ལས་ཀྱི་འཛོམས་པ། ༼ ༣ ༽
ཏིན་ཡི་ཧྥུ་དང་ལི་ཅང་ལིན་གཉིས་ཀྱིས་བརྩམས
ལོ་མ་རྒྱལ་གྱིས་རྒྱ་ཡིག་ལས་བསྒྱུར།
རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ཏིན་ཡི་ཧྥུ་དང་ལྕམ་ལི་ཅང་ལིན་གཉིས་ཀྱིས་༧གོང་ས་མཆོག་གི་ཚན་རིག་ལྟ་བ་དང་སེམས་དང་སྲོག་གི་བགྲོ་གླེང་རིམ་པའི་སྐོར་ལ་དྲི་བ་དྲིས་ལན་གྱི་རྣམ་པའི་ཉམས་ཞིབ་གནང་བའི་དཔེ་དེབ་<<ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་།>>ཞེས་པའི་དེབ་ཀྱི་ལེའུ་དང་པོ་<ལས་ཀྱི་འཛོམས་པ།>ཞེས་པ་ ༢༠༡༧།༥།༢༥ ཉིནདྲ་ལམ་དུ་སྤེལ་ཡོད་པ་བོད་སྒྱུར་བྱས་ཡོད།
ཏ་ཝེ་ཊི-བྷོམ་དང་ལྷན་དུ་བགྲོ་གླེང་གནང་བ།
ཀ: ཏ་ཝེ་ཊི-བྷོམ་ནི་མི་ཅི་འདྲ་ཞིག་ཡིན་ནམ།
ཁ: ཏ་ཝེ་ཊི-བྷོམ(David Bohm ༡༩༡༧-༡༩༩༢)ནི་དུས་རབས་ཉི་ཤུའི་ནང་གི་ཆེས་ཤུགས་རྐྱེན་ཆེ་བའི་གཞུག་ལུགས་དངོས་ཁམས་སྨྲ་བ་ཞིག་ཏུ་འདོད་ཀྱི་ཡོད། ཁོ་ནི་ཨ་རི་ནས་ཡ་ཧུ་དཱ་པའི་ཁྱིམ་ཚང་ཞིག་ནས་འཁྲུངས་པ་དང་། ཕ་ནི་ཧང་གྷ་རི་(hungary)ནས་ཡོང་བའི་ཡ་ཧུ་དཱ་པ་བ་ཞིག་ཡིན་ཞིང་། མ་ནི་ལི་ཐི་ཉི་ཡ(Lithuania)ནས་ཡོང་བའི་ཡ་ཧུ་དཱ་པ་བ་ཞིག་ཡིན། ཕ་ནི་ཁྱིམ་ཆས་ཚོང་ཁང་ཞིག་གི་བདག་པོ་ཡིན་པ་དང་། ཞོར་ནས་ས་གནས་དེའི་ཡེ་ཤུ་ཆོས་པའི་ལས་རོགས་བྱེད་ཀྱི་ཡོད། ཁོ་ནི་ཆོས་ལུགས་ཀྱི་ལམ་སྲོལ་ཤུགས་ཆེར་ལྡན་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་། ལོ་ན་ཆུང་དུས་ནས་བཟུང་སྟེ། བསམ་གཞིགས་བྱེད་པར་དགའ་ཞིང་། སེམས་སུ་དྲི་བ་ཞིག་འཁོར་ཚེ། དེ་ལ་རྩད་གཅོད་ཡང་གཅོད་བྱེད་ཀྱི་ཡོད། ཕལ་ཆེར་དེ་ལྟ་བུའི་གཤིས་སྤྱོད་དེས་ཁོ་རང་ལོ་ན་བཅུར་སོན་མ་སོན་གྱི་སྐབས་ཤིག་ནས་ལྷ་མེད་སྨྲ་བ་ཞིག་ཏུ་གྱུར་བའི་རྐྱེན་བྱས། ཁོས་འཇིག་རྟེག་སྟེང་གི་བྱ་དངོས་ཁག་ཅིག་ནི་མིའི་རྣམ་དཔྱོད་ཀྱིས་ཀྱང་གཏན་ནས་དཔག་མི་ཐུབ་པར་འདོད། ཁོ་རང་གིས(California institute of technology)ཞེས་པའི་མཐོ་སློབ་འདི་ནས། གཞུང་ལུགས་དངོས་ཁམས་རིག་པར་སློབ་གཉེར་གནང་སྟེ།(Julius Robert Oppenheimer)ཟེར་བའི་ཞིབ་འཇུག་ཚོགས་ཆུང་དུ་ཞུགས། ད་དུང་། ཁོང་ལ་ཆབ་སྲིད་གཡོན་ལྷུང་གི་ཤུགས་རྐྱེན་ཐེབས་པར་བརྟེན་ཏེ། མ་ཁ་ཐ་རིང་ལུགས(McCarthyism)ཀྱིས་གནོད་པ་ཐེབས་ཏེ། ཨ་རི་དང་ཁ་བྲལ་ཏེ་བྷ་རེ་ཟེ(Bruzale)ལ་སོང་། རྗེས་སུ་ཡུ་རོབ་ནས་གཏན་སྡོད་གནང་། ཁོ་ལ་དེ་འདྲའི་མི་ཚེའི་བརྒྱུད་རིམ་ཞིག་ལྡན་སྟབས། བཙན་བྱོལ་བའི་དཀའ་སྡུག་ཤེས་ཀྱི་ཡོད་སྟབས། ཁོས་རང་ཡུལ་ཤོར་པའི་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། ཚན་རིག་ཞིབ་འཇུག་གི་ཐད་ནས། ཏ་ཝེ་ཊི-བྷོམ་གྱིས་ཁོམ་ཊོན་ཤུགས་རིག་དང་ལྟོས་གྲུབ་སྨྲ་བའི་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཁོས་གློག་རྡུལ་གྱི་སྣང་ཚུལ “བྷོམ་གྱི་ཁྱབ་གདལ།” (Baum proliferation)ཞེས་པ་ཞིག་གསར་རྙེད་བྱས་པར་རྗོད་ཀྱི་ཡོད་ཅིང་། ༡༩༥༡ ལོར<<ཁོམ་ཊོན་རྣམ་གཞག>>ཅེས་པའི་བརྩམས་ཆོས་ཤིག་དཔར་དུ་བསྐྲུན་པ་ན། དེ་མ་ཐག་ཨན་སི་ཐན་གྱིས་གདེང་འཇོག་ཆེན་པོར་བྱས། ཁོ་ལ་མ་ཁ་ཐ་རིང་ལུགས་ཀྱིས་གནོད་པ་ཐེབས་ཏེ། ཕར་སེ་ཁྲོན་སློབ་ཆེན(Princeton University)དང་བྲལ་བའི་སྐབས་དེར། ཨན་སི་ཐན་གྱིས་ཁོ་རང་ལས་རོགས་སུ་དགོས་པའི་རེ་སྐུལ་ཞུས། རྗེས་སུ། ཨན་སི་ཐན་གྱིས་ཏ་ཝེ་ཊི-བྷོམ་ནི་ཁོའི་ཞིབ་འཇུག་གི་རྒྱུད་འཛིན་མཁན་ཡིན་ཞེས་བརྗོད། ཏ་ཝེ་ཊི-བྷོམ་ནི་དུས་རབས་ཉི་ཤུའི་ནོ་བྷེལ་དངོས་ཁམས་རིག་པའི་བྱ་དགའ་ཐོབ་དགོས་པ་ཞིག་ཡིན་མོད། རྒྱུ་རྐྱེན་དུ་མའི་དབང་གིས་ཁོ་རང་ལ་ནོ་བྷེལ་དངོས་ཁམས་རིག་པའི་བྱ་དགའ་ཐོབ་མེད།
ཀ: ཚན་རིག་པ་ཞིག་ཡིན་པའི་ཆ་ནས། ཏ་ཝེ་ཏི-བྷོམ་ལ་དམིགས་བསལ་གྱི་ཡོན་ཏན་ཅི་ཞིག་ཡོད་དམ།
ཁ: ཏ་ཝེ་ཏི-བྷོམ་ནི་ཁ་རལ-ཝོན-ཝེ་ཛི་ཁི་དང་འདྲ་བར་བྱ་དངོས་ཀྱི་ཆ་ཕྲ་མོ་རྣམས་ཀྱི་གྲུབ་ལུགས་ལ་ཞིབ་འཇུག་བྱེད་མཁན་གྱི་གཞུང་ལུགས་སྨྲ་བའི་དངོས་ཁམས་རིག་པ་བ་ཞིག་ཡིན། གཞུང་ལུགས་སྨྲ་བའི་དངོས་ཁམས་རིག་པ་དང་། ལག་ལེན་སྨྲ་བའི་དངོས་ཁམས་རིག་པ་གཉིས་ཀྱི་ཁྱད་པར་ནི། སྔ་མ་ཡིས་ཚོད་དཔག་ལ་བརྟེན་ནས་གཞུང་ལུགས་ཀྱི་རྣམ་པ་རྩོམ་གྱི་ཡོད་པ་དང་། རྗེས་དཔག་ལ་བརྟེན་ནས་གཞུང་ལུགས་ཀྱི་རྣམ་པ་དེ་ལ་སྡོམ་ཚིག་འགོད་ཀྱི་ཡོད། ཕྱི་མ་ཡིས་འཆར་འགོད་དང་ཚོད་ལྟ་ཞིབ་འཇུག་ལ་བརྟེན་ནས། གཞུང་ལུགས་སྨྲ་བའི་ཚན་རིག་པར་ཚོད་ལྟའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པར་མ་ཟད། གཞུང་ལུགས་སྨྲ་བའི་ཚན་རིག་པས་བཞག་པའི་སྡོམ་ཚིག་རྣམས་ལ་བརྡར་གཅོད་དང་དོགས་དཔྱོད་ཀྱང་བྱེད་ཀྱི་ཡོད། གལ་ཏེ། དེང་རབས་ཀྱི་དངོས་ཁམས་རིག་པ་ལ་སྔར་ལས་རྙོག་འཛིང་དང་གཞི་རྒྱ་ཆེན་པོ། གལ་འགངས་ཆེ་བའི་ཚོད་ལྟ་ཞིབ་འཇུག་ཅིག་དགོས་ཚེ། གཞུང་ལུགས་སྨྲ་བའི་ཚན་རིག་པ་རྣམས་ཀྱི་ལག་ཆ་ནི་ཤོག་བུ་ཁོ་ན་དང་རང་ཉིད་ཀྱི་ཀླད་པ་ཙམ་ཡིན། གཞུང་ལུགས་སྨྲ་བའི་ཚན་རིག་པ་རྣམས་ཀྱི་ཐབས་ལམ་གཙོ་བོ་དེ་ནི་བསམ་གཞིགས་དང་རྗེས་དཔག་ཡིན། འོན་ཀྱང་། གཞུང་ལུགས་སྨྲ་བའི་ཚན་རིག་པ་རྣམས་ནི་རོལ་མོ་བ་ཞིག་དང་འདྲ་བར། རོལ་མོ་གཅིག་ཡིན་ན་ཡང་། དེ་ལ་རྣམ་པ་འདྲ་མིན་དང་འགྲེལ་བ་སྣ་ཚོགས་བྱེད་ཀྱི་ཡོད། དེ་བཞིན་དུ། ཁོ་ཚོའི་བསམ་གཞིགས་བྱེད་སྟངས་ལ་ཡང་ཐུན་མོང་མ་ཡིན་པའི་རང་རང་གི་ཁྱད་ཆོས་རེ་ལྡན་པ་ཡིན། ཁ་རལ-ཝོན-ཝེ་ཛི་ཁི་ལ་འཇར་མན་མི་རིགས(Germanic)ཀྱི་གཟབ་ནན་གྱི་ཁྱད་ཆོས་ལྡན་པ་དང་། ཏ་ཝེ་ཊི-བྷོམ་ལ་ཡ་ཧུ་དཱ་པའི་ལྐོག་གྱུར་རིང་ལུགས་(Mysteriesim)ཀྱི་ཁྱད་ཆོས་ལྡན་པ་ཡིན།
ཀ: དེ་དོན་སྙིང་ལྡན་པ་ཞིག་རེད། ང་ཚོས་ནམ་རྒྱུན་ཚན་རིག་པ་ནི། ཞིབ་འཇུག་བྱེད་པའི་དངོས་པོའི་འཇིག་རྟེན་གྱི་ཁྲོད་ནས་འཚོ་སྟེ། ཁོ་ཚོས་ལྟ་ཞིབ་བྱས་པའི་དངོས་ལུགས་ཀྱི་སྣང་ཚུལ་ཁོ་ནར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། དངོས་ལུགས་ཀྱི་སྣང་ཚུལ་དེ་དག་ལ་ཡང་ཆོས་ཉིད་ཅིག་ཡོད་པར་རློམ་གྱི་ཡོད་ལ། ཆོས་ཉིད་དེ་ནི་གཏན་ཚིགས་དང་རིགས་ཤེས་ལ་བརྟེན་ནས་གསེད་བཀྲོལ་བྱེད་ཐུབ་པར་རྗོད་ཀྱི་ཡོད། དེར་བརྟེན། སྤྱིར་བཏང་གི་མི་ཞིག་གིས་ཚན་རིག་པ་ནི་ལྐོག་གྱུར་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ཤ་སྟག་བྱེད་ཀྱི་ཡོད།
ཁ: ཡིན་ན་ཡང་། དོན་དངོས་སུ་དེ་ལྟར་མ་རེད། ཇི་ལྟར་ཚན་རིག་པ་ཕུལ་དུ་བྱུང་བ་ཞིག་ཡིན་ན། དེ་ལྟར་ཞིབ་འཇུག་བྱེད་སའི་ཡུལ་ཤེས་པ་ལས་མ་ཤེས་པ་མང་བ་ཡོད་པར་འདོད། ཇི་ལྟར་ཚན་རིག་པ་ཕུལ་དུ་བྱུང་བ་ཞིག་ཡིན་ན། དེ་ལྟར་བསམ་གཞིགས་ཀྱི་གཞི་རྒྱ་ཆེ་ཞིང་། ཁོ་ཚོས་འཛམ་བུ་གླིང་གི་སྣང་ཚུལ་སྣ་ཚོགས་པའི་བར་ན་འབྲེལ་བ་དམ་ཟབ་ཡོད་པ་དང་། སྣང་ཚུལ་དེ་དག་གིས་རྒྱབ་ལྗོངས་ཀྱི་འབྲེལ་བ་དེ་ནི་ཤེས་ཟིན་པའི་ཆོས་ཉིད་དེ་ལས་ཀྱང་གཏིང་ཟབ་པ་ཞིག་ཡིན་པ་ཡང་ཤེས་ཀྱི་ཡོད། ཐ་ན་གཏིང་ཟབ་པའི་ཆོས་ཉིད་དེ་དག་ནི་ང་ཚོས་གཏན་ནས་ཤེས་ཐབས་མེད་པ་ཞིག་ཀྱང་ཡིན།
ཀ: དོན་དངོས་སུ། ང་ཚོས་རྒྱ་ནག་ནས་སློབ་ཆེན་འགྲིམས་པའི་སྐབས་སུ། འཇིག་རྟེན་ནི་དངོས་པོའོ།། དངོས་པོ་ནི་འགུལ་སྐྱོད་ཡིན། འགུལ་སྐྱོད་ལ་ཆོས་ཉིད་ལྡན། ཆོས་ཉིད་ནི་མིས་སྟངས་འཛིན་བྱེད་ཀྱི་ཡོད་ཅེས་པའི་དངོས་གཙོ་སྨྲ་བའི་རྣམ་གཞག་དག་ལ་སློབ་སྦྱོང་བྱས་པ་དེ་རྣམས་ནི་རགས་པ་རགས་པ་ཙམ་ཞིག་རེད། སྤྱིར། རྣམ་གཞག་དེས་དྲི་བ་མང་པོ་ཞིག་ལ་འགྲེལ་བཤད་བྱེད་ཐུབ་ན་ཡང་། ང་ཚོས་རགས་པ་ཙམ་ཞིག་ལ་སློབ་གཉེར་བྱས་པ་དེས་དྲི་བ་མང་པོ་ཞིག་ལ་འགྲེལ་བཤད་བྱེད་ཐུབ་མེད། འོ་ན། ཏ་ཝེ་ཏི-བྷོམ་གྱིས་ཇི་ལྟར་བསྒྲིབས་པ་ཡིན།
ཁ: ཏ་ཝེ་ཊི-བྷོམ་གྱིས་གཞུང་ལུགས་སྨྲ་བའི་དངོས་ཁམས་རིག་པར་ཞིབ་འཇུག་བྱེད་པ་དང་སྦྲགས། འགྲོ་བ་མིའི་ནང་སེམས་ཀྱི་རྣམ་གཞག་དང་། དབང་རྩའི་མ་ལག་གི་ཐད་ལ་གཞན་དང་མི་མཚུངས་པའི་ལྟ་ཚུལ་ཞིག་བཟུང་ཡོད། ཁོས་སྲོལ་རྒྱུན་གྱི་རེ་ནེ-ཏེ་སི་ཀ་ཊི(René Descartes)འི་ལྟ་བའི་ཐོག་ནས་དངོས་ཡོད་ལ་འགྲེལ་བཤད་བྱེད་པ་དེ་ནི་ལྟོས་བཅས་ཤིག་ཡིན་པར་འདོད་དེ། ཁོམ་ཊོན་དངོས་ཁམས་རིག་པར་བརྟེན་ནས་ཁ་སྐོང་རང་བཞིན་གྱི་རྣམ་གཞག་ཅིག་མཛད་ཡོད། ད་དུང་། ཁོས་ཀླད་པའི་ནུས་པ་ནི། འདུས་རྡུལ(molecule)གྱི་རིམ་པ་ནས་བཤད་ན། ཁོམ་ཊོན་གྱི་རྣམ་གཞག་ལ་བརྟེན་ཡོད་པའི་གྲངས་ཀྱི་རྣམ་པ་ཞིག་ཏུ་གྲུབ་ཡོད་པར་འདོད་ཀྱི་ཡོད། ཏ་ཝེ་ཊི-བྷོམ་གྱི་ཁོམ་ཊོན་ཤུགས་རིག་དང་ལྟོས་གྲུབ་སྨྲ་བའི་རྣམ་གཞག་ལས་འདས་པའི་ལྟ་ཚུལ་ཁ་ཤས་ཤིག་ནི་ཧ་ཅང་གཏིང་ཟབ་པོ་རེད།
ཀ: ཏཱ་ལའི་བླ་མ་དང་ཏ་ཝེ་ཊི-བྷོམ་རྣམ་གཉིས་ཀྱི་བགྲོ་གླེང་གི་ཐད་ནས་ཁ་བརྡ་བྱ། ཏཱ་ལའི་བླ་མ་ནམ་ཞིག་ཏུ་ཏ་ཝེ་ཊི-བྷོམ་དང་ཐུག་པ་ཡིན་ནམ།
ཁ: ༡༩༧༩ ལོར། ཏཱ་ལའི་བླ་མ་ཐེངས་ཁ་ཤས་ལ་ཕྱི་རྒྱལ་ཁག་ཏུ་ཆིབས་སྒྱུར་བསྐྱངས། ཐོག་མར་ཨ་རི་ལ་ཕེབས་པ་དང་། དེ་ནས་ཡུ་རོབ་ལ་ཐེངས་གཉིས་ལ་ཕེབས། དབྱིན་ཇི་ནས་ཁོང་རྣམ་པ་གཉིས་ཐོག་མར་མཇལ་འཕྲད་གནང་། ཁོང་གཉིས་མཇལ་མ་ཐག་གྲོགས་པོ་རྙིང་པ་གཉིས་འཕྲད་པ་ལྟར། ཐུགས་དགྱེས་དགྱེས་ཀྱི་ངང་ནས་ཕན་ཚུན་ལ་བཀའ་མོལ་ལྷུག་པོར་བྱུང་།
ཀ: གཅིག་ནི་དེང་རབས་ཀྱི་དངོས་ཁམས་ཚན་རིག་པ་ཞིག་རེད། གཅིག་ནི་བོད་ཀྱི་ཆེས་མཐོའི་བླ་མ་ཞིག་རེད། རྒྱབ་ལྗོངས་མི་འདྲ་བའི་མི་སྣ་འདི་གཉིས་ལ་རྐྱེན་གང་ཞིག་གིས་གྲོགས་པོ་རྙིང་པ་འཕྲད་པ་ལྟ་བུ་དང་། ཐུགས་དགྱེས་དགྱེས་ཀྱིས་ཕན་ཚུན་ལ་བཀའ་མོལ་ལྷུག་པོར་ཡོང་བར་བྱས་པ་ཡིན་ནམ།
ཁ: དོན་དངོས་སུ་ཁོང་རྣམ་གཉིས་ཀྱི་ཤེས་བྱའི་རྒྱབ་ལྗོངས་ན། ཐུན་མོང་གི་རིན་ཐང་ལྟ་ཚུལ་ཞིག་ལྡན་པ་རེད། དེ་ནི་ཅི་ཞིག་ཡིན་ནམ་ཞེ་ན། ཁོང་རྣམ་པ་གཉིས་ཀྱིས་ཤེས་བྱ་དང་རྗེས་དཔག་ལ་བརྟེན་ནས་ཕ་རོལ་དང་འབྲེལ་འདྲིས་བྱེད་པ་དེས་དངོས་ཡོད་གནས་ལུགས་གསེད་བཀྲོལ་བྱེད་པར་ཕན་ཐོགས་པར་འདོད་ཀྱི་ཡོད། ཁོང་གཉིས་ཀྱིས་དངོས་ཡོད་གནས་ལུགས་ནི་བྱ་དངོས་ཀྱི་ཕྱི་ཚུལ་ཙམ་ནས་མཐོང་ཐུབ་པའི་དེ་འདྲའི་ལས་སླ་བོ་ཞིག་མིན་པ་དང་། དོན་གྱིས་དངོས་ཡོད་གནས་ལུགས་ནི་བྱ་དངོས་ཀྱི་ཕྲ་བའི་རིམ་པའི་སྟེང་ན་ཡོད་ཅིང་། ང་ཚོར་དེའི་ཐད་ཀྱི་ཤེས་རྟོགས་ནི་ཕྲ་ཙམ་ལས་མེད་པར་འདོད། ཁོང་རྣམ་གཉིས་ཀྱིས་འཇིག་རྟེན་སྟེང་གི་བྱ་དངོས་མང་པོ་ཞིག་ལ་འགྲེལ་རྗོད་བྱེད་ཐབས་མེད་པ་ཞིག་དང་། ཚན་རིག་གིས་ཀྱང་འགྲེལ་རྗོད་བྱེད་མི་ཐུབ་པར་འདོད། ཡིན་ན་ཡང་། རྟོགས་དཀའ་བའི་བྱ་དངོས་དེ་དག་གནས་ཡོད་པ་ཞིག་ཏུ་འདོད་ཀྱི་ཡོད་པར་མ་ཟད། མིས་རྟོགས་དཀའ་བ་དང་འགྲེལ་བཤད་བྱེད་མི་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས། བྱ་དངོས་དེ་དག་མེད་པར་ཡང་འདོད་ཀྱི་མེད། བྱ་དངོས་ཁ་ཤས་ནི་ང་ཚོས་རྟོགས་དཀའ་ཞིང་། འགྲེལ་ཐབས་མེད་པའི་རྐྱེན་གྱིས་དེ་ལ་ངོ་མཚར་རམ་ལྐོག་གྱུར་ཞེས་འབོད་ཀྱི་ཡོད།
ཀ: རེད། ཏཱ་ལའི་བླ་མས་ཕྱིར་དྲན་བྱེད་ཞོར་དུ་འདི་ལྟར་གསུངས། ཏ་ཝེ་ཊི-བྷོམ་ལ་འགྲོ་བ་མིའི་རིགས་ཀྱི་ཉམས་མྱོང་གི་ཁྱབ་ཁོངས་གང་ཞིག་ལ་ཡང་གུ་ཡངས་ཀྱི་ལྟ་ཚུལ་ལྡན་ཞིང་། འདིའི་ཆ་ནས་ངོས་རང་ཧ་ཅང་ཡིད་འགུལ་ཐེབས་སོང་།
ཁ: ཏ་ཝེ་ཊི-བྷོམ་ནི་གཞུང་ལུགས་སྨྲ་བའི་དངོས་ཁམས་ཚན་རིག་པ་ཞིག་ཡིན་ཞིང་། དངོས་པོའི་གྲུབ་ལུགས་ཀྱི་ཞིབ་འཇུག་ཁྱབ་ཁུངས་སུ་བཤད་ཚུལ་སྣ་ཚོགས་ཡོད་པ་དེར་གུ་ཡངས་པའི་ལྟ་ཚུལ་འཛིན་གྱི་ཡོད། ད་དུང་། ཁོས་རྒྱུ་མཚན་དང་གནས་ལུགས་ལྡན་པའི་བཤད་ཚུལ་གང་ཞིག་ཡིན་ན་ཡང་དང་ལེན་བྱེད་ཀྱི་ཡོད་པར་མ་ཟད། ཡུལ་ཅན་ཤེས་པའི་ཐད་ཀྱི་ཞིབ་འཇུག་ལ་ཡང་གུ་ཡངས་པའི་ལྟ་ཚུལ་འཛིན་གྱི་ཡོད། ཁོས་དངོས་ཁམས་ཚན་རིག་གི་ཁྱབ་ཁོངས་སུ་ཡོད་པའི་ཚོད་ལྟ་ཞིབ་འཇུག་གི་གྲུབ་དོན་ཁོ་ན་ཁས་ལེན་བྱེད་པ་མ་ཡིན་པར། ད་དུང་། ཞིབ་འཇུག་གི་རྣམ་པ་གཞན་ཡང་དང་ལེན་བྱེད་ཀྱི་ཡོད། ཐ་ན་ཐད་ཚོར་ལ་བརྟེན་ནས་བྱུང་བའི་འབྲས་བུ་རྣམས་ཀྱང་དང་ལེན་བྱེད་ཀྱི་ཡོད། ཏཱ་ལའི་བླ་མ་དང་ཏ་ཝེ་ཊི-བྷོམ་རྣམ་གཉིས་ཀྱི་བགྲོ་གླེང་དེ་ནི། ཏཱ་ལའི་བླ་མ་ཡུ་རོབ་ཏུ་ཕེབས་པའི་སྐབས་དེར་བྱུང་བ་ནས་བཟུང་། ལོ་ངོ་ཉི་ཤུའི་རིང་དུ་བསྟུད་མར་ཕན་ཚུན་གྱི་བར་ལ་བགྲོ་གླེང་བྱུང་། དངོས་ཁམས་རིག་པ་བ་ཞིག་དང་ནང་པའི་ཆེས་མཐོའི་བླ་མ་ཞིག་གི་ཕན་ཚུན་གྱི་བགྲོ་གླེང་དེར། གཅིག་སེམས་གཅིག་གིས་སྒུལ་བའི་སྐབས་མང་པོ་ཡོད་ངེས་རེད།
ཀ: ཆེས་ཐོག་མའི་སྐབས་ཀྱི་ཁོང་རྣམ་པ་གཉིས་ཀྱིས་བགྲོ་གླེང་བྱས་པའི་ཟིན་ཐོ་རྣམས་ད་ལྟ་ང་ཚོར་རེག་གི་ཡོད་དམ།
ཁ: ཡིད་ཕངས་པ་ཞིག་ལ། ཁོང་རྣམ་པ་གཉིས་ཀྱི་བགྲོ་གླེང་བྱས་ཡོད་པ་རྣམས་སྒྲ་འཇུག་གམ་འཁོར་ཐག་ཏུ་བཟོས་ཡོད་པ་དེ་འདྲ་ང་ཚོར་རེག་མ་བྱུང་། ཏཱ་ལའི་བླ་མ་དང་ཚན་རིག་པའི་བར་གྱི་བགྲོ་གླེང་ནི། ཆེས་ཐོག་མར་སྒེར་ངོས་ནས་བགྲོ་གླེང་བྱས་པ་ཞིག་ཡིན་པར་མ་ཟད། ཕྱིར་ཁྱབ་བསྒྲགས་བྱེད་པའི་འཆར་གཞི་ཅི་ཡང་མི་འདུག ཡིན་ན་ཡང་། ཐེངས་ཤིག་གི་ཏཱ་ལའི་བླ་མ་དང་ཏ་ཝེ་ཊི-བྷོམ་རྣམ་གཉིས་ཀྱིས་བགྲོ་གླེང་གང་གནང་ཡོད་པ་རྣམས། ལྟ་གྲུབ་སྨྲ་བ་ལྕམ་རེ་ནེ-ཝེ་པེར(Renee Weber)གྱིས<<ཚན་རིག་པ་དང་བདག་ཉིད་ཆེན་པོའི་བགྲོ་གླེང་། ཐུན་མོང་གི་ཆ་འཚོལ་བ།>>ཞེས་པའི་བརྩམས་ཆོས་དེ་རུ་བཀོད་ཡོད། དཔེ་དེབ་དེ་ལས་ཏཱ་ལའི་བླ་མ་དང་དེང་གི་དངོས་ཁམས་ཚན་རིག་པས་ཅི་ཞིག་གི་སྐོར་གླེང་ཡོད་མེད་ཤེས་ཐུབ།
ཀ: ཐེངས་དེའི་བགྲོ་གླེང་ནི་ག་དུས་ཤིག་ལ་གང་ཞིག་ནས་གནང་བ་ཞིག་རེད་དམ།
ཁ: ༡༩༨༥ ལོར། ཏཱ་ལའི་བླ་མ་དགུང་གྲངས་ལྔ་བཅུར་ཕེབས་པའི་སྐབས་དང་། ས་གནས་ནི་ཨ་པལ་རི་འདབས་(alp)སུ་ཡོད་པའི་ནང་པའི་དགོན་པ་ཞིག་ཏུ་གནང་།
ཀ: ༡༩༥༩ལོའི་ལྷ་སའི་དོན་རྐྱེན་དེར་བརྟེན་ནས་ཏཱ་ལའི་བླ་མ་བཙན་བྱོལ་དུ་ཕེབས་རྗེས། རྒྱ་གར་ལ་ཚ་བ་ཆེ་བའི་རྐྱེན་གྱིས་སྤྱིར་བཙན་བྱོལ་བོད་མི་ཡོངས་དང་། སྒོས་སུ་བྱིས་པ་རྣམས་ལ་དཀའ་ངལ་འཕྲད་པར་མ་ཟད། ཐ་ན་བྱིས་པ་ཁ་ཤས་འཆི་ལམ་དུ་ཡང་འགྲོ་བཞིན་ཡོད་སྟབས། སུད་སི་(Switzerland)གཞུང་གིས་བོད་ཕྲུག་ཉིས་བརྒྱ་ཙམ་ཞིག་སྐྱབས་བཅོལ་དུ་བླངས། སུད་སི་ཡི་ཨལ་པ་(alp)རི་རྒྱུད་ནི་ས་བབས་མཐོ་ཞིང་། ཕལ་ཆེར་བོད་མཐོ་སྒང་གི་གནམ་གཤིས་དང་འདྲ་འདྲ་ཡིན་སྟབས། བྱིས་པ་དེ་དག་འཚོ་གནས་བྱེད་པར་འོས་ཤིང་འཚམ་པ་ཞིག་ཡིན། སུད་སིའི་ཁྱིམ་ཚང་ཁ་ཤས་ཀྱིས་བོད་ཕྲུག་དེ་དག་བརྩེ་བ་ཆེན་པོའི་སྒོ་ནས་དང་ལེན་བྱས་པར་མ་ཟད། ད་དུང་། སྔ་རྗེས་སུ་བཙན་བྱོལ་བོད་མི་སུམ་བརྒྱ་ལྷག་སྐྱབས་བཅོལ་དུ་བླངས་ནས་སྡོད་དུ་བཅུག དུས་དེ་ནས་བཟུང་སུད་སི་ནི་ཡུ་རོབ་ཀྱི་ཆེས་ཆེ་བའི་བཙན་བྱོལ་བོད་མིའི་འདུས་སྡོད་བྱེད་ས་ཞིག་ཏུ་གྱུར་བ་རེད། བོད་མི་རྣམས་དེ་གར་སྐྱབས་བཅོལ་དུ་བསླེབས་པ་དང་ལྷན་དུ། རང་ཉིད་ཀྱི་ཆོས་ལུགས་ཀྱང་ས་དེ་གར་ཁྱེར་ཡོང་སྟེ། རི་བོ་ཨལ་པ་(alp)འདབས་ནས་བཞེངས་པའི་ནང་པའི་དགོན་པ་དེ་ནི་དེ་ལྟར་བཞེངས་པ་ཞིག་རེད།
ཁ: ཏཱ་ལའི་བླ་མ་དེ་རུ་ཕེབས་དོན་ནི། གཙོ་བོ་ས་དེ་གའི་བོད་པ་དང་། ཡུ་རོབ་པ་ཡང་ཡོད་པའི་ནང་པ་རྣམས་ལ་དུས་འཁོར་དབང་ཆེན་གནང་གི་ཕེབས་པ་ཞིག་རེད། ཏཱ་ལའི་བླ་མ་ནང་པའི་དགོན་པ་དེར་མ་ཕེབས་པའི་ཟླ་བ་ཁ་ཤས་སྔོན་ལ། ཁོང་དང་ཏ་ཝེ་ཊི-བྷོམ་རྣམ་གཉིས་ཨ་རི་ནས་མཇའ་འཕྲད་གནང་། སྐབས་དེར་ཏཱ་ལའི་བླ་མས་ཏ་ཝེ་ཊི-བྷོམ་ལ་དེང་གི་དངོས་ཁམས་རིག་པས་གསར་རྙེད་གང་བྱས་ཡོད་རྣམས་ཁོང་ལ་བཀའ་མོལ་གནང་བའི་རེ་སྐུལ་ཞུས། དེའི་རྗེས་སུ། ལྟ་གྲུབ་སྨྲ་བ་ལྕམ་རེ་ནེ-ཝེ་པེར་གྱིས་ཏཱ་ལའི་བླ་མ་དང་ཏ་ཝེ་ཊི-བྷོམ་གཉིས་ལྷན་དུ་བཅར་འདྲི་ཞིག་བྱེད་པར་གྲ་སྒྲིག་བྱས་ཏེ། དེང་གི་ནུབ་ཕྱོགས་ཀྱི་དངོས་ཁམས་རིག་པའི་ཐད་ནས། དངོས་པོའི་རང་བཞིན་ཅི་ཡིན་པ་དང་། ཤར་ཕྱོགས་ནང་པའི་ལྟ་ཚུལ་གྱི་ངོས་ནས་དངོས་པོའི་རང་བཞིན་གང་ཡིན་སྐོར་སོ་སོས་འགྲེལ་བཤད་གནང་ཡོད།
ཀ: ལྕམ་རེ་ནེ-ཝེ་པེར་ནི། ཏཱ་ལའི་བླ་མ་དང་ཚན་རིག་པ་གཉིས་བགྲོ་གླེང་བྱེད་པའི་སྐབས་ཀྱི་འབྲེལ་མཐུད་པ་དེ་རེད་དམ།
ཁ: རེད། ཕྱིས་སུ་ཏཱ་ལའི་བླ་མ་དང་ཚན་རིག་པ་གཉིས་བགྲོ་གླེང་གནང་སྐབས། ཚན་རིག་པ་གཅིག་གི་བགྲོ་གླེང་བྱེད་དགོས་ཤིང་། ཚན་རིག་པ་གཞན་ཞིག་གིས་འབྲེལ་མཐུད་པའི་འགན་ཁུར་དགོས་ཀྱི་ཡོད། འབྲེལ་མཐུད་པའི་ལས་ཀ་ནི། བགྲོ་གླེང་གི་སྐབས་སུ་ཚན་རིག་པ་གཞན་རྣམས་ཀྱིས་དོགས་འདྲི་དང་བགྲོ་གླེང་འོས་འཚམ་གྱི་སྒོ་ནས་བྱེད་དུ་འཇུག་པ་དང་། གཏན་འབེབབ་བྱས་ཟིན་པའི་བརྗོད་གཞི་མི་འཆོལ་བར་བྱེད་པ། བགྲོ་གླེང་གི་དུས་ཚོད་ལ་སྟངས་འཛིན་བྱེད་པ། གཏམ་བཤད་རིང་པོ་རྣམས་གོ་རིམ་དང་ལྡན་པའི་སྒོ་ནས་སྤེལ་དུ་འཇུག་པ། བསམ་བློ་དང་བགྲོ་གླེང་གི་སྤྲོ་སྣང་མི་བརླག་པར་བྱེད་པ་བཅས་ཡིན། ཏཱ་ལའི་བླ་མ་དང་ཚན་རིག་པ་ཕུད་པའི་སྐད་སྒྱུར་བ་གཉིས་ཀྱང་བགྲོ་གླེང་བྱེད་སར་འདུག བགྲོ་གླེང་ནི་སྤྱིར་དབྱིན་སྐད་ཀྱི་ཐོག་ནས་གནང་གི་ཡོད་ན་ཡང་མཚམས་རེར། ཏཱ་ལའི་བླ་མས་བོད་སྐད་ཀྱི་ཐོག་ནས་ཧ་ཅང་གནད་དུ་ཁེལ་བར་གསུངས།ནང་པའི་ལྟ་གྲུབ་ཀྱི་སྐོར་གླེང་དུས་དང་། ཐ་ན་ལེགས་སྦྱར་གྱི་ཐ་སྙད་སྤྱོད་པའི་སྐབས་སུ། བོད་དབྱིན་གྱི་སྐད་ལ་ཐོགས་རྡུགས་མེད་ཅིང་། དེང་གི་ཚན་རིག་ལ་རྒྱུས་མངའ་ཆེ་ཞིང་། ནང་པའི་གཞུང་ལ་སློབ་གཉེར་གནང་མྱོང་མཁན་ཞིག་གིས་སྐད་སྒྱུར་བྱེད་དགོས་ཀྱི་འདུག ཐེངས་འདིའི་བགྲོ་གླེང་དུ་སྐད་སྒྱུར་བ་གཉིས་ཡོད་པའི་ནང་ནས་གཅིག་ནི། ཇེ་ཧྥི་རེ-ཧོ་ཀིན(Jeffrey Hopkins )རེད། ཅིག་ཤོས་དེ་ནི་སུད་སི་རང་ནས་ཡིན་པའི་ནང་པའི་གཞོན་སྐྱེས་ཤིག་རེད། ཁོའི་བོད་མིང་ལ་བློ་བཟང་བསམ་གྲུབ་ཟེར།
ཟུར་མཆན།
1 .མ་ཁ་ཐ་རིང་ལུགས་ནི་ ༡༩༥༠-༡༩༥༤ ཡི་ལོར་ཨ་རིའི་ནང་དུ་བྱུང་བའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན། དེ་ཡང་། ལས་འགུལ་དེའི་སྣེ་ཁྲིད་པ་ནི། གྲོས་ཚོགས་གོང་མའི་ཚོགས་མི་(Joseph McCarthy)ཇོ་སེ་ཧྥུ-མ་ཁ་ཐ་ཡིན། ལས་འགུལ་དེའི་མིང་ཡང་ཁོའི་མིང་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ལས་འགུལ་དེའི་དམིགས་ཡུལ་ནི། ཨ་རིའི་གཞུང་གི་དོགས་གཞི་ཅན་གྱི་དམར་ཤོག་པ་རྣམས་ལ་ངོ་རྒོལ་བྱེད་རྒྱུ་དེ་ཡིན། ལས་འགུལ་དེའི་ཁྲོད་དོན་དངོས་ཐོག་དམར་ཤོག་པའི་ཕྱོགས་གཏོགས་མིན་མཁན་རྣམས་ལ་ཡང་ཉེས་ཆད་དང་གནོད་སྐྱོན་ཐེབས་ཡོད་པར་བརྗོད།
སྒྱུར་བ་པོའི་གསལ་བཤད།
ཨ་རིར་གནས་སྡོད་ལི་ཅང་ལིན་དང་ཏིན་ཡི་ཧྥུ་གཉིས་ནི་རྒྱ་རིགས་དམངས་གཙོ་དོན་ཉེར་བ་དང་རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་བཅས་ཡིན་ལ། ལི་ཅང་ལིན་གྱིས་ ༢༠༠༤ ལོ་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཤིང་། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ཏེ་བཙན་བྱོལ་བོད་མིར་ཞིབ་འཇུག་དང་བཅར་འདྲི་བྱས་ཏེ། ༢༠༡༠ ལོར་<< ༡༩༥༩ལྷ་ས།>> ཞེས་པའི་དཔེ་དེབ་དཔར་འགྲེམ་ཞུས་ཡོད། ཏིན་ཡི་ཧྥུ་ཡིས་ཀྱང་བོད་དོན་སྐོར་གྱི་རྩོམ་ཡིག་དང་གཏམ་བཤད་མང་པོ་སྤེལ་ཡོད།།
ཚན་པ་དང་པོ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༡)
ཚན་པ་གཉིས་པ། ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༢)
མ་རྩོམ་གྱི་འབྲེལ་ཐག http://www.chinesepen.org/blog/archives/69031
new comment