མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་ ༢༨ འཁོར་བར་རྟེན་འབྲེལ་ཞུ།

བོད་ཀྱི་དུས་བབ།
༢༠༡༧/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༡༠ ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༢༨ འཁོར་བའི་དགའ་སྟོན་གྱི་ཉིན་མོར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་གོ་སྒྲིག་འོག་གཞུང་འབྲེལ་མཛད་སྒོ་ཟབ་རྒྱས་ཞུས་པ།

༄༅། །དེ་ཡང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། སྐྱེ་འགྲོ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྡོམ་བརྩོན་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་སྟེ། མགོན་པོ་གང་ཉིད་ལ་སྤྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༢༨ འཁོར་བའི་དགའ་སྟོན་གྱི་དུས་ཆེན་གྱི་ཉིན་མོར་གཞིས་བྱེས་བོད་མི་ཡོངས་དང་། དྲང་བདེན་དང་ཞི་བདེར་དགའ་བའི་འཛམ་གླིང་མི་མང་ཡོངས་ལ་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་མཛའ་བརྩེའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

ཟླ་འདིའི་ཚེས་ ༡༠ སྔ་དྲོའི་ཕྱག་ཚོད་ ༧/༣༠ ཐོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་སྤྱིའི་ནོར་བུ་རིར་གཞུང་འབྲེལ་མཛད་སྒོར་གདན་ས་ཆོས་སྒར་ཁག་གི་སྐྱབས་གནས་མཁན་རིན་པོ་ཆེ་རྣམ་པ་དང་དགེ་སྐོས། ཕྱག་མཛོད་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ RK Krimey མཆོག་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན། རང་བདེན་ཚོགས་གཙོ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། སེར་སྐྱ་མི་མང་ཚང་འཛོམས་ཀྱིས། ༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ་བ་དང་། མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་དང་བཞེས་བག གྲོ་མ་འབྲས་སིལ་བཅས་ཞུས་པ་དང་། དགའ་ཤར་གྲྭ་ཚང་གི་དབུ་མཛད་ཆེན་མོ་ལགས་ནས་ཞལ་འདོན་དབུ་བསྐུལ་གནང་སྟེ་བོད་ལྗོངས་ལྷ་སྲུང་འཕྲིན་བསྐུལ་དང་། སྐུ་རླུང་དར་འཛུགས་དང་བསངས་གསོལ་གསུང་ཆོག་ཟབ་རྒྱས་ཞུས་རྗེས། སྐུ་ངོ་གཞིས་འགོ་མཆོག་དང་། ས་འཐུས་ཚོགས་གཙོ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས། སྐུ་མགྲོན་གཙོ་བོ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་དང་། བོད་སློབ་འཛིན་ཚོགས་ནས་དགེ་རྒན་དང་སློབ་ཕྲུག་ཁག་ཅིག་ལ་ལེགས་སྐྱེས་གསོལ་རས་དང་ཕྱག་ཁྱེར་གསོལ་སྩལ་གནང་བ་སོགས་མཛད་སྒོ་ཟབ་རྒྱས་སྲུང་བརྩི་ཞུས།

ལོ་ལྟར་མཛད་སྒོ་འདོད་རྒུ་གླིང་གཞིས་སྤྱི་མི་མང་ཚོགས་ཁང་དུ་འཚོགས་ཀྱི་ཡོད་ཀྱང་། འདི་ལོ་ཟླ་འདིའི་ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་གཞིས་ཆགས་སུ་ཞབས་སོར་བཀའ་དྲིན་ཆེ་གཏན་འཁེལ་བར་ས་གནས་སྐུ་ཕྱྭའི་ཉེན་སྲུང་སླད་རྒྱ་གར་མངའ་སྡེ་གཞུང་གི་སྐོར་སྲུང་མི་མང་རུ་ཁག་ཆེད་གཞིས་སྤྱི་ཚོགས་ཁང་དུ་སྡོད་གནས་གོ་སྒྲིག་ཞུ་དགོས་པར་བརྟེན། འདི་ལོའི་མཛད་སྒོ་གཞིས་སྤྱིའི་ནོར་བུར་རིར་འཚོག་རྒྱུར། གོ་སྒྲིག་མཐུན་འགྱུར་ཆ་ཚང་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ཞུ་དགོས་བཀའ་གསལ་ཕེབས་དགོངས་བཞིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་ཆེན་མཛད་སྒོ་ལོ་ལྟར་གཞིས་སྤྱིའི་ནོར་བུ་རིར་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་གོ་སྒྲིག་ཞུ་མུས་བཞིན། འདི་ལོའི་ཞི་བདེའི་གཟེངས་རྟགས་ཀྱི་དུས་ཆེན་མཛད་སྒོ་དེ་ཡང་གོ་སྒྲིག་ཟབ་རྒྱས་ཞུས།

ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནི། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་སྲས་བཅས་རྒྱལ་བ་རྒྱ་མཚོའི་སྤྱན་སྔར་ཐུགས་བསྐྱེད་དམ་བཅའ་ཇི་ལྟར་མཛད་པ་བཞིན། སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་འགྲོ་བ་ཡོངས་ཀྱི་བདེ་དོན་ཆེད་གཏོང་གནང་གི་རླབས་ཆེན་ཀུན་ཕན་མཛད་འཕྲིན་གྱི་རྟ་བདུན་དབང་པོའི་དཀྱིལ་འཁོར་འབུམ་ཕྲག་ལྷམ་མེ། ལྷན་ནེ། ལྷང་ངེར་གསལ་ཞིིང། ཁྱད་པར་དེང་ཕྱི་དངོས་པོའི་དཔལ་ཡོན་ཡར་རྒྱས་ཚད་མཐོར་ཕྱིན་ཀྱང་། འདོད་རྔམ་དང་འགྲན་རྩོད་ཕྲག་དོག་སོགས་ཀྱི་གཞན་དབང་དུ་སོང་སྟེ། མི་རྣམས་སེམས་ཀྱི་བདེ་སྐྱིད་འཚོལ་བའི་ཤེས་རབ་ཀྱི་མིག་དང་བྲལ་བར་གྱུར་པ་ན། མགོན་པོ་མཆོག་ནས་འགྲོ་བ་ཀུན་ལ་ཁྱབ་པའི་བྱམས་བརྩེ་དང་། མིའི་སེམས་ལ་བག་ཕེབས་དང་སྤྲོ་སྣང་རབ་ཏུ་སྟེར་བའི་བཅོས་མིན་ཞལ་རས་དགྱེས་བརྩེའི་འཛུམ་མདངས་དང་། བཞད་སྒྲ་བཅས་འཛམ་གླིང་གི་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས་ཏེ། དུས་ཀྱི་དགོས་མཁོ་དང་འཚམ་པའི་རྩ་ཆེའི་ལམ་སྟོན་ཟབ་མོ་བསྩལ་གནང་གིས་འགྲོ་བ་མི་རྣམས་ཀྱི་སེམས་ལ་རེ་བའི་འོད་སྣང་སྦྱིན་བཞིན་ཡོད་ལ། ལྷག་པར་ཡང་ཁོང་གིས་སེམས་ཁམས་རིག་པ་དང་རྟེན་འབྱུང་གི་ལྟ་བ་ཟུང་དུ་འབྲེལ་བའི་ནང་པའི་ཁྱད་དུ་འཕགས་པའི་གཅེས་ནོར་ཁག་དང་དེང་རབས་ཚན་རིག་བར་གོ་བསྡུར་ཡང་ཡང་མཛད་བཞིན་པ་བཅས་ནི། ནང་པའི་ཚན་རིག་དང་དེང་རབས་ཚན་རིག་གཉིས་ཟུང་འབྲེལ་གྱིས་སེམས་ཁམས་ཚན་རིག་གི་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ། དུས་རབས་འདི་དང་འབྱུང་འགྱུར་གྱི་དུས་རབས་ནང་འགྲོ་བ་མིའི་རིགས་རྣམས་བདེ་སྐྱིད་ལྡན་པ་དང༌། མིའི་སྤྱི་ཚོགས་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བརྩོན་དང་མཛད་ཁུར་ལྷག་པར་བཞེས་བཞིན་ཡོད།

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སྟོན་པ་མྱང་འདས་དུས་ཆེན་མཛད་སྒོར་ཆིབས་སྒྱུར་གནང་སྐབས། Banaras Hindu University ཞེས་པའི་གཙུག་ལག་སློབ་ཆེན་གྱིས་༸རྒྱལ་བ་༸པཎ་ཆེན་རྣམ་གཉིས་ལ་ཆེ་བསྟོད་ཕྱག་འཁྱེར་“Doctor of Letters”ཞེས་པ་རེ་ཕུལ་བ་ནི་ཕྱག་འཁྱེར་འབུལ་བཞེས་ཀྱི་ཐོག་མ་དེ་ཡིན། ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་ནས་ཐོག་མར་ཕུལ་བའི་གཟེངས་རྟགས་ནི། ཕྱི་ལོ་ ༡༩༥༩ ལོར་ཧྥེའི་ལེའི་པིན་(Philippines) ནས་ཕུལ་བའི་“Ramon Magsaysay Award”ཞེས་པའི་རྟགས་མ་དེ་ཡིན་ཞིང་། དེ་ནས་ད་བར་གཟེངས་རྟགས་གྲངས་ ༡༧༠ ལྷག་འབུལ་བཞེས་མཛད་ཡོད་ཅིང་། འདི་ལོ་གཅིག་པུར་མཚོན་ནའང་ཨིན་ཡུལ་དང་། འཇར་མི་ནི། ཨི་ཊ་ལི། ལ་ཏིཝི་ཡ་བཅས་ཡུ་རོབ་རྒྱལ་ཁབ་ཁག་དང་། ཨ་རི། རྒྱལ་ས་ལྡི་ལིས་གཙོས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཏེ་འཚེ་མེད་ཞི་བའི་དེད་དཔོན་གྱི་གཟེངས་རྟགས་དང་། ཆེ་བསྟོད་ཕྱག་ཁྱེར། ཆེ་བསྟོད་མི་སེར་གྱི་མཚན་གནས་སོགས་གཟེངས་རྟགས་གྲངས་བཅུ་ལྷག་འབུལ་ལམ་ཞུས་པར་དགྱེས་བཞེས་མཛད་ཡོད།

ཡུལ་གྲུ་དེ་དག་ཏུ་ཆིབས་སྒྱུར་སྐབས་བཀའ་སློབ་བསྩལ་བར་འགྲོ་བ་མིའི་རྩོད་རྙོག་རྐྱེན་པས་འཚེ་བ་བརྒྱུད་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། འཛམ་གླིང་གི་དཔལ་འབྱོར་དང་ཁོར་ཡུག་གི་གནས་སྟངས་ཀྱང་ཉམས་ཆག་འགྲོ་བཞིན་ཡོད། ང་ཚོས་དུས་རབས་ཉེར་གཅིག་འདི་བཞིན་བཟོད་བསྲན་དང་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་དུས་རབས་ཤིག་ཆགས་རྒྱུར་འབད་བརྩོན་གནང་དགོས། དེ་ལྟར་ཡོང་བར་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་མ་འདང་བའི་ཆ་ཞིག་ཡོད་པར་བརྟེན། དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་། མང་ཚོགས་ནས་བྱམས་བརྩེ་ཉམས་ལེན་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་དང་། སེམས་ཀྱི་ཞི་བདེ་ཡོང་ཁུངས་ངོ་མ་ནི་བྱམས་བརྩེ་དང་སྙིང་རྗེ་ཡིན་སྐོར་ལམ་སྟོན་དང་འབོད་སྐུལ་གནང་ཡོད།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལ་མཚོན་ན། ཕྱི་ལོ་ ༡༩༨༩ ལོར་ (NOBEL PEACE PRIZE) ཞེས་གླིང་བཞིའི་ཁྱོན་ལ་སྙན་པར་གྲགས་པའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་༸གོང་ས་མཆོག་ལ་འབུལ་རྒྱུ་ཐུགས་གཏན་འཁེལ་སྐབས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས་འཛམ་གླིང་ཡོངས་ལ་གསལ་བསྒྲགས་གནང་བའི་ནང་གསལ་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཐད་ཕན་ཚུན་བཟོད་སྒོམ་དང་། གུས་བརྩི་ལྡན་པའི་མཛད་ཕྱོགས་ཁོ་ན་གནང་ཞིང་། བོད་མི་རིགས་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་ཤུལ་རྒྱུན་བཟང་པོ་རྣམས་གཅེས་སྲུང་དང་རྩ་མེད་དུ་མི་འགྲོ་བའི་བདག་གཅེས་གནང་བའི་ཐོག །འཛམ་གླིང་ཞི་བདེ་དང་། རྒྱལ་སྤྱིའི་འཁྲུག་རྩོད་ཁག་ཞི་ཐབས། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། མིའི་རིགས་སྤྱི་ལ་འཕྲད་བཞིན་པའི་ཐུན་མོང་གི་དཀའ་ངལ་སེལ་ཐབས་བཅས་ལ་སྨན་པའི་རླབས་ཆེན་གྱི་མཛད་འཕྲིན་བགྲང་ལས་འདས་པ་ཞིག་བསྐྱངས་དང་སྐྱོང་བཞིན་ཡོད་པར་འཛམ་གླིང་མི་མང་ནས་ཆེ་མཐོང་དང་གུས་བརྩི་རྒྱབ་སྐྱོར་མཚོན་སླད་གཟེངས་རྟགས་འབུལ་ལམ་ཞུས་པ་ཞིག་ཡིན།

ཐེངས་དེའི་གཟེངས་རྟགས་འོས་མིའི་ཁོངས་སུ་ཨུ་རུ་སུའི་སྲིད་འཛིན་མེ་ཀར་གྷོར་པཱ་ཇོབ་དང་། ཨ་རིའི་སྲིད་འཛིན་ཟུར་པ་རོ་ནལ་རི་གྷན། ལྷོ་ཨཧྤི་ཀའི་རྒྱལ་གཅེས་དབུ་འཁྲིད་ནལ་སན་མན་ཌ་ལཱ། འབར་མའི་དམངས་གཙོ་དབུ་ཁྲིད་ཨང་སཱན་སའོ་ཇཱི་སོགས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མི་སྣ་བདུན་ཅུ་དོན་དྲུག་དང་། ཚོགས་སྡེ་ཉི་ཤུ་རྩ་ལྔ་བཅས་ཡོད་པའི་ཁྲོད་ནས་དུས་རབས་འདིའི་ནང་སུས་ཀྱང་འགྲན་དུ་མེད་པའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གསེར་རིའི་དབུས་ན་ལྷུན་པོ་དང་། རྒྱུ་སྐར་དབུས་ཀྱི་ཉ་རྒྱས་ཟླ་བ་བཞིན་རྩོད་མེད་ཀྱི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོར་མངའ་གསོལ་ཞུས་པ་ནས་ཁོང་ཉིད་འཛམ་གླིང་ནང་གུས་བཀུར་དང་དགའ་མོས་ཆེ་ཤོས་ཞུ་ཡུལ་དང་། ཞི་བདེ་དང་བྱམས་བརྩེའི་མཚོན་རྟགས་སུའང་ངོས་འཛིན་ཞུ་བཞིན་ཡོད། ༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེས་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་ཡང་སྔར་ལྷག་གོང་མཐོར་སོང་ཡོད།

༸རྒྱལ་དབང་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་བྱས་མ་ཐག་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་འཚམས་འདྲི་ཞུ་བའི་གྲོས་ཆོད་(ཨང་ ༧༥དང་། ཨང་ ༢༠༩) གཉིས་བཞག་གནང་བ་དང་། རྒྱ་གར་གྱི་སྲིད་འཛིན་ཨར་བན་ཀཏྲ་རཱ་མཱན་མཆོག་གི་འཚམས་འཕྲིན་ནང་། ༸གོང་ས་མཆོག་གིས་དུས་རྟག་ཏུ་འཚེ་བ་ཡོངས་སུ་སྤངས་པའི་སྒོ་ནས་ཞི་མཐུན་གྱི་ཐབས་ལམ་ཟབ་མོ་ཁོ་ནར་འཇུག་པའི་རྒྱ་ཁྱབ་ཀྱི་མཛད་ཇུས་ཡང་དག་པ་ཞིག་ཕྱག་ལེན་དུ་བསྟར་གནང་བ་དང་། ལྷག་པར་ས་སྟེང་གི་སྐྱེ་འགྲོ་ཀུན་ལ་བྱམས་པ་དང་། བརྩེ་བ་ཁོ་ན་ཕྱག་བཞེས་བསྐྱངས་པའི་ཁྱད་ཆོས་བཟང་པོ་རྣམས་མང་མོས་ངོས་འཛིན་ཞུས་ཏེ། ད་རེས་འཛམ་གླིང་ཞི་བདེའི་གཟེངས་བསྟོད་བྱ་དགའ་སྙན་གྲགས་ཆེ་ཤོས་དེ་འབུལ་ལམ་ཞུས་པ་རེད། ཅེས་འཁོད་པ་སོགས་འཛམ་གླིང་ཞི་བདེར་དགའ་བའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་། སྙན་གྲགས་ཅན་གྱི་མི་སྣ། ཆོས་ལུགས་ཁག་གི་དབུ་ཁྲིད་སོགས་ཀྱིས་བླ་ན་མེད་པའི་ཆེ་བསྟོད་དང་། བསྔགས་བརྗོད། འཚམས་འདྲི་ཞུས་པའི་འཕྲིན་བཟང་གི་སྙན་པ་འཛམ་གླིང་ཀུན་ཏུ་བསྒྲགས་པ་མ་ཟད། རྒྱལ་ཁབ་ཁག་གི་བརྙན་འཕྲིན་དང་རླུང་འཕྲིན། གསར་ཤོག་སོགས་གསར་འགྱུར་བརྒྱུད་ལམ་ཁག་གིས་བསྟོད་དབྱངས་ཀྱི་རྔ་སྒྲ་བར་མེད་དུ་བསྒྲགས་པ་སོགས་ཀྱིས་བོད་དང་། བོད་མིའི་ཆོས་དང་རིག་གཞུང་། བོད་ཀྱི་བདེན་དོན་དེ་རྒྱལ་སྤྱིའི་གར་སྟེགས་སྟེང་སྐུལ་འདེད་ཀྱི་གོམ་སྟབས་གསར་པ་ཞིག་ལ་བསྒྱུར་གནང་མཛད།

༸མགོན་པོ་མཆོག་གི་གཞན་ཕན་གྱི་མཛད་འཕྲིན་སྤྱི་དང་། ཁྱད་པར་དུས་རབས་འདིའི་འགྲོ་བ་མིའི་བདེ་སྡུག་དང་། བསམ་བློ། ཁོར་ཡུག་གི་གནས་སྟངས་བཅས་ལ་དགོངས་བཞེས་བླ་མེད་ཀྱིས་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོང་གཏོང་རྒྱུ་དང། འཛམ་གླིང་གི་ཆོས་ལུགས་ཁག་ནང་ཁུལ་ཕན་ཚུན་མཐུན་ལམ་གོང་འཕེལ་དུ་གཏོང་རྒྱུ། བོད་མིའི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པར་སྲུང་སྐྱོབ་བྱ་རྒྱུས་མཚོན་མདོར་ན་རྟེན་འབྱུང་གི་ལྟ་བ་དང་གཞན་ཕན་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་བཟང་དེ་ཉིད་གང་ཉིད་ཀྱི་ཉམས་བཞེས་ཀྱི་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང་། གཞན་ལའང་འཆད་སྤེལ་གཙོ་བོར་མཛད་པ་སོགས་གསང་གསུམ་གྱི་མཛད་འཕྲིན་གཞལ་དུ་མེད་པ་བསྐྱངས་དང་སྐྱོང་བཞིན་པ་བཅས་ལ་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག་འདྲ་མིན་ནས་ཆོས་དང་། རིག་གཞུང་། ཚན་རིག ལྟ་གྲུབ། སེམས་ཁམས་རིག་པ་སོགས་སྡེ་ཚན་སྣ་ཚོགས་པའི་སྒོ་ནས་ཆེ་བསྟོད་དང་གཟེངས་རྟགས། ཕྱག་འཁྱེར། མཚན་གནས་སོགས་བགྲང་གིས་མི་ལང་བ་ཕུལ་ཏེ་དེང་འཛམ་གླིང་ནང་མཚན་སྙན་ཆེ་ཤོས་སུ་གྱུར་ཡོད།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས། མཁན་མིང་འཛིན་པ་དགེ་བཤེས་བྱང་ཆུབ་སངས་རྒྱས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ལ།། །།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese