ཨ་རིའི་གྲོས་ཚོགས་གོང་མའི་ནང་ཐའེ་ཝན་གྱི་མནའ་འབྲེལ་སྲུང་སྐྱོབ་དང་ཕྱི་འབྲེལ་གོང་སྤེལ་གཏོང་ཐབས་ཀྱི་མཐའ་མའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱལ་སྤྱིའི་ཐོག་ཐའེ་ཝན་གྱི་མནའ་འབྲེལ་སྲུང་སྐྱོབ་དང་གོང་སྤེལ་གཏོང་ཐབས་ཀྱི་མཐའ་མའི་ཁྲིམས་འཆར་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་སྟེ། སྲིད་འཛིན་ཊོམ་ཕུ་མཆོག་གི་ཆོག་མཆན་ཐོབ་ཚེ་ཨ་རིའི་ཁྲིམས་ལ་འགྱུར་གྱི་ཡོད་པ་དང་། གྲོས་གཞི་དེའི་ནང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཐའེ་ཝན་མཉམ་ཞུགས་ཡོང་ཐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཐའེ་ཝན་མཉམ་ཞུགས་བྱེད་པར་རྒྱལ་ཁབ་ཀྱི་ངོ་བོ་དགོས་ངེས་ཅན་ཞིག་མིན་པ་དང་། ཐའེ་ཝན་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་ཟུར་ཞུགས་པའི་གནས་བབ་སྤྲོད་པར་རྒྱབ་སྐྱོར་བྱེད་པ་དང་། ཨ་རྒྱ་གཉིས་ཀྱི་མགོ་ཁྲིད་ཀྱི་ཚོགས་འདུ་དང་དཔལ་འབྱོར་ཀྱི་གྲོས་མོལ་ནང་། ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་དང་མཉམ་དུ་ཐའེ་ཝན་དེ་བཞིན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མཉམ་ཞུགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་བཅས་ཡིན་འདུག
ཨ་རིས་སྤྱིར་ཐའེ་ཝན་དང་འབྲེལ་བའི་གྲོས་གཞི་དེ་འདས་ལོའི་ཕྱི་ཟླ་ ༥ ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Cory Gardner)ལགས་ནས་ཐེངས་དང་པོར་ངོ་སྤྲོད་གནང་ཡོད་པ་དང་། ཕྱི་ཟླ་ ༡༠ ནང་སྤྱི་མོས་བྱུང་རྗེས། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༤ ཉིན་གྲོས་ཚོགས་འོག་མའི་ནང་མོས་མཐུན་བྱུང་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་གཞིར་ཞིབ་བསྡུར་བྱས་ཏེ་མཐའ་མའི་གཏན་འབེབ་རྗེས་གྲོས་ཚོགས་གོང་མའི་ནང་སླར་ཡང་སྤྱི་མོས་ཐོབ་ཡོད་པ་དང་། ཉིན་གྲངས་ ༡༠ ནང་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བརྒྱབ་ཏེ་དངོས་སུ་ཁྲིམས་སུ་ཆགས་དགོས་ཀྱི་ཡོད་འདུག
ཕྱི་ལོ་ ༢༠༡༦ ལོར་ཐའེ་ཝན་ནང་ལྕམ་ཚའེ་ཡེན་ཝིན་མཆོག་གིས་སྲིད་འཛིན་གྱི་ལས་ཁུར་ཞུས་པ་ནས་བཟུང་། པ་ན་མ་ (Panama) དང་ཨེལ་སལ་ཝོ་ཌོར་ (El Salvador) ། སོ་ལོ་མོན་ (Solomon Islands) སོགས་གླིང་ཕྲན་རྒྱལ་ཁབ་ ༧ གྱིས་རིམ་པ་བཞིན་ཕྱི་འབྲེལ་སྲིད་བྱུས་རྒྱ་ནག་ལ་ཁ་ཕྱོགས་བསྒྱུར་ཡོད་སྟབས། ཐའེ་ཝན་གྱིས་ཡུན་རིང་ཕྱི་འབྲེལ་སྲིད་བྱུས་དམ་པོ་ཡོད་པའི་རྒྱལ་ཁབ་ཁག་ཅིག་རྒྱ་ནག་ཕྱོགས་སུ་ཤོར་ཡོད་ལ། ད་ལྟ་ཐའེ་ཝན་གླིང་ཕྲན་དང་ཕྱི་འབྲེལ་ཡོད་མཁན་རྒྱལ་ཁབ་ ༡༥ ལས་ལྷག་མེད་པ་རེད།
འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཐའེ་ཝན་གྱི་མནའ་འབྲེལ་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན། ཨ་རི་གཞུང་གིས་དེར་གདོང་ལེན་དང་ཐའེ་ཝན་ལ་རྒྱབ་སྐྱོར་བྱ་ཆེད་གྲོས་གཞི་བཏོན་པ་ཞིག་ཡིན་པ་དང་། གྲོས་ཆོད་ནང་ཨ་རིའི་གཞུང་གིས་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་ཁག་དང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་ཁག་ལ་ཐའེ་ཝན་གཞུང་གིས་ཕྱི་སྲིད་འབྲེལ་བ་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཐའེ་ཝན་གྱི་བདེ་སྲུང་དང་འཕེལ་རྒྱས་ལ་སྣང་ཆུང་བྱས་ཏེ་ཚབས་ཆེན་གྱི་བྱ་འགུལ་བརྩམས་ཚེ་ཨ་རིའི་ངོས་ནས་རྒྱལ་ཁབ་དེའི་དཔལ་འབྱོར་དང་བདེ་སྲུང་། ཕྱི་སྲིད་བཅས་ཀྱི་ཐོག་ནས་བརྡ་ལན་སྤྲོད་པ། དེ་བཞིན་གྲོས་གཞི་དེ་གཏན་ལ་ཕབས་ཉིན་ནས་ལོ་ལྔའི་རིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལགས་ནས་ལོ་རེར་ཐའེ་ཝན་གྱི་ཕྱི་འབྲེལ་གྱི་གནད་དོན་ཐོག་ཨ་རིའི་གྲོས་ཚོགས་ནང་སྙན་ཞུ་དགོས་པ་སོགས་བཀོད་ཡོད་འདུག
ཨ་རི་ནི་འཛམ་གླིང་ནང་ཐའེ་ཝན་གྱི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ལ། ཐའེ་ཝན་ནི་ཨ་རིའི་ཚོང་འབྲེལ་ཆེ་ཤོས་ཨང་ ༡༡ དེ་ཆགས་ཡོད་པས། གྲོས་གཞི་དེའི་ནང་ཕྱོགས་གཉིས་ཀྱི་ཚོང་གི་འབྲེལ་བ་དམ་དུ་གཏོང་ཐབས་དང་། དཔལ་འབྱོར་ཡར་རྒྱས་དང་བསྟུན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ནང་ལས་ཀ་གསར་པ་བསྐྲུན་པ། ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལ་དོ་ཕོག་མི་འབྱུང་བ་དང་སྔར་ལྷག་ཚོང་འབྲེལ་དམ་ཟབ་ཏུ་གཏོང་ཆེད་ཨ་རིའི་ཚོང་དོན་སྐུ་ཚབ་ནས་ཨ་རིའི་གྲོས་ཚོགས་ལ་ལམ་སྟོན་ཞུ་དགོས་སྐོར་སོགས་ཚོང་འབྲེལ་གྱི་དོན་ཚན་མང་པོ་ཞིག་ཀྱང་ཡོད་འདུག
གསར་འགོད་པ། ཀླུ་མགོན་ཐར།