ཨ་རིའི་རྒྱལ་ས་ཁུལ་གྱི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་དོན་རྒྱབ་སྐྱོར་བ་ཚོར་སྣེ་ལེན་ཞུས་སྐབས། རྒྱ་རིགས་ཤེས་ཡོན་ཅན་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཙམ་དུ་མ་ཟད་རྒྱ་མི་རིགས་དང་འཛམ་གླིང་ཡོང་ལ་བླང་དོར་ལམ་སྟོན་གནང་མཁན་གྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་ཚུལ་སོགས་བསྟོད་བསྔགས་ཞུས་ཡོད་འདུག
ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ལོ་གསར་པ་འཆར་ལ་ཉེ་བ་དང་བསྟུན་ཏེ། ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སའི་མངལ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག ཨ་རིའི་རེས་གཟའ་སྤེན་པའི་ཉིན་བྱང་ Virginia མཐོ་སློབ་ཀྱི་ཚོགས་ཁང་དུ། ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དང་མལ་རི་ལན་ཌ། ཝེ་ཅི་ནེ་ཡ་བཅས་སུ་བཞུགས་པའི་རྒྱ་རིགས་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་བ། རྒྱ་རིགས་གཞོན་སྐྱེས་བཅས་ལ་སྣེ་ལེན་གྱི་ལམ་ནས་རིག་གཞུང་འཁྲབ་སྟོན་ཞིག་གནང་ཡོད་འདུག
སྐུ་མགྲོན་གཙོ་བོ་དག་ནི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཁྲིམས་རྩོད་པ་གྲན་ཀོང་ཁྲན་དང་། ཞིང་གཤེགས་སྲིད་བློན་ཀྲའོ་ཙེ་ཡང་གི་སློབ་སྟོན་པ་ཡན་ཅ་ཆི། དམངས་གཙོ་དོན་གཉེར་བ་ཝེ་ཅིང་ཧྲིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Matteo Mecacci ལགས་དང་། འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། རྒྱ་རིགས་ལ་འབྲེལ་ལམ་གནང་མཁན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ལས་རིགས་འདྲ་མིན་གྱི་རྒྱ་བོད་སྐུ་མགྲོན་ ༥༠ ལྷག་ཙམ་དང་། ས་གནས་བོད་མི་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་རིག་གཞུང་འཁྲབ་སྟོན་ལ་ཕེབས་ཡོད།
སྐབས་དེར་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ནས་རྒྱ་རིགས་གྲོགས་པོ་རྣམས་ཀྱིས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱ་བོད་མི་རིགས་བར་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་གལ་ཆེའི་རང་བཞིན་དང་། སྐུ་ཚབ་དོན་གཅོད་ཀྱི་ལས་དོན་བྱེད་ཕྱོགས་ལས་འཕྲོས་ཏེ་བོད་དོན་དང་འབྲེལ་བའི་སྐོར་ཕྱོགས་ཡོངས་ནས་ངོ་སྤྲོད་སྙིང་བསྡུས་གནང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ཀྱིས་ཀྱང་འཚམས་འདྲིའི་གསུང་བཤད་གནང་ཡོད་འདུག
རིག་གཞུང་འཁྲབ་སྟོན་མ་གནང་གོང་ལ་གནད་ཡོད་རྒྱ་རིགས་ཁག་ཅིག་ནས་གསུང་བཤད་གནང་སྐབས། “༧གོང་ས་མཆོག་ནི་བོད་མིའི་དབུ་ཁྲིད་ཡིན་པ་ཙམ་མ་ཟད། རྒྱ་མི་རིགས་ལ་ལམ་སྟོན་གནང་མཁན་གྱི་དབུ་ཁྲིད་ཀྱང་ཡིན་པ་དང་། ༧གོང་ས་མཆོག་ཐུགས་ཕམ་བྱུང་ན་ང་ཡང་སེམས་པ་མ་སྐྱིད་ཅིང་། ༧གོང་ས་མཆོག་ཐུགས་དགྱེས་ན། ང་རང་ཡང་དགའ་པོ་འདུག ༧གོང་ས་མཆོག་བོད་དུ་ཞབས་སོར་འཁོད་ཐུབ་པ་ཡིན་ན། བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུ་མ་ཟད། རྒྱ་ནག་གི་གནད་དོན་ཡང་གང་འཚམས་ཐག་གཅོད་ཡོང་རྒྱུ་ཡིན། འཛམ་གླིང་འདིའི་ཐོག་འགྲོ་བ་མིའི་རིགས་ཀྱིས་ལྡོག་ཐབས་མེད་པའི་སྐྱེ་རྒ་ན་འཆིར་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་གནང་ཐུབ་མཁན་དབུ་ཁྲིད་གཅིག་རང་ལས་མེད་པ་ནི་༧གོང་ས་མཆོག་ཡིན། དེ་རིང་འདིར་རྒྱ་རིགས་མང་པོ་ཞིག་འདུག་པ་༧གོང་ས་མཆོག་གི་རྗེས་འབྲང་པ་ཡིན་སྲིད། ང་རང་ཡང་༧གོང་ས་མཆོག་གི་རྗེས་འབྲང་པ་ཡིན། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཁ་བྲལ་དང་རང་བཙན་རེད་ཟེར་བ་བདེན་པ་མིན་པ་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་གང་ཡིན་པ་རྣམས་ང་ཚོ་རྒྱ་རིགས་ཚོས་སོ་སོའི་ནང་མི་དང་། གྲོགས་པོ། དགའ་ཉེ་བློ་དཀར་རྣམས་ལ་འགྲེལ་བཤད་བྱེད་རྒྱུ་ཤིན་ཏུ་གལ་ཆེ། བོད་མི་རིགས་ལ་དམར་པོའི་དབང་སྒྱུར་གྱིས་རྐྱེན་པས་གོད་ཆགས་ཆེན་པོ་བྱུང་ཡོད་ཀྱང་། བོད་ཀྱི་ཆུ་བོད་ཀྱི་ས། བོད་ཀྱི་རི་དང་ཀླུང་། བོད་ཀྱི་ངོ་བོ་ནི་རི་བོ་ཧི་མ་ལ་ཡའི་སྟེང་དུ་མི་འཇིགས་པར་གནས་ཡོད། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག བོད་ཀྱི་གཞས་དང་བོད་ཀྱི་གླུ་ནི་རྒྱ་རིགས་ཀྱི་གཞས་དང་གླུ་ལས་ཕྱུག་པ་ཡོད། ༧གོང་ས་མཆོག་ནི་རྒྱལ་སྤྱིའི་ཐོག་སྤྱོད་བཟང་ལམ་སྟོན་གནང་མཁན་གྱི་དབུ་ཁྲིད་ཡིན། ༧གོང་ས་མཆོག་གི་མཛད་པ་ནི་སུས་ཀྱང་སྡུར་ཐབས་མེད་ཅིང་། ཁོང་གི་ནུས་པའི་ཆེ་ཆུང་ནི་ཚིག་གིས་ལམ་ནས་བརྗོད་ཐུབ་ཐབས་མི་འདུག ” ཅེས་སོགས་བརྗོད་ཡོད་འདུག
གནས་ཚུལ་ནང་འཁོད་དོན། “ཐེངས་འདིར་རིག་གཞུང་འཁྲབ་སྟོན་གནང་མཁན་ནེའུ་ཡོག་ནས་ཝ་ཞིན་ཊོན་ལ་ཆེད་དུ་ཕེབས་པའི་བོད་ཀྱི་ཟློས་གར་ཟུར་པའི་སྒྱུ་རྩལ་བ་མི་གྲངས་ ༡༧ ནས་བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་གཞས་སྣ་གཟིགས་འབུལ་ཞུས་པ་དང་། རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ལས་ཞོར་དུ་སྦྱངས་པའི་རིག་གཞུང་འཁྲབ་སྟོན་གནང་བ་བཅས་ལ་རྒྱ་རིགས་ཚོས་བསྔགས་བརྗོད་དང་ཡིད་སྨོན་ཆེན་པོ་གནང་བ་མ་ཟད། འདི་གའི་རྒྱ་རིགས་འབྲེལ་མཐུད་པར་མ་འོངས་པར་རྒྱ་རིགས་ཡོད་སའི་ས་གནས་གཞན་ལ་ཡང་འདི་ལྟ་བུའི་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་བོད་དོན་ངོ་སྤྲོད་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་འདུག་ཅེས་བཟོད་མེད་ཀྱི་བསམ་འཆར་ཞུ་མཁན་བྱུང་། རྒྱལ་སའི་མངའ་ཁུལ་དུ་སྣེ་ལེན་གྱི་ལམ་ནས་རིག་གཞུང་འཁྲབ་སྟོན་གནང་བ་ད་རེས་ཐེངས་དང་པོ་ཡིན་ཞིང་། ཐེངས་འདིའི་ལས་འགུལ་སྐོར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་ཡོད་པ་དང་། རྒྱ་རིགས་ཁག་ཅིག་གིས་སྐབས་དེའི་སེམས་ཚོར་སྐོར་རྩོམ་ཡིག་ཀྱང་སྤེལ་ཡོད་པ་རེད་འདུག” ཅེས་སོགས་འཁོད་འདུག