༧གོང་ས་མཆོག་གི་ཡུ་རོབ་ཁུལ་གྱི་བདུན་ཕྲག་གཅིག་ཙམ་རིང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་དེ་རིང་ཉིན་གུང་བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད་སོང་།
ཕྱི་ཚེས་ ༡༢ ནས་བཟུང་ཡུ་རོབ་རྒྱལ་ཁབ་ལི་ཐའོ་ནེ་ཡའི་(Lithuania)དང་། ལྰ་ཊི་ཝེ་ཡའི(Latvia)ནང་གི་ཆོས་འབྲེལ་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། དེ་རིང་ཉིན་གུང་ཆུ་ཚོད་ ༡ མ་ཟིན་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད། བཞུགས་སྒར་དྷ་རམ་ས་ལའི་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་སོང་།
གཞན་ཡང་སྐུ་སྒེར་དྲྭ་བའི་མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣ ནས་༧གོང་ས་རྒྱ་བ་རིན་པོ་ཆེ་མཆོག་ལྡི་ལི་ནས་ཕེབས་ཐོན་གྱིས་ལ་དྭགས་ཀྱི་ཕོ་བྲང་ཞི་བའི་ཚལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་དེ་ཕྱི་ཚེས་ ༢༡ བར་ཉིན་གྲངས་ ༡༩ རིང་ཡུལ་དེར་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༤ ནས་ ༡༧ བར་ནུབ་རར་ཕེབས་ཏེ་བདེ་སྐྱིད་དགོན་དང་བདེ་སྐྱིད་ཕོ་བྲང་ལ་བཞུགས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༨ ཉིན་ནས་བསམ་བསྟན་གླིང་གི་དབྱར་ཆོས་ཆེན་མོའི་དབུ་འཛུགས་མཛད་སྒོར་ཆིབས་བསྒྱུར་དང་། ཕྱི་ཚེས་ ༡༩ ཉིན་སེམས་བསྐྱེད་བཀའ་རྒྱ་མ་དང་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་འཆད་འཁྲིད་གནང་རྒྱུ་ཡིན་འདུག གཞན་ཡང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ཚེ་དབང་གསུང་ཆོས་དཀའ་དྲིན་བསྩལ་གནང་རྒྱུ་དང་དད་ལྡན་མང་ཚོགས་ཀྱིས་བརྟན་བཞུགས་ཕུལ་གྲུབ་མཚམས་ཕྱི་ཚེས་ ༢༡ ཕྱིར་དྷ་སའི་ཕྲོ་བྲང་ལ་ཆིབས་སྒྱུར་དཀའ་དྲིན་བསྐྱང་རྒྱུ་ཡིན་འདུག