མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རཱོ་ཧིན་གྷ་ཡ་ཞེས་པ་དེ་སུ་རེད། འབར་མའི་རྒྱལ་ཁབ་ནང་གནད་དོན་གང་འབྱུང་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༧/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

རི་བི་ཀ་རག་ཀི་ལི་ཕ་ཡིས་བྲིས།

ཉི་མ་ཚེ་རིང་གིས་བསྒྱུར།

ལོ་ངོ་བཅུ་ཕྲག་གོང་ནས་འབར་མའི་རྒྱལ་ཁབ་ནང་མི་རིགས་མ་འདྲ་བ་གཉིས་ཀྱི་བར་རྩོད་རྙོག་དང་སེམས་འཚབ་ཅིག་ཡོད་བསྡད་པ་དེ་བར་ལམ་དྲག་རྩུབ་ཀྱི་ངོ་བོར་གྱུར་ཏེ། རཱོ་ཧིན་གྷ་ཡའི་མི་རིགས་སྟོང་ཕྲག་མང་པོ་བྷང་ལ་དེ་ཤི་རྒྱལ་ཁབ་ནང་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།

རཱོ་ཧིན་གྷ་ཡ་ཞེས་པ་དེ་སུ་རེད།

ཁོང་ཚོ་ནི་འཛམ་གླིང་གི་གྱོང་གུད་ཆེས་མང་ཤོས་ཐོབ་མྱོང་མཁན་གྱི་མི་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། རཱོ་ཧིན་གྷ་ཡ་ཟེར་བའི་མི་རིགས་ནི་འབར་མའི་མངའ་སྡེ་རཱ་ཀྷིན་( Rakhine)ཞེས་པ་དེར་འཚོ་གནས་བྱེད་ཅིང་། ཁོང་ཚོའི་རིགས་ལ་རཱོ་ཧིན་གྷ་ཡ་ཞེས་འབོད་ཀྱི་ཡོད་པ་རེད། འབར་མའི་ནང་རཱོ་ཧིན་གྷ་ཡའི་མི་རིགས་ས་ཡ་ ༡.༡ ལྷག་ཡོད་པ་དང་། ནང་པ་མཉམ་དུ་གནས་སྡོད་བྱེད་སྐབས་ཁོང་ཚོར་བདེ་སྣང་ཞིག་ཚོར་གྱི་མེད་ཀྱང་། གང་ལྟར་ནང་པའི་སྤྱི་ཚོགས་ནང་འཚོ་གནས་བྱས་ཏེ་ལོ་ངོ་བཅུ་ཕྲག་ཁ་ཤས་ཕྱིན་པ་རེད།

རཱོ་ཧིན་གྷ་ཡའི་མི་ཚོས། ཁོང་ཚོ་ནི་ཁ་ཆེ་ཆོས་ལུགས་པའི་མི་རྒྱུད་ཅིག་ཡིན་ཞིང་། རིགས་རྒྱུད་ངོ་མ་མར་བདས་ན་ཕལ་ཆེར་པཱར་ཤི་ཡའམ།(Persia) ཡང་ན། ཨ་རཱབ་(Arab)ཀྱི་ཚོང་པ་ཡིན་ཟེར་བ་དང་། ཁོང་ཚོའི་མི་ཐོག་གོང་མ་ཚོ་འབར་མ་ལ་སླེབས་ཏེ་འཚོ་གནས་བྱས་པ་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག

རཱོ་ཧིན་གྷ་ཡའི་སྐད་ནི་འབར་མའི་བཀོལ་སྤྱོད་བྱེད་བཞིན་པའི་ནང་པའི་སྐད་ཡིག་དང་མ་འདྲ་བར། ད་ལྟ་བྷང་ལ་དེ་ཤིའི་ས་གནས་ཅཱི་ཊ་གཱོང་(Chittagong)གི་ཡུལ་མི་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཧ་ཅང་འདྲ་བོ་ཡོད་པ་རེད།

འབར་མའི་མི་ཚོས་རཱོ་ཧིན་གྷ་ཡ་མི་རིགས་ནི་སྐབས་ཤིག་ལ་ཁྲིམས་འགལ་གྱིས་འབར་མར་གནས་སྤོ་བྱས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། དེར་བརྟེན། འབར་མའི་མི་ཚོས་ཁོང་ཚོར་མཐོང་ཆུང་བྱེད་པ་མ་ཟད། འབར་མའི་གཞུང་ངོས་ནས་ཀྱང་ཁོང་ཚོ་ནི་རྒྱལ་ཁབ་མེད་པའི་མི་ཞིག་ལ་བརྩིས་ཏེ་མི་སེར་གྱི་ལག་ཁྱེར་སྤྲད་ཀྱི་མེད་ལ། ཁོང་ཚོར་དམ་དྲག་ཆེན་པོར་བྱས་ཏེ་ཁོང་ཚོའི་འདོད་པ་ལྟར་ས་ཆ་གང་སར་འགྲོ་འོང་བྱེད་བཅུག་གི་མེད་པ་མ་ཟད། སྨན་དང་ཤེས་ཡོན་སོགས་མི་ལ་དགོས་ངེས་ཀྱི་གཞི་རྩའི་ཆ་རྐྱེན་དང་མཐུན་འགྱུར་རོགས་རམ་གང་ཡང་བྱེད་ཀྱི་མེད།


ཁོང་ཚོར་གནད་དོན་གང་འབྱུང་བཞིན་ཡོད།

ཕྱི་ཟླ་ ༨ ཚེས་ ༢༥ ཉིན་གློ་བུར་དུ་རཱ་ཀྷིན་མངའ་སྡེའི་བྱང་ཕྱོགས་སུ་དྲག་སྤྱོད་པས་གཞུང་འབྲེལ་དམག་མི་དང་འཐབ་རྒོལ་བྱས་པར་བརྟེན་ཁུལ་དེར་དྲག་རྩུབ་ཀྱི་གནད་དོན་བྱུང་། དེ་ནས་བཟུང་ནང་པའི་སྡེ་ཁག་གིས་གཞུང་གི་བདེ་སྲུང་དམག་མིར་རྒྱབ་སྐྱོར་བྱས་ཏེ་གཙང་བཟོའི་ལས་འགུལ་(Clearance Operation)ཞེས་པ་ཞིག་གསར་དུ་མགོ་བརྩམས་པ་རེད།

ད་ལྟ་བྷང་ལ་དེ་ཤི་ལ་ཡོད་པའི་སྐྱབས་བཅོལ་བ་ཚོས། འབར་མའི་གཞུང་དམག་གིས་ཁོང་ཚོའི་གྲོང་གསེབ་ཏུ་རྒོལ་རྡུང་དང་སྡེབ་གསོད། དེ་བཞིན་ཁང་ཁྱིམ་རྣམས་མེར་བསྲེགས་བཏང་སོང་ཞེས་བརྗོད་ཀྱི་ཡོད་ཀྱང་། འབར་མའི་གཞུང་གིས་རཱོ་ཧིན་གྷ་ཡ་མི་རིགས་ཚོས་རང་ཁྱིམ་རང་གིས་མེར་བསྲེགས་བཏང་བ་མ་ཟད། དེར་ཡོད་ནང་པ་དང་ཧིན་རྡུའི་རྗེས་འབྲང་བ་རྣམས་ལྐོག་གསོད་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་ལ། ད་ལྟ་རཱོ་ཧིན་གྷ་ཡར་ལྷག་ཡོད་པའི་ཁྱིམ་ཚང་ཁ་ཤས་ཀྱིས་ཀྱང་གོང་དུ་འབར་མའི་གཞུང་གིས་འགྲེལ་བརྗོད་བྱས་པའི་གནས་ཚུལ་དེ་བསྐྱར་ཟློས་བྱེད་ཀྱི་ཡོད་འདུག

སྐྱབས་བཅོལ་རོགས་ཚོགས་ཀྱིས། རཱ་ཀྷིན་ནས་སྐྱབས་བཅོལ་ཡོང་མཁན་མང་དྲག་ནས་ས་མཚམས་ཀྱི་སྡོད་གནས་སུ་མ་ཤོང་བར། རྩོད་རྙོག་ཅན་གྱི་ས་ཁུལ་ཁག་ཏུ་འགྲོ་ན་ཁོང་ཚོར་དཀའ་ངལ་འཕར་མ་འཕྲད་པའི་ཉེན་ཁ་འདུག་ཅེས་གསར་ལམ་ཁག་ཏུ་བརྗོད་ཡོད་འདུག

གནད་དོན་དེའི་ཁྲོད་དུ་མི་ག་ཚོད་ཤི་པ་དང་རྨས་པ། དེ་བཞིན་བྲོས་བྱོལ་དུ་ཕྱིན་ཡོད།

གཞུང་འབྲེལ་དམག་མི་ཚོས་དྲག་གནོན་གྱི་ཁྲོད་ནས་མི་གྲངས་ ༤༠༠ ལྷག་འདས་གྲོངས་སུ་ཕྱིན་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་བྷང་ལ་དེ་ཤི་རྒྱལ་ཁབ་ཏུ་རཱོ་ཧིན་གྷ་ཡའི་མི་གྲངས་ ༡༢༣༠༠༠ བྲོས་བྱོལ་དུ་སླེབས་པའི་ཐོ་གཞུང་འབྱོར་ཡོད།

རཱོ་ཧིན་གྷ་ཡའི་མི་ཚོས་བྷང་ལ་དེ་ཤིར་སྐྱབས་བཅོལ་འགྲོ་སྐབས། ནག་གསེང་ཁྲོད་ཡིབ་པ་དང་རི་བོ་དང་ཆུ་བོ་མང་པོ་བརྒྱུད་དགོས་པ་མ་ཟད། ཉིན་གྲངས་ཁ་ཤས་རིང་གོམ་པ་བརྒྱབས་ཏེ་ད་གཟོད་བྷང་ལ་དེ་ཤིར་སླེབས་ཀྱི་ཡོད་པ་རེད། རཱོ་ཧིན་གྷ་ཡའི་མི་བྲོས་བྱོལ་དུ་སླེབས་པའི་ཁྲོད་ནས་མང་པོ་ཞིག་ད་ལྟ་ནད་པ་ཡིན་པ་དང་ཁ་ཤས་ལ་མདེའུ་ཡིས་རྨས་སྐྱོན་བཟོས་པའང་ཡོད་འདུག

ད་ལྟ་བྷང་ལ་དེ་ཤིའི་ས་གནས་ཀུ་ཏུ་པཱ་ལོང་(Kutupalong)དང་ན་ཡ་པ་རཱ་(Nayapara)གཉིས་ལ་རཱོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་མི་གྲངས་ ༣༠༠༠༠ ལྷག་སླེབས་ཡོད་སྟབས། དེར་ཡོད་སྐྱབས་བཅོལ་བའི་གནས་སྐབས་ཀྱི་སྡོད་ཤག་འདང་ངེས་ཤིག་གོ་སྒྲིག་བྱེད་ཐུབ་མེད་པ་རེད། སྐྱབས་བཅོལ་བ་མང་པོ་ཞིག་དེའི་ཉེ་འཁོར་གྱི་གྲོང་གསེབ་དང་ས་ཁུལ་ཁག་ལ་གནས་སྐབས་འཚོ་བ་སྐྱེལ་ཐབས་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་འབར་མ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་རོགས་ཚོགས་སྡེ་ཚན་རཱ་ཀྷིན་མངའ་སྡེའི་བྱང་ཕྱོགས་སུ་དཀའ་སྡུག་མྱོང་བཞིན་པའི་མི་རྣམས་ལ་ཟས་དང་སྨན་བཅོས་ཀྱི་རོགས་རམ་བྱེད་པར་འགྲོ་བཅུག་མེད་སྟབས། ཕྱི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་རོགས་ཚོགས་སྡེ་ཚན་ནས་གསར་ལམ་ཁག་ཏུ་དེར་ཡོད་མི་རྣམས་བདེ་འཇགས་ལ་རེ་སྒུག་བྱེད་ཀྱིན་འཆི་བཞིན་ཡོད་སྐོར་བརྗོད་ཡོད་འདུག

གནད་དོན་དེའི་རྒྱབ་ལྗོངས་གང་རེད།

འདས་པའི་ལོ་ངོ་བཅུ་ཕྲག་གོང་ནས་རཱ་ཀྷིན་མངའ་སྡེའི་ནང་མི་རིགས་གཉིས་མ་འཆམ་པར་ཡང་ཡང་འཁྲུག་རྩོད་ཀྱི་ཟིང་ཆ་བྱུང་དང་འབྱུང་བཞིན་ཡོད་པ་རེད། ལོ་སྔོན་མའི་ཕྱི་ཟླ་ ༨ པའི་ནང་ཁུལ་དེར་འབར་མའི་ཉེས་རྟོག་པའི་དཔོན་པོ་དགུ་བསད་ཡོད་པ་དང་། འབར་མའི་གཞུང་གིས་དེ་ནི་རཱོ་ཧིན་གྷ་ཡའི་ཁ་ཆེ་རྗེས་འཇུག་པ་རྣམས་ཀྱི་བྱ་སྤྱོད་ཡིན་པར་བརྗོད་ཡོད། སྐབས་དེར་ཁུལ་དེ་ནས་བྷང་ལ་དེ་ཤི་རྒྱལ་ཁབ་ཏུ་རཱོ་ཧིན་གྷ་ཡའི་ཁ་ཆེ་མི་གྲངས་ ༨༧༠༠༠ ལྷག་བྲོས་བྱོལ་དུ་ཕྱིན་པ་མ་ཟད། དེ་ནས་བཟུང་འབར་མའི་གཞུང་གིས་རཱ་ཀྷིན་མངའ་སྡེའི་ནང་དམག་མི་མང་དུ་བཏང་སྟེ་དམ་དྲག་ཤུགས་ཆེན་པོར་བྱེད་མགོ་བརྩམས་ཡོད་པ་རེད།

འབར་མའི་རྒྱལ་ཁབ་ནང་ཁ་ཆེ་ནི་གྲངས་ཉུང་མི་རིགས་རེད། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རཱོ་ཧིན་གྷ་ཡའི་གནད་དོན་དེ་ནི་གྲངས་ཉུང་མི་རིགས་རྩ་མེད་བཟོ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཀྱང་ཡང་ཡང་དེ་བཞིན་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག འོན་ཀྱང་། འབར་མ་གཞུང་གིས་སྐྱོན་བརྗོད་དེ་དག་ངོས་ལེན་བྱེད་ཀྱི་མེད།

ཕྱི་ཟླ་ ༨ པའི་ནང་ནང་པའི་མི་བདུན་གྱི་ལུས་པོ་དུམ་བུར་བཏུབས་ཏེ་བསད་པའི་གནས་ཚུལ་ཐོན་རྗེས། འབར་མ་གཞུང་གིས་རཱ་ཀྷིན་མངའ་སྡེའི་ནང་དམག་མི་མང་དུ་བཏང་འདུག དམག་མི་མང་དུ་བཏང་བ་དེས་སླར་ཡང་ཁུལ་དེར་དྲག་གནོན་ཤུགས་ཆེན་པོར་འབྱུང་བའི་ཉེན་ཁ་ཡོད།

ཉེ་ལམ་བྱུང་བའི་རཱོ་ཧིན་གྷ་ཡའི་དྲག་རྩུབ་ཀྱི་གནད་དོན་དེ་ནི་ཁུལ་དེར་དམག་མི་མང་དུ་བཏང་ནས་བྱུང་བ་ཁོ་ན་མིན་པར། རཱོ་ཧིན་གྷ་ཡའི་དྲག་སྤྱོད་པའི་སྡེ་རཱོ་ཧིན་གྷ་ཡའི་འཇིགས་སྐྱོབ་དམག་ཅེས་པ་དེས་གནད་དོན་དེའི་ཐད་ཐེ་གཏུག་བྱས་པ་དེས་ཀྱང་དྲག་རྩུབ་བྱུང་བའི་རྐྱེན་བྱས་ཡོད་པ་རེད།  རཱོ་ཧིན་གྷ་ཡའི་འཇིགས་སྐྱོབ་དམག་མིས་འབར་མ་གཞུང་དམག་ལ་དྲག་རྒོལ་བྱས་པ་དེ་སོ་སོའི་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

འབར་མ་གཞུང་གིས་འགྲེལ་བརྗོད་གང་བྱེད་ཀྱི་ཡོད།

སྤྱིར་འབར་མའི་གཞུང་གིས་རཱོ་ཧིན་གྷི་ཡའི་མི་ཚོས་རང་གི་གྲོང་གསེབ་རང་གིས་མེར་བསྲེག་གཏོང་གི་ཡོད་པ་མ་ཟད། ནང་པ་དང་ཧིན་རྡུའི་རྗེས་འབྲང་བ་རྣམས་ལྐོག་གསོད་བྱེད་ཀྱི་ཡོད་སྐོར་བརྗོད་པ་དང་། འབར་མའི་དམག་མིས་གནད་དོན་དེའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་མི་རེ་གཉིས་མ་གཏོགས་མང་ཆེ་བ་ནི་དྲག་སྤྱོད་པ་རང་རེད་ཅེས་འགྲེལ་བརྗོད་བྱས་འདུག འོན་ཀྱང་། ད་ལྟའི་བར་དུ་རཱ་ཀྷིན་མངའ་སྡེའི་ནང་ཕྱིའི་མི་གཏོང་གི་མེད་སྟབས། ང་ཚོས་འབར་མའི་གཞུང་དང་དམག་མིས་འགྲེལ་བརྗོད་བྱས་པ་དེ་དག་ནི་བདེན་པ་ཡིན་ཞེས་བརྗོད་པར་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད།

འབར་མ་གཞུང་གིས་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པའི་རྒྱུན་ལས་ཚོས་རཱོ་ཧིན་གྷ་ཡའི་མི་ལ་རོགས་སྐྱོར་བྱེད་པར་ཁ་གཡར་ཏེ། རཱ་ཀྷིན་མངའ་སྡེའི་མཐའ་སྐོར་དུ་གནས་པའི་དྲག་སྤྱོད་པར་ལྐོག་ཏུ་རྒྱབ་སྐྱོར་དང་མཐུན་སྦྱོར་རོགས་རམས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད།

འབར་མ་གཞུང་གིས་རྒྱལ་སྤྱིའི་སྟེང་དུ་རཱོ་ཧིན་གྷ་ཡའི་གནད་དོན་དེ་ནི་མི་རིགས་གཙང་བཟོའི་ལས་འགུལ་(Ethnic Cleansing)ཞིག་ཡིན་ཚུལ་བརྗོད་པ་དེར་ངོས་ལེན་གཏན་ནས་བྱེད་ཀྱི་མེད་པ་མ་ཟད། ཕྱི་ཟླ་ ༦ པའི་ནང་འབར་མ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རཱོ་ཧིན་གྷ་ཡའི་དོན་རྐྱེན་དེ་བྱུང་བའི་གཞི་རྩ་གང་ལ་ཐུག་ཡོད་མེད་ཐད་ཞིབ་འཇུག་མ་བྱེད་པར། རྒྱལ་སྤྱིའི་སྟེང་དུ་འབར་མའི་བདེ་འཇགས་དམག་མིས་རཱོ་ཧིན་གྷ་ཡའི་མི་རིགས་ལ་ཉེས་མེད་དུ་དམར་གསོད་དང་བཙན་གཡེམ། གདུག་རྩུབ་དང་མནར་གཅོད་གཏོང་བཞིན་ཡོད་ཚུལ་སྒྲོག་བཞིན་པ་དེ་ཁོ་ནར་དོ་སྣང་བྱེད་ཀྱི་འདུག་པས། འབར་མའི་གཞུང་གི་ངོས་ནས་གནད་དོན་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ལ་མཐུན་འགྱུར་རོགས་རམ་གང་ཡང་བྱེད་ཀྱི་མེད་ཅེས་ཐད་ཀར་བརྗོད་ཡོད་འདུག

 ལྕམ་སྐུ་ཨན་སན་སུའུ་སྐྱིད་ལགས་ཀྱིས་གནད་དོན་དེའི་སྐོར་ལ་གང་ཡང་མ་གསུང་པའི་རྒྱུ་མཚན་གང་ཡིན་ནམ།

ལྕམ་སྐུ་ཨན་སན་སུའུ་སྐྱིད་ལགས་ལ་ཐོག་མར་དབང་ཆ་ཆེ་རུ་འགྲོ་དུས། ཁོང་ནི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་སྟབས། མི་ཚང་མས་ལྕམ་སྐུ་ལགས་ཀྱིས་འབར་མའི་རྒྱལ་ཁབ་ནང་མི་རིགས་མ་འདྲ་བ་ཕན་ཚུན་བར་དབྱེ་འབྱེད་ཀྱི་རྩོད་རྙོག་ཆེན་པོ་ཡོད་པ་དེ་འདུམ་སྒྲིག་ཡོང་བའི་རེ་བ་ཆེན་པོ་བྱས་པ་རེད། འོན་ཀྱང་། ལྕམ་སྐུ་ལགས་ཀྱིས་རཱོ་ཧིན་གྷ་ཡའི་དྲག་གནོན་ཐད་གང་ཡང་མ་གསུང་པར་བཞུགས་ཡོད་སྟབས། དེང་སང་འཛམ་གླིང་གི་ཕྱོགས་གང་ས་ནས་མི་ཚོས་ཁོང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་ནས་ཁོང་ལ་ཁུལ་དེར་འབར་མ་གཞུང་དམག་གི་ལས་འགུལ་ཤུགས་ཆེར་འགྲོ་བཞིན་པ་དེ་གང་མྱུར་ཕྱིར་འཐེན་བྱེད་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག

ལོ་སྔོན་མ་ལྕམ་སྐུ་ཨང་སན་སུའུ་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀཱོ་ཕི་ཨ་ནཱན་(Kofi Annan)གྱིས་དབུ་ཁྲིད་པའི་ཚོགས་པ་ཞིག་འབར་མའི་མངའ་སྡེ་རཱ་ཀྷིན་གྱི་རྩོད་རྙོག་འདུམ་སྒྲིག་ཐད་ལྟ་རྟོག་བྱེད་པར་བསྐོ་བཞག་བྱས་ཡོད། འོན་ཀྱང་། སྐབས་དེར་ལྕམ་སྐུ་ལགས་ཀྱིས་རཱོ་ཧིན་གྷ་ཡའི་དྲག་གནོན་གྱི་གནད་དོན་དེར་སྐྱོན་བརྗོད་གང་ཡང་བྱས་མེད།

མི་ཁ་ཤས་ཤིག་གིས། ལྕམ་སྐུ་ཨང་སན་སུའུ་སྐྱིད་ལགས་ཀྱིས་འབར་མའི་གཞུང་དམག་ལ་ཞེད་སྣང་བྱེད་ཀྱི་ཡོད་པའི་བསམ་ཚུལ་བཏོན་ཡོད། ལྕམ་ཁོང་རྒྱལ་ཁབ་ཀྱི་སློབ་སྟོན་པར་བདམ་ཐོན་བྱུང་ཡོད་ཀྱང་། འབར་མའི་ཆབ་སྲིད་ཀྱི་དབང་ཆ་གལ་ཆེན་མང་པོ་ཞིག་ད་དུང་ཡང་འབར་མའི་དམག་གཞུང་ལ་ཡོད་པ་མ་ཟད། འབར་མའི་གྲོས་ཚོགས་ནང་དམག་གཞུང་ལ་རྐུབ་སྟེགས་བརྒྱ་ཆ་ ༢༥ དམིགས་བསལ་གྱིས་ཟུར་འཇོག་བྱས་ཡོད་པ་རེད།

 མ་ཡིག་གི་དྲ་ཐག https://www.theguardian.com/global-development/2017/sep/06/who-are-the-rohingya-and-what-is-happening-in-myanmar

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༦ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

མཆན། 1

  1. དོན་གྲུབ་བཟང་པོ། says:
    ལོ་ 9 སྔོན།

    རྙོག་དྲ་ཡོད་ས་མང་ཆེ་བ་ཁ་ཆེ་མི་རིགས་དང་འབྲེལ་བ་འདུག
    དེ་དངོས་གནས་ཁོ་རང་ཚོས་མི་རིགས་རིང་ལུགས་ཀྱི་གོམས་གཤིས་ཡག་ཤོས་སྤྱོད་ལམ་ཡག་ཤོས་ཤིག་ཡིན་པར་འདྲ།
    འཇིགས་སྐུལ་རིང་ལུགས་འབྱུང་ས་འབྱུང་ཁུངས་ཡང་ཁ་ཆེ་མི་རིགས་ནས་རེད་ལོ་རྒྱུས་ཐོག་དམག་རྒྱག་ནས་ཁ་ཆེའི་ཆོས་ལུགས་དབང་བསྒྱུར་མཁན་ཁ་ཆེ་བ་རེད་ལ་ལོ་རྒྱུས་ཡོད་རིང་ལྡན་པའི་རིག་གནས་ཤུལ་བཞག་མེད་པར་བཟོ་མཁན་ཡང་ཁ་ཆེ་མི་རིགས་རེད།འཛམ་གླིང་ཐོག་ཁ་ཆེ་མི་རིགས་ཀྱི་འགྲོ་་བ་མི་རིགས་ལ་ཕན་ཐོགས་པའི་ལེགས་སྐྱེལ་གང་ཡང་མཐོང་གི་མི་འདུག
    འོ་ན་ད་འཛམ་གླིང་འདིར་ཐོག་མི་རིགས་ཀྱི་གད་སྙིད་ཨང་དང་པོ་དེ་མི་རིགས་གང་རེད་ཟེར་ན།ངས་བལྟས་ན་ཁ་ཆེའི་མི་རིགས་ཡིན་ནམ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese