ཨ་རིའི་ཕྱི་འབྲེལ་མི་སྣ་ཟུར་བ་མཱ་ལཱོ་རེ་ཟེར་བ་ཞིག་གིས་ཨ་རིའི་གསང་བའི་ཡིག་ཆ་མང་པོ་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་སྤྲད་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཏེ་ད་ཆར་ཞིབ་བཤེར་བྱེད་བཞིན་ཡོད་འདུག
བྷི་བྷི་སི་གསར་ཁང་གིས་ ༢༠༡༧།༦།༢༣ ཉིན་སྤེལ།
ཨ་རིའི་ཕྱི་འབྲེལ་མི་སྣ་ཟུར་བ་མཱ་ལཱོ་རེ་ (Kevin Mallory) ཟེར་བ་ཞིག་གིས་ཨ་རིའི་གསང་བའི་ཡིག་ཆ་མང་པོ་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་སྤྲད་ཡོད་པ་དང་། ཟླ་འདིའི་ཚེས་ ༢༢ ཉིན་གསང་མྱུལ་བ་དེ་ཨ་རིའི་གྲོང་ཁྱེར་ཆཱེ་ཁཱ་གྷོ་ (Chicago) གནམ་ཐང་ནས་འཛིན་བཟུང་བྱས་སྐབས། མི་དེའི་རྒྱབ་ཁུག་ནང་ཨ་སྒོར་ ༡༦༥༠༠ དང་ཡིག་ཆ་ཁག་ཅིག་བཅས་ཡོད་པ་ལག་སོན་བྱུང་ཡོད་པ་དང་། དེ་ནི་གསང་མྱུལ་བ་དེས་ཨ་རིའི་གསང་བའི་ཡིག་ཆ་མང་པོ་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་སྤྲད་པའི་གླ་ཆ་བླངས་པ་ཡིན་པར་ཨ་རིའི་གཞུང་གིས་ངོས་འཛིན་བྱས་ཡོད་པ་དང་། མི་དེ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་དཔང་རྟགས་ནི། མི་དེའི་རྒྱབ་ཁུག་ནང་ལག་སོན་བྱུང་བའི་ཡིག་ཆ་ཁག་ལས་ར་སྤྲོད་བྱུང་ཡོད་འདུག
ཨ་རིའི་ཕྱི་འབྲེལ་མི་སྣ་ཟུར་བ་མཱ་ལཱོ་རེ་ཟེར་བ་དེ་ནི་ད་ལྟ་རང་ལོ་ ༦༠ ཡིན་ཞིང་། ཁོའི་སྐྱེས་ཡུལ་ཆཱ་ཁཱ་གྷོ་གྲོང་ཁྱེར་ནས་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༣ ནས་ ༤ བར་ཁོ་རང་རྒྱ་ནག་གྲོང་ཁྱེར་ཧྲང་ཧེ་ནང་འགྲུལ་སྐྱོད་བྱས་ཡོད་པ་དང་། ཁོ་རང་གིས་ཡིག་རྒྱ་སྐད་ཡག་པོ་ཤེས་ཀྱི་ཡོད་ཅིང་།༢༠༡༢ ལོར་མི་དེས་ཨ་རིའི་དབུས་གསང་བའི་ལས་ཁུངས་ནས་རྩ་དགོངས་ཞུས་ཏེ་སྒེར་གཉེར་སྨན་ཁང་ཞིག་གི་ནང་ལས་ཀ་བྱེད་ཀྱིན་ཡོད་འདུག
མི་དེས་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་མང་པོ་རྒྱ་ནག་ལ་སྤྲད་ཡོད་སྟབས། ཨ་རིའི་གསང་མྱུལ་ཉེས་ཁྲིམས་ལྟར་ན། ཁོ་ལ་ཚེ་བཙོན་གྱི་ཉེས་ཆད་གཅོད་དགོས་ཀྱི་ཡོད་འདུག ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས། སྐུ་ཞབས་མཱ་ལཱོ་རེ་ལགས་ཀྱིས་དེ་སྔོན་གསང་བའི་ལས་ཁུངས་སུ་ལས་ཀ་བྱེད་སྐབས། ཨ་རིའི་གཞུང་གིས་ཁོ་ལ་ཡིད་ཆེས་བྱས་ཡོད་སྐོར་བརྗོད་འདུག
མིང་བརྗོད་འདོད་མེད་པའི་ཨ་རིའི་གཞུང་གི་དཔོན་རིགས་གཉིས་ཀྱིས། འདི་ལོའི་ཕྱི་ཟླ་ ༥ ནང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བཅར་འདྲིའི་སྐབས། སྐུ་ཞབས་མཱ་ལཱོ་རེ་ཡིས་ཁོ་རང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་སོང་སྐབས། ཁོ་རང་རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་ཆེད་མཁས་པ་ཞིག་ལ་ཐུག་འཕྲད་བྱས་པ་དང་། སྐབས་དེར་རྒྱ་མི་དེས་ཁོང་ལ་ཧྲང་ཧེ་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་ (SASS) དུ་ལས་ཀ་བྱེད་འདོད་ཡོད་མེད་སྐད་ཆ་དྲིས་སོང་ཞེས་བརྗོད་ཡོད་སྐོར་བཤད་འདུག
རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་བརྒྱུད་ནས་རྒྱ་ནག་གིས་གསང་མྱུལ་བ་ཚོས་ཨ་རིའི་གཞུང་ལ་གསང་མྱུལ་བྱེད་ཀྱིན་ཡོད་སྐོར་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བརྗོད་འདུག གསང་མྱུལ་བ་དེའི་རྒྱབ་ཁུག་ནང་ལག་སོན་བྱུང་བའི་ཡིག་ཆ་ལྟར་ན། ཁོས་རྒྱ་ནག་གི་གསང་བའི་མི་སྣ་ཞིག་ལ་ “ཁྱོད་རང་ལ་མཁོ་བ་དེ་གསང་བའི་གནས་ཚུལ་རེད། ང་རང་ལ་མཁོ་བ་དེ་དངུལ་སྒོར་ཡིན” ཞེས་ཡིག་འབྲེལ་བྱས་ཡོད། ཁ་སང་གཟའ་ཕུར་བའི་ཉིན་ཨ་རིའི་དབུས་ཁྲིམས་ཞིབ་ཁང་གིས་གསང་མྱུལ་བ་མཱ་ལཱོ་རེ་ལ་ཁྲིམས་བཤེར་ཐེངས་དང་པོ་བྱས་ཡོད་པ་དང་། དེ་རིང་གཟའ་པ་སངས་ཉིན་ཁོ་ལ་ཁྲིམས་བཤེར་ཐེངས་གཉིས་པ་བྱེད་ཀྱིན་ཡོད་འདུག
ཨ་རིའི་དབུས་ཁྲིམས་དཔོན་ཆེན་མོའི་ལས་རོགས་བྷིན་ཊི་ (Dana J Boente) ལགས་ཀྱིས། “གསང་མྱུལ་བ་མཱ་ལཱོ་རེ་ལ་ཁྲིམས་བཤེར་བྱེད་དོན་གཙོ་བོ། རྒྱལ་ཁབ་ཀྱི་ཡིད་ཆེས་རྡོག་རོལ་བཏང་ནས་གསང་བ་ཕྱི་བསྐྱལ་ཏེ་རྒྱལ་ཡོངས་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཚོར་ཉེན་བརྡ་བཏང་བ་ཞིག་ཡིན” ཞེས་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།