ཕྱི་ལོ་ ༡༩༥༩ ནས་ ༡༩༨༩ བར་གྱི་དཀའ་སྡུག་ཆེ་བའི་བཙན་བྱོལ་བོད་མིའི་ལོ་རྒྱུས་སྐོར་གྱི་(བཙན་བྱོལ)ཞེས་པའི་པར་དེབ་ཅིག་དབུ་འབྱེད་གནང་སྟེ་འདས་པའི་ལོ་རྒྱུས་པར་རིས་ཀྱི་ལམ་ནས་ངོ་སྤྲོད་གནང་འདུག
ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་སྔ་དྲོར། དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་པར་རིགས་ཡིག་ཚགས་ཁང་ (Tibet Documentation)གིས་ཕྱི་ལོ་༡༩༥༩ ནས་༡༩༨༩ བར་གྱི་བཙན་བྱོལ་བོད་མིའི་འདྲ་པར་ཕྱོགས་སྒྲིག་གནང་བའི་(བཙན་བྱོལ)ཞེས་པའི་པར་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་བསྟན་འཛིན་དགེ་བྱེད་མཆོག་དང་། བོད་ཁྱིམ་ཐོག་མ་འཛུགས་སྐབས་ནས་དེར་ཕྱག་ལས་གནང་མཁན་རྒན་བསྟན་འཛིན་ལགས། མཁས་དབང་བཀྲ་ཤིས་ཚེ་རིང་ལགས་བཅས་ཀྱི་དབུས་པའི་པར་དེབ་ནང་གི་འདྲ་པར་ཁག་མཁོ་སྤྲོད་གནང་མཁན་དང་འབྲེལ་ཡོད། དེ་བཞིན་དོ་སྣང་ཅན་གྱི་མི་མང་བཅས་འཛོམས་ཡོད་འདུག
བཙན་བྱོལ་ཞེས་པའི་པར་དེབ་ཀྱི་རྩོམ་སྒྲིག་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས་པར་དེབ་འགྲེམས་སྤེལ་གྱི་དགོས་དམིགས་སྐོར་འགྲེལ་བརྗོད་གནང་སྐབས། བོད་ཀྱི་པར་རིགས་ཡིག་ཚགས་ཁང་གི་ངོས་ནས་འདས་པའི་ལོ་ཤས་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་བཅས་ནས་ལོ་རྒྱུས་འདྲ་པར་བསྡུ་རུབ་བྱས་ཡོད་པ་དང་། འདྲ་པར་གྱི་ལམ་ནས་ཕྱི་ལོ་ ༡༩༥༩ ནས་ ༡༩༨༩ བར་གྱི་དཀའ་སྡུག་ཆེ་བའི་ལོ་ངོ་ ༣༠ རིང་གི་བཙན་བྱོལ་བོད་མིའི་ལོ་རྒྱུས་རྣམས་ཕྱི་རབས་པ་རྣམས་ཀྱིས་ཤེས་རྟོགས་ཡོང་སླད་དང་། ཕྱི་ལོ་ ༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་རྗེས་བོད་ཟེར་བ་འདི་འཛམ་གླིང་ཡོངས་སུ་གྲགས་པ་མ་ཟད། ཀུན་གྱིས་དོ་སྣང་ཆེ་རུ་ཕྱིན་ཡོད་ལ། དཀའ་སྡུག་ཆེ་བའི་དུས་སྐབས་དེར་༧གོང་ས་མཆོག་དང་བོད་མི་རྒན་རབས་རྣམ་པས་དཀའ་ལས་ག་ཚོད་བརྒྱབ་ཡོད་མེད་ཤེས་རྟོགས་ཐུབ་པའི་ཆེད་དུ་ཡིན་སྐོར་བརྗོད་ཡོད་པ་རེད།
བཀའ་ཟུར་བསྟན་འཛིན་དགེ་བྱེད་མཆོག་གིས་ལོ་རྒྱུས་ཀྱི་པར་དེབ་དབུ་འབྱེད་ཐོག་བཅར་རྒྱུ་བྱུང་བར་དགའ་སྤྲོ་དང་སྤོབས་པ་སྐྱེས་སྐོར་ཁོང་གིས། ང་རང་གི་བསམ་ཚུལ་ལ་ཕྱག་དེབ་འདི་དངོས་གནས་དྲང་གནས་ཕྱི་ནས་ལྟ་དུས་སྙིང་རྗེ་མོ་དང་། རྒྱབ་ཤ་དེ་ཡག་པོ་ཞེ་དྲགས་བྱུང་འདུག སྤྱིར་བཏང་གི་ཕྱི་རྒྱལ་གྱི་དེབ་བཟོ་སྟངས་ཀྱི་ཆ་ནས་བལྟས་པ་ཡིན་ནའང་གནས་ཚད་དེ་ཡག་པོ་འདྲ་པོ་བྱུང་འདུག ནང་གི་དོན་དག་ནི་དངོས་གནས་དྲང་གནས་བོད་ཀྱི་ལོ་རྒྱུས་ནང་དུ་གལ་ཆེན་པོ་ཞེ་དྲགས་ཆགས་ཡོད་པའི་དོན་དག་མང་པོ་བཞག་འདུག་པས། དེ་རིང་འདིར་བཅར་ཐུབ་པ་བྱུང་བ་དེར་དགའ་བོ་བྱུང་ལ། སེམས་ལ་སྤོབས་པ་འདྲ་པོ་སྐྱེས་ཀྱི་འདུག ཅེས་གསུངས།
ཡང་ཁོང་གིས། ཕྱི་ལོ་ ༡༩༥༩ ལོར་བོད་ནས་བཙན་བྱོལ་དུ་ཡོང་སྐབས་ཛ་དྲག་གི་གནས་སྟངས་ག་འདྲ་ཆགས་ཡོད་མེད་སྐོར་ག་ཚོད་ཀྱིས་ལོ་རྒྱུས་ནང་བྲིས་པ་ཡིན་ནའང་། པར་གྱི་ནང་གསལ་པ་ལྟ་བུའི་བསམ་བློའི་ནང་ཚོར་བ་སླེབ་རྒྱུ་ཏོག་ཙམ་ཁག་པོ་རེད་བསམ་གྱི་ཡོད་པ་དང་། དེ་བཞིན་ཐོག་མར་རྒྱ་གར་ནང་བོད་མི་བཙན་བྱོལ་དུ་འབྱོར་ཏེ་ལམ་བཟོར་རྒྱུག་པ་དང་གཞིས་ཆགས་ཐོག་མ་བཙུགས་པ། དེ་བཞིན་སྦག་ས་ལ་དགེ་འདུན་པ་ཚོར་སློབ་གཉེར་གནང་ས་བཙུགས་པ་དེ་ཚོ་རྩོམ་འབྲི་བར་ག་ཚོད་མཁས་པོ་ཡོད་པ་ཡིན་ནའང་། ཨོ་ཙི་དེ་དུས་དེ་འདྲ་ཞིག་འདུག་བསམ་པ་ཞིག་ཁག་པོ་རེད་བསམ་གྱི་འདུག་པས། དེབ་འདི་གནད་འགག་ཅིག་ཆགས་ཡོད་པ་དང་། གནད་འགག་ཆེ་ཤོས་ཤིག་ལ་དེབ་འདིའི་ནང་ཕྱི་ལོ་ ༡༩༥༩ ནས་ ༡༩༨༩ བར་༧གོང་ས་མཆོག་གི་གཙོས་པའི་བོད་གཞུང་གི་ཕྱག་ལས་གནང་མཁན་ཚོ་དང་། བོད་རིགས་མི་མང་གི་ངོས་ནས་དཀའ་ལས་དངོས་གནས་བརྒྱབ་སྟེ་གཞི་གདན་འདྲ་པོ་ཡག་པོ་ཞེ་དྲགས་ཤིག་བཟོས་ཡོད་པ་དེ་ངོ་སྤྲོད་གསལ་པོ་ཞིག་ཡོང་གི་འདུག ཅེས་སོགས་གསུངས་ཡོད་པ་རེད།
རྒན་བསྟན་འཛིན་ལགས་ཀྱིས་བོད་ཁྱིམ་གནས་སྟངས་ག་འདྲ་ཞིག་གི་འོག་བཙུགས་པའི་བརྒྱུད་རིམ་ངོ་སྤྲོད་གནང་སྐབས། ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡ ཉིན་༧གོང་ས་མཆོག་དྷ་རམ་ས་ལར་ཞབས་སོར་བཀོད་དེ། བདུན་ཕྲག་གཅིག་ཕྱིན་མ་ཕྱིན་ཙམ་ལ་ལ་དྭངས་སུ་ལམ་བཟོར་རྒྱུག་མཁན་བོད་མི་བརྒྱ་ཉིས་བརྒྱ་ཙམ་ཇམ་མུ་ནང་བསླེབས་པ་དང་། ཚ་བ་ཆེ་དྲག་ནས་རྒན་འཁོགས་དང་བྱིས་པ་སོགས་མི་མང་པོ་ཚ་བས་ཤི་བ་དང་ནད་པ་ཆགས་སྐབས། ༧གོང་ས་མཆོག་ལ་སྐུ་བཅར་ཞུ་མཁན་ཞིག་གིས་ལམ་བཟོ་བ་མི་མང་དེ་ཚོའི་གནས་སྟངས་སྙན་གསེང་ཞུ་སྐབས། ༧གོང་ས་མཆོག་ནས་ལམ་སང་སྐུ་ངོ་ཐུབ་བསྟན་ཉིན་བྱེད་ལགས་ཇམ་མུ་(Jammu)བཏང་སྟེ་ནད་པ་ཚོ་སྨན་པར་སྟོན་ཐབས་དང་། གང་མགྱོགས་མགྱོགས་ཀྱིས་མི་མང་རྣམས་བསིལ་ས་ལ་དྭགས་ཏུ་གཏོང་ཤོག མི་མང་སློབ་གསོ་རྒྱོབས། བྱིས་པ་ཚོ་ཚུར་དྷ་རམ་ས་ལར་འཁྲིད་ཤོག ང་ཚོར་གྲ་སྒྲིག་ཅི་གང་མེད་ཀྱང་སློབ་གྲྭ་བཙུགས་ན་ཡག་གི་རེད་མ་གཏོགས་ཁོང་ཚོ་འཕྲོ་བརླག་ཏུ་ཕྱིན་ན་ཕངས་པོ་ཞེ་དྲགས་རེད་ཅེས་བཀའ་མངགས་གནང་བ་ལྟར། ཐུབ་བསྟན་ཉིན་བྱེད་ལགས་ཇམ་མུར་ཕེབས་ཏེ་བྱིས་པ་ ༥༡ དང་ཨ་མ་གཉིས་བཅས་འཁྲིད་དེ་དྷ་སར་བསླེབས་པ་དང་། (Mortimer house)ནས་ཁང་པ་གཉིས་གཏོང་བ་བཟོས་བ་དང་། བོད་པར་སྐྱོབ་གསོ་སྤྲོད་མཁན་གྱི་ལས་ཁུངས་ནས་རྩ་གདན་ ༢༡ བླངས་ཏེ། ཁོང་གིས་རྩ་གདན་དེ་དག་་མེག་གྷན་དུ་རྒྱབ་ལ་འཁུར་ནས་ཡོང་བ་དང་། དེ་ནི་ཁོང་གིས་བོད་ཕྲུག་ཁྱིམ་སྡེ་ལ་ལས་ཀ་བྱས་པ་དང་པོ་དེ་ཡིན་ལ། ཉིན་དེའི་ཕྱི་དྲོར་སྐུ་ངོ་ཐུབ་བསྟན་ཉིན་བྱེད་ལགས་ཀྱིས་ཁོང་ལ་ཧིན་སྒོར་ ༣༠ གནང་སྟེ་བྱིས་པ་ཚོར་ཟ་མ་གྲ་སྒྲིག་དགོས་སྐོར་མངགས་པ་ལྟར། ཁོང་གིས་(Ration)ནས་ཟ་མ་ཉོས་ཏེ་ཉིན་གྲངས་གསུམ་རིང་སྒོར་ ༣༠ ཡིས་བྱིས་པ་ཚོར་ཟ་མ་སྤྲད་པར་བརྟེན། བོད་ཁྱིམ་ཐོག་མར་མགོ་བཙུགས་དུས་སྒོར་མོ་ ༣༠ ནས་མགོ་བཙུགས་པ་ལྟ་བུ་ཡིན་སྐོར་བརྗོད་ཡོད་པ་རེད།
མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དཀའ་སྡུག་ཆེ་བའི་དུས་སྐབས་དེར་༧གོང་ས་མཆོག་གིས་བོད་མི་མང་བློས་བཏང་མ་གནང་བར་སྐུ་ལས་བསྐྱོན་ཡོད་སྐོར་ཁོང་གིས། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་དུས་ཚོད་གསར་པ་དང་དེང་རབས་ཅན་ཡིན་སྟབས། གྲྭ་ཆས་ནབ་དགོས་པ་མ་རེད། དེ་ལས་(Oxford Universality)དང་(Cambridge University)། (Howard University)སོགས་གཙུག་ལག་སློབ་ཆེན་དུ་ཕེབས་དགོས་པ་དང་། ཡོངས་འཛིན་རྣམ་པ་གཉིས་ཀྱང་མཉམ་དུ་བཞུགས་དགོས་པ་མ་རེད། སོ་སོའི་དགོན་པར་ཕེབས་ན་ཡག་པོ་ཡོད་པ་རེད་ཅེས་ཞུ་མཁན་བྱུང་ཡོད་པ་རེད། དངོས་གནས་བྱས་ན་ཕྱི་ལོ་ ༡༩༥༨ ནས་བོད་ནས་ཚུར་བསྣམས་ཕེབས་པའི་གསེར་དངུལ་མང་པོ་ཞིག་འབྲས་ལྗོངས་སུ་ཡོད་སྟབས། ༧གོང་ས་མཆོག་གིས་དེ་ཚོ་བེད་སྤྱོད་གནང་སྟེ་གཙུག་ལག་སློབ་ཆེན་དེ་ཚོར་ཕེབས་ནས་སྤྲོ་བོ་གནང་བསྡད་ནའང་འགྲིག་གི་ཡོད་ཀྱང་། དེ་འདྲ་གནང་ཡོད་པ་མ་རེད། བོད་མི་མང་ཁོང་གིས་བློས་གཏོང་གནང་ཡོད་པ་མ་རེད། ཕོ་མོ་འདྲ་མཉམ་གྱི་སློབ་སྦྱོང་སྤྲད་པ་དང་སྔོན་ཆད་བུ་མོ་ཚོར་སྨན་སྦྱོང་བའི་གོ་སྐབས་མེད་ཀྱང་ཕོ་མོ་འདྲ་མཉམ་གྱི་ཐོག་ནས་སྨན་སྦྱོང་བ་དང་། དེ་བཞིན་རིགས་དང་རུས། གོ་ས་མཐོ་དམན་དང་རྒྱུ་ཆེ་ཆུང་། ཆོལ་ཁ་དང་ཕོ་མོའི་སྐད་ཆ་མེད་པར་གཅིག་གྱུར་གྱི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་ཡོད་པ་རེད། ༧རྒྱལ་བ་ཡིད་བཞིན་ནོར་བུ་ཁོང་གཅིག་པུའི་ཐུགས་རྗེ་སྨོན་ལམ་དང་གཟི་བརྗིད་ཀྱི་ཐོག་ནས་དུས་ཚོད་དཀའ་ལས་ཁག་པོ་ཞིག་གི་སྒང་ནས་ཚང་མས་དཀའ་ལས་བརྒྱབ་ཡོད་པ་རེད། ཅེས་དང་། པར་དེབ་འདིའི་ནང་བཙན་བྱོལ་གྱི་ལོ་ངོ་སུམ་ཅུའི་ལོ་རྒྱུས་པར་གྱི་ཐོག་ནས་བཀོད་ཡོད་པ་དང་། པར་གཅིག་གིས་ཚིག་སྟོང་ཕྲག་གཅིག་རེ་མཚོན་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།
པར་དེབ་འདིའི་ནང་ཕྱི་ལོ་ ༡༩༥༩ ནས་ ༡༩༨༩ བར་གྱི་ལོ་ངོ་ ༣༠ རིང་གི་པར་རིགས་རྣམས་དབྱེ་བ་ལྔ་རུ་ཕྱེས་ཏེ། གོང་ས་མཆོག་གི་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་ག་འདྲ་ཕེབས་པའི་སྐོར་དང་། བཙན་བྱོལ་ནང་དམངས་གཙོའི་ལམ་ལུགས་དབུ་འཛུགས་དང་བོད་པའི་སློབ་གྲྭ་ཁག་གསར་འཛུགས་གནང་སྟངས། བཙན་བྱོལ་བོད་མིས་རྒྱ་གར་གྱི་ས་གནས་མང་པོར་ལམ་ཀ་བཟོས་པ། དེ་བཞིན་གཞིས་ཆགས་ཁག་གསར་འཛུགས་གནང་སྟངས་དང་། དགོན་སྡེ་ཁག་ཐོག་མར་ཕྱག་བཏབ་པའི་སྐོར་བཅས་བཀོད་ཡོད་པ་དང་། བོད་ཀྱི་པར་རིགས་ཡིག་ཚགས་བསྡུ་རུབ་ཀྱི་ལས་གཞི་འདི་ནི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གི་ལམ་སྟོན་འོག བཙན་བྱོལ་བོད་མིའི་ལོ་རྒྱུས་ཉར་ཚགས་ཆེད་ལོ་ཤས་གོང་ནས་བཟུང་ལས་གཞི་མགོ་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་ཁྱོན་ལོ་རྒྱུས་པར་རིས་ཁྲི་ ༥ ཡས་མས་བསྡུ་རུབ་གནང་ཡོད་ཅིང་། ཐེངས་འདིའི་ཤོག་གྲངས་ ༡༥༠ ཡོད་པའི་པར་དེབ་འདིའི་ནང་པར་རིགས་ ༣༠༠ མ་ཟིན་ཙམ་བཀོད་ཡོད་ལ། བཙན་བྱོལ་ཞེས་པའི་པར་དེབ་དང་འབྲེལ་བའི་(tibetansinexile.org)ཞེས་པའི་དྲ་རྒྱ་ཞིག་ཀྱང་བཟོས་འདུག
གསར་འགོད་པ། པདྨ་མཚོ།