་འདུག་ལ། མེད་མཁན་ཡང་འདུག བཀའ་ཤག་སྐབས་བཅུ་གསུམ་པའི་ནང་འཁྲུངས་ལོ་བྲིས་ཡོད་ན། དེ་གཞིར་བཟུང་བཀའ་ཤག་སྐབས་བཅུ་བཞི་པས་འཁྲུངས་ལོ་བྲིས་པ་རེད། བཀའ་ཤག་སྐབས་བཅོ་ལྔ་པའི་འཁྲུངས་ལོ་བྲིས་པ་རེད། དེར་བརྟེན། གྲོས་ཚོགས་ལ་དབུ་སྐོར་རྩ་བ་ནས་གཏོང་རྒྱུ་མ་བྱུང་།

ངས་ཞུ་རྒྱུ་གཅིག་བཀུར་འོས་སྤྱི་འཐུས་ཀྱིས་དཔྱ་ཁྲལ་ལག་དེབ་དགོས་པ་རེད། འཁྲུངས་ཚེས་དགོས་པ་རེད་གསུང་གི་ཡོད་ན། བཀའ་ཤག་སྐབས་བཅུ་གསུམ་པར་གསུང་དགོས་པ་རེད། བཀའ་ཤག་སྐབས་བཅུ་གསུམ་པའི་འོས་མིའི་ནང་དུ་འཁྲུངས་ལོ་ལས་མི་འདུག བཀའ་ཤག་སྐབས་བཅུ་བཞི་པས་བཏོན་པའི་སྐབས་ལ་དཔྱ་ཁྲལ་ལག་དེབ་དགོས་པ་རེད། འཁྲུངས་ཚེས་དགོས་པ་རེད་གསུང་དགོས་པ་རེད་དེ་གསུང་ཡོད་པ་མ་རེད། དྲང་བདེན་དང་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཕེབས་དགོས་པ་ཡིན་ན། སྐབས་བཅུ་གཉིས་བཅུ་གསུམ། བཅུ་བཞི་ཚང་མ་ལ་དྲང་བདེན་གནང་དགོས་པ་རེད་མ་གཏོགས། ད་ལྟའི་བཀའ་ཤག་མ་འགྲིག་པ་དང་། དེ་སྔའི་བཀའ་ཤག་འགྲིག་བསྡད་ཚུལ་གསུང་ན་འགྲིག་གི་མ་རེད། ཅེས་གསུངས་སོང་།

གཅིག་དེ་ག་རེ་གསུངས་ཡོད་པ་རེད་ཟེར་ན། འོས་བསྡུ་ལྷན་ཁང་གི་འོས་འཁུར་ཡོང་ན་རེད། སྲིད་སྐྱོང་གིས་ཚོགས་གསོའི་མདུན་ཅོག་སྟེང་ལ་ཡིག་ཀོག་འཇོག་གི་འདུག་གསུང་གི་ཡོད་པ་རེད། འོས་མི་སུ་ཞིག་བསྐོས་ཀྱང་དེ་ལ་ཚོགས་ཆུང་ཞིག་ཡོད་པ་རེད། ཚོགས་ཆུང་ནང་སུ་ཡོད་པ་རེད་ཟེར་ན། ཁྲིམས་དཔོན་ཆེ་བ་དང་། དུ་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་མི་བཞི་ལས་ཡི་ཚོགས་ཆུང་ཞིག་ཡོད་པ་རེད། ཚོགས་ཆུང་ལ་རྩ་འཛིན་ཡིག་ཆ་ཞིག་ཡོད་པ་རེད། ཡིག་ཆ་དེའི་ནང་། འོས་གཞི་འདེམས་སྒྲུག་ཚོགས་ཆུང་གི་ལས་དོན་གྲུབ་མཚམས་གསང་གནས་ཐོག འོས་གཞིའི་མཚན་གཞུང་ཡིག་ཀོག་ཆུང་བའི་ནང་དམ་སྦྱར་དང་། ཡིག་ཆ་ཁག་ཡིག་ཀོག་ཆེ་བའི་ནང་ཐིམ་སྒྲིལ་དང་དམ་སྦྱར་གྱིས་སོ་སོར་སྲིད་སྐྱོང་ལ་འབུལ་རྒྱུ། སྲིད་སྐྱོང་གིས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོར་འབུལ་རྒྱུ། ཞེས་འཁོད་ཡོད་པ་རེད། སྲིད་སྐྱོང་གིས་ཚོགས་དྲུང་བརྒྱུད་ཚོགས་གཙོར་འབུལ་རྒྱུ་ཞེས་འཁོད་ཡོད་པ་མ་རེད། རྩ་འཛིན་དེ་ ༢༠༡༣ ཟླ་ ༤ ཚེས་ ༢༤ ལ་གཏན་འབེབས་གནང་འདུག ཅེས་གསུངས་སོང་།

མཇུག་ཏུ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་སྲིད་སྐྱོང་གི་གསལ་བཤད་ལ་བསྐྱར་དུ་གསལ་བཤད་གནང་དོན། དོ་སྣང་གནང་མེད་ན་གྲོས་ཚོགས་ལ་དབུ་སྐོར་རེད། དོ་སྣང་གནང་ཡོད་ན་རང་ལོ་ ༣༥ ཧྲིལ་བོ་ལོན་དགོས་ཟེར་བ་དེ་མ་བྱུང་སྟབས། སྤྱི་ཟུར་དེས་དམ་འབུལ་ཕྱིར་འཐེན་བྱས། བཀའ་ཤག་གིས་མིང་འདོན་གནང་གྲུབ་པའི་རྗེས་ལ་ཕྱིར་འཐེན་བྱེད་དགོས་པའི་གནས་སྟངས་དེ་གང་ལ་ཐུག་ཡོད་པ་རེད། དེ་བཅའ་ཁྲིམས་དང་འགལ་བ་རེད་དམ་མ་རེད། ་བཅའ་ཁྲིམས་ནང་། རང་ལོ་ ༣༥ ཧྲིལ་བོ་ལོན་དགོས་ཞེས་ཐག་བཅད་བཞག་པ་དེ་འཚང་ཡོད་ཅེས་གྲོས་ཚོགས་ནང་ཐེངས་མ་ཁ་ཤས་ལ་གསུངས་སོང་། དེ་འགལ་བ་དང་མ་ཡིན་པ་དེ་སྤྱི་ཟུར་དེ་བཀའ་བློན་ནས་ཕྱིར་འཐེན་བྱེད་དགོས་བ་དེས་བསྒྲུབ་ཐུབ་པ་རེད། བཅའ་ཁྲིམས་དོན་ཚན་དེའི་ནང་གི་རང་ལོ་སུམ་ཅུ་སོ་ལྔ་ཧྲིལ་བོ་ལོན་དགོས་ཟེར་བ་དེ་དང་འགལ་བའི་ཐོག་ནས་ཕྱིར་འཐེན་བྱེད་དགོས་བྱུང་བ་དེས་ཐུགས་སྣང་གནང་མེད་པ་དེ་བསྒྲུབ་ཐུབ་པ་རེད། དེར་བརྟེན་དབུ་སྐོར་བཏང་འདུག་ཅེས་ཞུ་རྒྱུ་ཡིན། ཞེས་བརྗོད་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།

མཆན། 5

  1. རིག་འཛིན། says:
    ལོ་ 9 སྔོན།

    དུས་བབ་ཚང་གིས་གསར་འགྱུར་ཞིབ་ཚགས་བྲིས་པར་ཡིད་རང་སྔགས་བརྗོད་ཡོད། སྤྱི་ཚོགས་ནང་དཀྲོགས་གཏམ་དང་མགོ་རྔ་མི་ཚང་བའི་སྐད་ཆ་འདྲ་མིན་ཁྱབ་བཞིན་པའི་སྐབས་སུ་ལ་འདི་བཞིན་གནས་ཚུལ་ཆ་ཚང་བར་བཀོད་པ་ཧ་ཅང་ཡག་པོ་རེད། གནས་ཚུལ་མགོ་ནས་མཇུག་བར་ཆ་ཚང་བར་ལྟ་ཀློག་བྱས་པ་ཡིན་ན་གཞི་ནས་སུ་བདེན་སུ་རྫུན་གསལ་ཁ་བཅད་ཡོང་གི་རེད།

    Reply
  2. སོག་ཤོད་བུ། says:
    ལོ་ 9 སྔོན།

    སྲིད་སྐྱོང་གིས་གྲོས་ཚོགས་ལ་མགོ་སྐོར་བཏང་ན་ཉེས་པ་དང་ཆད་པ་ག་རེ་འབབ་པ་རེད། དེ་ཐག་གཅོད་གནང་རྒྱུ་ལས་ལྷག་མི་འདུག

    Reply
  3. སྐར་ཁྲི་བཙན། says:
    ལོ་ 9 སྔོན།

    སྲིད་སྐྱོང་མཆོག་གིས་སྐབས་བཅུ་གསུམ་དང་བཅུ་བཞི་བཅོ་ལྔ་ཡི་ལུགས་སྲོལ་གཞིར་བཞག་ལས་བཅའ་ཁྲིམས་ལ་ཐུགས་སྣང་བཞག་མེད་པ་དངོས་ཡོད་དུ་འདོད་ལ་དེ་ནོར་འཁྲུལ་ཡིན་པ་ཁས་ལེན་གཙང་མ་གནང་མེད་པ་ཡང་བདེན་པར་འདོད།་ ཡིན་འང་གྲོས་ཚོགས་ལ་དབུ་སྐོར་གནང་སོང་གསུངས་བའི་སྐད་ཆ་དེ་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། མི་སྐྱོན་བཤད་དགོས། ཤིང་སྐྱོན་གཞོག་དགོས་མོད། དབུ་སྐོར་བཏང་སོང་ཟེར་དེ་ཚོད་དཔག་ཙམ་ལས་སྤྱི་འཐུས་མཆོག་ལ་གཞན་སེམས་ཤེས་པའི་མཁྱེན་པ་མེད་པས། དེ་མིན་སྤྱི་འཐུས་རེ་ཟུང་ལ་གནས་ལུགས་ཀྱི་རྒྱབ་རྩ་མི་དགོས་པར་སྲིད་སྐྱོང་གང་ཟག་སྒེར་ལ་ཁ་གཏད་གཅོག་ཅི་ཐུབ་བྱེད་ཀྱིན་པའི་ཚོར་བ་ཞིག་སླེབས་ཡོང་གི་འདུག སྐད་ཆ་འདི་སུ་ལ་ཕོག་ན་དེ་ལ་བཤད་ནི་ཡིན། གལ་སྲིད་སུ་གང་ལ་མ་ཕོག་ན་ཡག་ཤོས་ཡིན། གང་ཡིན་ཟེར་ན་ང་རང་གི་འཁྲུལ་སྣང་ཁོ་ན་ཡིན་སྲིད་པས། མདོར་བསྡུ་ན། ཀུན་སློང་གཙང་མ་ཡི་གཞི་རྩ་གཙོ་བོར་བཟུང་ཞིང་གོང་འོག་ཕན་ཚུན་བར་ལ་ཐེར་འདོན་བྱེད་རེས་བྱ་ན་དེ་ཡར་རྒྱས་ཀྱི་རྨང་གཞི་ཞིག་གམ་མདུན་སྐྱོད་ཀྱི་ལམ་བུ་ཡང་དག་ཞིག་ལ་ངོས་འཛིན་བྱེད་ན་འདོད་པ་ལས། གཞི་མེད་སྐྱོན་འཛུག་དང་འཁྱོག་བཤད་ཀྱིས་ར་བ་གང་རུང་ཞིག་རྫོད་སྤྱད་དང་སྤྱི་ཚོགས་ཧྲིལ་བོའི་བཀག་ཆ་རུ་འདོད་ཀྱིན་དུ།

    Reply
  4. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 9 སྔོན།

    བཀུར་འོས་སྲིད་སྐྱོང་མཆོག་གི་བཀའ་ཤག་གསལ་བཤད་དེས་མི་མང་དགའ་སྤོབས་དང་ཡིད་ཆེས་བརྟན་པོ་ཞིག་ཆགས་སོང་བསམ་པའི་ཚོར་བ་ཞིག་བྱུང་།

    ༧གོང་ས་མཆོག་ལ་ཡིད་ཆེས་སྐོར་དེ་གསལ་བཤད་དངོས་མིན་ཡང་ཚ་བ་འབར་ཆེ་དྲགས་ནས་རེད། དེ་ནི་སྐབས་བབ་གསལ་བཤད་གནང་སའི་སྤྱི་འཐུས་སྒེར་གྱི་མི་གཤིས་དང་བསྟུན་ནས་བརྒོལ་བ་ཡིན་པས་རྒྱུ་མཚན་གནད་འཁེལ་རེད་སྙམ།

    མཐར་མཇུག་སྤྱི་འཐུས་ཚོགས་གཙོས་ཀྱང་སྒེར་གྱི་ཡིད་ཆེས་དང་འབྲེལ་བའི་གསལ་བཤད་གནང་བ་བཞིན་མི་མང་མང་པོའི་བློར་མི་འབབ་པ་བྱུང་རྒྱུ་ཡིན་པ་དངོས་བདེན་རེད། གང་ལྟར་ཁྲིམས་ལ་ཆེད་མཁས་པའི་འབུམ་རམས་པའི་ཁྱད་ཆོས་མངོན་གསལ་དུ་བསྟན་སོང་།

    དུས་བབ་གསར་འགོད་པས་གནས་ཚུལ་འདི་སྐོར་གྱི་གནས་ཚུལ་ཆ་ཚང་སྐོར་དཀའ་ལས་ཆེན་པོ་བསྐྱོན་པར་བསྔགས་བརྗོད་ཞུ།

    Reply
  5. བཀྲ་ཤིས་རྡོ་རྗེ། says:
    ལོ་ 9 སྔོན།

    སྤྱི་འཐུས་ཀྱིས་རྟ་བཤད་ཀྱིན་ཡོད་ན། སྲིད་སྐྱོང་གིས་སྒ་བཤད་ནས་འགྲོ་བཞིན་འདུག འདི་དངོས་གནས་མགོ་མ་ཚོས་པ་རེད་དམ། མགོ་ཚོས་ཀྱང་མ་འཚོས་ཁུལ་བྱས་ཏེ། མང་ཚོགས་ལ་མགོ་བསྐོར་ཏེ་ཆབ་སྲིད་པའི་འགྲོ་སྟངས་ཤིག་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese