༧གོང་ས་མཆོག་གིས་ཐེངས་འདིར་དུས་འཁོར་དབང་ཆེན་ལ་ཕེབས་མ་ཐབ་པའི་བོད་ནང་གི་བོད་མི་ཚོ་དང་རྒྱ་ནག་གི་དད་ལྡན་ཚོས་སྨོན་ལམ་རྒྱོབ་དང་ངས་ཀྱང་ཁྱེད་ཅག་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན་པས་བླ་མ་ཡི་དམ་གྱི་བྱིན་རླབས་ལ་ཐག་ཉེ་རིང་ཡོད་པ་མ་རེད། ཅེས་གསུངས་འདུག
ཁ་སང་ཚེས་ ༢༥ ཉིན། ༧གོང་ས་མཆོག་གིས་རྒྱ་གར་རྒྱ་ས་ལྡི་ལིའི་ལི་ལ་གསོལ་མགྲོན་ཁང་དུ་ཨུ་རུ་སུའུ་ནང་པའི་ཡུལ་གྲུ་ཁག་ཅིག་གི་ཆོས་ཞུ་བ་ཚོར་སྤྱོད་འཇུག་ཆེན་གསུངས་པ་དང་བསྟུན་ཏེ། བོད་ནས་ཕེབས་མཁན་ཚོར་ཆེད་དུ་དམིགས་ཏེ་གསུངས་དོན་ “དུས་འཁོར་དབང་ཆེན་ལ་སྡོད་མ་ཐུབ་མཁན་ཁྱེད་རང་ཚོ་བློ་ཕམ་དགོས་མ་རེད། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་གྱི་སྟ་གོན་དང་། དཀྱིལ་འཁོར་ལ་ཞུགས་པའི་སྐོར། དངོས་གཞི་བཅས་ཉིན་གྲངས་གསུམ་རིང་འདི་ལྟར་བྱེད་ཀྱི་རེད། དེ་དུས་ཁྱེད་རང་ཚོ་བོད་ནས་ཚུར་སྨོན་ལམ་རྒྱོབ། ཤེས་སོང་ངམ། ཁྱེད་རང་ཚོ་དད་པ་ནི་གཡོ་བ་མེད་པར་བརྟེན། ངོས་ཀྱིས་འདི་ནས་ཁྱེད་རང་ཚོ་བོད་ནང་ཡོད་པའི་རྒྱ་ཆེ་མི་མང་དངོས་འབྲེལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་མཁན་དེ་དག་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན།
དེ་བཞིན། རྒྱ་ནག་ནང་རྒྱ་རིགས་ནང་པ་ཧ་ཅང་ཕོན་ཆེན་པོ་ཡོད་པ་དེ་ཚོའི་ནང་ནས་དབང་ཞུ་འདོད་ཡོད་པ་དེ་འདྲ་ཏན་ཏན་ཡོང་གི་རེད། དེ་དག་ཚང་མ་ངོས་ཀྱིས་དམིགས་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན། བླ་མ་ཡི་དམ་གྱི་བྱིན་རླབས་ནི་ཐག་ཉེ་རིང་གི་སྐད་ཆ་ཡོད་པ་མ་རེད། དེའི་ཁུངས་ནི། བཅོམ་ལྡན་འདས་ཀྱིས་སྔོན་ཆོག་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཟེར་རྒྱུ་ཞིག་ཡོད། བསྙེན་པར་རྫོགས་མཁན་གྱི་དགེ་འདུན་པ་དེར་བཞུགས། བསྒྲུབ་བྱ་དེ་དགག་བྱ་བྱས་ནས་ཚུར་ཡོང་མ་ཐུབ་པར་ས་ཆ་གཞན་ཞིག་ཏུ་བསྡད། དེའི་བར་དུ་འཕྲིན་བསྐུར་ནས་བསྙན་པར་རྫོགས་རྒྱུ་བྱུང་འདུག དེང་སྐབས་ང་ཚོ་ས་ཐག་རིང་ནའང་འཕྲིན་སོགས་ཀྱི་ཐོག་ནས་ཁྱེད་རང་ཚོས་སྨོན་ལམ་བརྒྱབ་ན་དབང་ཐོབ་ཀྱི་རེད། དེ་ལྟར་བྱོས་ཨང་། མཁྱེན་སོང་ངམ། ཁྱེད་རང་ཚོ་བློ་ཧ་ཅང་ཕམ་ནས་སེམས་མ་སྐྱིད་པ་བྱེད་མི་དགོས།” ཞེས་གསུངས་འདུག
རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་ ༡༠ པ་ནས་བཟུང་བོད་མི་ཚོའི་ཕྱི་སྐྱོད་ལག་ཁྱེར་ཐོག་དམ་དྲག་བྱས་ཡོད་པ་དང་། ཕྱི་ཟླ་ ༡༡ པའི་ཚེས་ཤར་ནས་ས་གནས་ཁག་ལ་ཕྱི་སྐྱོད་ལག་ཁྱེར་སྲིད་གཞུང་ལ་རྩིས་སྤྲོད་བྱ་དགོས་པ་དང་། གལ་སྲིད་དུས་བཀག་ནང་ཚུན་ལ་མ་སྤྲད་ཚེ་ལག་ཁྱེར་བེད་མེདབཟོ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་ཡོད། ཕྱི་ཟླ་ ༡༢ པའི་ནང་བསྐྱར་དུ་བཀའ་བརྒྱ་བཏང་སྟེ་ཕྱི་རྒྱལ་དུ་ཕྱིན་ཟིན་པ་རྣམས་ཚེས་ ༢༠ ནང་ཚུན་ལ་མ་ལོག་ཚེ་དོ་དག་ལ་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་མ་ཟད། ཁྱིམ་ཚང་དེར་ཕྲུ་གུ་སློབ་གྲྭར་འགྲོ་མཁན་ཡོད་ན་སློབ་མའི་ལག་འཁྱེར་གཞུང་བཞེས་གཏོང་རྒྱུ་དང་གཞུང་གི་ལས་ཀ་བྱེད་མཁན་ཡོད་ན་ལས་གནས་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད།
གཟའ་སྤེན་པའི་ཉིན་ཨེ་ཤ་ཡ་རྒྱལ་སྤྱིའི་གསར་ཁང་ (ANI) གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་གནམ་ཐང་ཁག་ཏུ་བོད་པ་ཚོ་ཕྱི་ཕྱོགས་སུ་སྐྱོད་པར་བཀག་སྡོམ་བྱས་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འཆར་ལོའི་ཕྱི་ཟླ་ ༡ ཚེས་ ༡༠ བར་བོད་མི་ཚོ་རྒྱ་ནག་ནས་བ་ཡུལ་ནང་འགྲུལ་སྐྱོད་བྱས་མི་ཆོག་པ་དང་། འགྲིམ་འགྲུལ་ལས་ཁུངས་དང་གནམ་ཐང་ཁག་གིས་འགྲིམ་འགྲུལ་འཛིན་བྱང་དང་འགྲུལ་སྐྱོད་འཆར་གཞི་ཚང་མ་ཕྱིར་འཐེན་བྱེད་དགོས་ལུགས་བཤད་ཡོད་པ་དང་། དེའི་དམིགས་འབེན་གཙོ་བོ་ནི་རྒྱ་གར་རྡོ་རྗེ་གདན་དུ་འཚོགས་ལ་ཉེ་བའི་༧གོང་ས་ཏཱ་ལའི་བླ་མའི་དུས་འཁོར་དབང་ཆེན་གསུང་གི་ཡོད་པ་དེར་ཆོས་ཞུ་བར་འགྲོ་མཁན་བོད་མི་ཚོ་འགོག་སྡོམ་བྱེད་ཆེད་ཡིན་སྐོར་བཀོད་འདུག
གནས་ཚུལ་འདིའི་ནང་། སི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་སོགས་ནང་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས། བོད་མི་ཚོ་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་སོགས་ནང་གནས་མཇལ་དང་ཡུལ་སྐོར་སྤྲོ་འཆམ་སོགས་སུ་སོང་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་དང་། ལྷག་པར་དུ་རྒྱ་གར་རྡོ་རྗེ་ལྡན་དུ་འཚོགས་ལ་ཉེ་བའི་དུས་འཁོར་དབང་ཆེན་ཞུ་འདོད་ཡོད་མཁན་ཚོའི་ཐོག་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་སྐོར་སོགས་འཁོད་འདུག
འཛམ་གླིང་ཞི་བདེའི་དེད་དཔོན་དང་། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧རྒྱལ་མཆོག་ཕྱག་ན་པདྨ་གཙོས་རིས་མེད་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་བླ་སྤྲུལ་མཁན་པོ་སོགས་དགེ་བཙུན་སྔགས་གསུམ་གྱི་སྡེ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད། གཞན་ཡང་དུས་རྟག་ཏུ་དགེ་བའི་ལས་ལ་བརྩོན་པའི་ཚོགས་སྐྱིད་ཁག་གི་རྒྱུན་ལས་དང་ཚོགས་མི་རྣམ་པ་དང་། གཞིས་བྱེས་གཉིས་སུ་གནས་པའི་དད་དམ་འགྱུར་མེད་ཆོལ་གསུམ་བོད་རིགས་སྤུན་ཟླ་ལྷན་རྒྱས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ་ཕྱི་ལོ་༢༠༡༧ནང་། །ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས། །ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན། །ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ། །ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག །ཅེས་པ་འདི་ཡང་གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ་ལས་བཏུས་ཏེ་བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་ལོའི་སྨིན་དྲུག་ཟླ་བའི་ཚེས་༣༠དང་ཕྱི་ལོ་༢༠༡༦ཟླ་༡༢ཚེས༢༨དེ་ལྷག་དཀར་ཉིན་ལྷོ་བྲག་བ་སྨན་པ་བསྟན་འཛིན་གྲགས་པས་སྒོ་གསུམ་གུས་པ་ཆེན་པོ་དང་བཅས་དར་དཀར་པོ་དུས་གསུམ་བདེ་ལེགས་ཀྱིས་བརྒྱན་ཏེ་ཕུལ། སརྦ་མངྒ་ལཾ།