ཧི་མ་ཅལ་མངའ་སྡེ་ཡི་ཁྱིམ་མཚེས་མངའ་སྡེ་ཁག་གི་ནང་ཏོག་དབྱིབས་ནད་པ་ཐོན་བཞིན་ཡོད་པས་ཁ་སང་ནས་བཟུང་ཧི་མ་ཅལ་ནང་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་བཀག་སྡོམ་བྱེད་ཀྱི་འདུགཁྱིམ་མཚེས་མངའ་སྡེ་ཁག་ཏུ་ཏོག་དབྱིབས་ནད་ཡམས་ཅན་གྱི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན། ཁ་སང་ནས་ཧི་མ་ཅལ་གཞུང་ནས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ཧི་མ་ཅལ་མངའ་སྡེའི་ནང་འཛུལ་རྒྱུར་བཀག་སྡོམ་གནང་བའི་མགོ་བཙུགས་ཡོད་པ་དང་། རྒྱ་གར་དབུས་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱལ་ཡོངས་མི་མང་རྣམས་སྔ་དྲོའི་ཆུ་ཚོད་ ༧ ནས་དགོང་མོའི་ཆུ་ཚོད་ ༩ པ་བར་རང་ཁྱིམ་དུ་སྡོད་དགོས་པའི་ལམ་སྟོན་གནང་འདུག
ཁ་སང་ཧི་མ་ཅལ་གཞུང་གིས་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་ཐང་ཚན་པས་བཏང་བའི་བཀའ་ཁྱབ་ནང་། ཧི་མ་ཅལ་གཞུང་ངོས་ནས་སློབ་གྲྭ་གཙོས་པའི་ཤེས་ཡོན་གྱི་སྡེ་ཁག་གཞན་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དག་སྒོ་བརྒྱབ་པ་དང་། མི་མང་རྣམས་ལ་དོན་ཆེན་ཡིན་ན་མ་གཏོགས་ཕྱི་རོལ་དུ་འགྲོ་སྐྱོད་མི་བྱ་རྒྱུའི་ལམ་སྟོན་གནང་སྟེ་སྔོན་འགོག་གང་ཐུབ་བྱེད་ཀྱི་ཡོད། ཕྱི་ཚེས་ ༡༨ ཉིན་གྱི་དགོང་མོར་ཅཱན་དྷི་གྷར་ (Chandigrah) ནང་ཏོག་དབྱིབས་ནད་པ་ཞིག་ཐོན་ཡོད་ཅིང་། ད་ལྟའི་ཆར་ཧི་མ་ཅལ་གྱི་ཁྱིམ་མཚེས་མངའ་སྡེ་ཚང་མའི་ནང་ཏོག་དབྱིབས་ནད་པ་ཐོན་ཡོད་པའི་གནས་སྟངས་ལ་གཞིགས་ཏེ། ཕྱི་ནས་ཏོག་དབྱིབས་ནད་ཡམས་མི་འགོ་བའི་ཆེད་དི་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་མངའ་སྡེའི་ནང་འཛུལ་རྒྱུར་བཀག་སྡོམ་བྱ་རྒྱུ་གལ་ཆེར་མཐོང་བས། ཕྱི་ལོ་ ༢༠༢༠ ལོའི་ཧི་མ་ཅལ་མངའ་སྡེའི་རིམས་ནད་སྔོན་འགོག་ཁྲིམས་ཡིག་(Himachal Pradesh Epidemic Disease (COVID-19) Regulation. 2020) གཞིར་བཟུང་དུས་ཡུན་ངེས་མེད་བར་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཚང་མ་ཧི་མ་ཅལ་མངའ་སྡེའི་ནང་འཛུལ་རྒྱུ་བཀག་པ་ཡིན། ཞེས་བཀོད་ཡོད་འདུགཁ་སང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇེ་རཱམ་ཋ་ཀོར་མཆོག་ནས་བརྙན་ལམ་བརྒྱུད་མང་ཚོགས་ལ་ལམ་སྟོན་ཞིག་གནང་བའི་ནང་། སྟབས་ལེགས་པ་ཞིག་ལ་ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གཅིག་ཀྱང་ཐོན་མེད་པ་རེད། ད་བར་དོགས་ཡོད་མི་གྲངས་བརྒྱད་ལ་བརྟག་དཔྱད་བྱས་འབྲས་སུ་ཚང་མར་རིམས་ནད་འགོས་མེད་པ་ཤེས་རྟོགས་བྱུང་ཡོད། གཞུང་ངོས་ནས་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་མི་འགྲོ་བའི་ཆེད་དུ་སྔོན་འགོག་གི་ཐབས་བྱུས་ཡོད་རྒུ་རྩལ་སྤྲུག་བྱེད་བཞིན་ཡོད། ང་ཚོས་མངའ་སྡེའི་རྫོང་ཁག་རིམ་པའི་ནང་རིམས་ནད་འགོག་རྒོལ་གྱི་ཆེད་ལས་མི་སྣ་འགྲེམ་འཇོག་བྱས་ཡོད་ལ། སིམ་ལའི་ཨིན་དྷ་ར་གྷན་དྷི་རྗེས་དྲན་སྨན་ཁང་དང་། ཊན་ཌ་སྨན་ཁང་། དེ་བཞིན་མན་ཌིར་ཡོད་པའི་གཞུང་སྨན་ཁང་བཅས་སུ་ཏོག་དབྱིབས་ནད་པའི་ཆེད་ཟུར་བཀར་བསྟེན་གཏུག་ཁང་བཙུགས་ཡོད་ལ། རྫོང་གི་སྨན་ཁང་གཞན་དུ་ཡང་དམིགས་བསལ་བསྟེན་གཏུག་ཁང་གྲ་སྒྲིག་བྱས་ཡོད། ཅེས་དང་། ཕྱི་ཟླ་ ༣ ཚེས་ ༣༡ བར་མངའ་སྡེ་ཁྱོན་ཡོངས་ནང་ཆབ་སྲིད་དང་ཆོས་ཕྱོགས་སོགས་ཀྱི་འདུ་འཛོམས་རིགས་བཀག་སྡོམ་བྱས་ཡོད་པ་ལྟར། མི་མང་ངོས་ནས་འདུ་འཛོམས་རིགས་ལ་བསྐྱོད་རྒྱུར་དོགས་ཟོན་བྱས་ཏེ། གཞུང་གི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གྱི་ལས་འགུལ་འདིར་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་འདུག
དེ་བཞིན་ཁ་སང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་བརྙན་ལམ་བརྒྱུད་རྒྱལ་ཡོངས་ལ་ལམ་སྟོན་ཞིག་གནང་བའི་ནང་། གནངས་ཉིན་རེས་གཟའ་ཉི་མ་སྟེ་ཕྱི་ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ཡོངས་ནང་སྨན་པ་དང་། གསར་འགོད་པ། ཞབས་ཞུ་བ་གནད་ཆེན་ཕུད་པའི་མང་ཚོགས་ཚང་མས་རང་གིས་རང་ལ་དོགས་ཟོན་བྱེད་ཆེད་མང་ཚོགས་རང་བཞིན་གྱི་འགྲུལ་སྐྱོད་བཀག་སྡོམ་ (Janata Curfew) ལས་འགུལ་ནང་མཉམ་ཞུགས་ཀྱིས། ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༧ ནས་དགོང་མོའི་ཆུ་ཚོད་ ༩ པ་བར་རང་ཁྱིམ་དུ་སྡོད་དགོས་པ་དང་། དེ་ནི་མང་ཚོགས་ངོས་ནས་ཏོག་དབྱིབས་ནད་ཡམས་ལ་ཁ་གཏད་གཅོག་རྒྱུའི་ཚོད་ལྟའི་ལས་འགུལ་ཞིག་ཡིན་སྐོར་དང་། གཞུང་ངོས་ནས་སྨན་དང་ཟ་འབྲུ་སོགས་དཀོན་པོ་མི་ཡོང་བའི་ཆེད་ཐབས་བྱུས་འཐེན་བཞིན་ཡོད་པས། མང་ཚོགས་ངོས་ནས་ཟ་འབྲུ་སོགས་ཕོན་ཆེན་གསོག་འཇོག་བྱ་དགོས་དོན་མེད་སྐོར་དང་། རང་ལོ་ ༦༥ ཡན་ཚོ་ཕྱི་རོལ་དུ་ནམ་ཡང་མི་བསྐྱོད་རྒྱུའི་འབོད་སྐུལ་ཞུས་གནང་འདུགརྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བོད་མིའི་གཞིས་སྒར་སྦེལ་ཀོབ་དང་སྤྱི་ལེ་ ༥༠ ལྷག་གི་མཚམས་སུ་ཡོད་པའི་ཀོ་ཌ་གུ་ (Kodagu) རྫོང་ཐོག་ཏུ། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཡུ་ཨེ་ཨི་ (UAE) ཡི་གྲོང་ཁྱེར་དྷུ་བྷའེ་ (Dubai) ནས་ཕྱིར་ལོག་སྟེ་རྫོང་ཁག་དེའི་རང་ཁྱིམ་དུ་ཟུར་བཀར་བྱས་པའི་རང་ལོ་ ༣༥ ཅན་གྱི་སྐྱེས་པ་ཞིག་ལ་ཏོག་དབྱིབས་ནད་ཡམས་འགོས་པའི་གནས་ཚུལ་ཐོན་པ་དང་བསྟུན། ས་གནས་འཛིན་སྐྱོང་ལས་ཁུངས་ནས་སྐྱེས་པ་དེ་དང་ལྷན་དུ་འགྲུལ་སྐྱོད་བྱེད་མཁན་གྱི་གནམ་གྲུའི་འགྲུལ་བ་རྣམས་དང་། དེ་བཞིན་སྐྱེས་པ་དེ་སྦེང་ལོར་གནམ་ཐང་ནས་རང་ཁྱིམ་བར་སྤྱི་སྤྱོད་རླངས་འཁོར་བརྒྱུད་བསྐྱོད་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡།༣༠ ཐོག་སྦེང་ལོར་གྲོང་ཁྱེར་གྱི་མཐའ་མཚམས་ཀེང་གེ་རི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ (Kengeri Satellite Bus Station) ནས་ཝི་ར་ཇི་པེ་ཏི་ (Virajpet) དང་མུར་ནཌ་ (Murnad) བརྒྱུད་མཱ་དྷི་ཀེ་རི་ (Madikeri) ས་གནས་སུ་བསྐྱོད་པའི་ཨང་གྲངས་ KA 19 F 3170 ཅན་གྱི་མངའ་སྡེ་གཞུང་གི་སྤྱི་སྤྱོད་རླངས་འཁོར་ནང་བསྡད་པའི་འགྲུལ་བ་རྣམས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་པའི་བརྡ་ཁྱབ་བཏང་ཡོད་འདུག སྤྱིར་ཀེང་གེ་རི་ཟེར་བའི་ས་གནས་དེ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་སྦེང་ལོང་གྲོང་ཁྱེར་ལྟེ་བའི་ཕྱོགས་ཀྱི་རྒྱང་ཐག་སྤྱི་ལེ་ ༡༡ ལྷག་གི་མཚམས་སུ་ཡོད་པ་དང་། དུས་རྒྱུན་སྦེང་ལོར་གྲོང་ཁྱེར་ལྟེ་བར་སྐྱོད་སྐབས་ཀེང་གེ་རི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་དེ་བརྒྱུད་དགོས་ཀྱི་ཡོད་པ་རེད། ཡིན་ན་ཡང་ད་ལྟའི་ཆར་མངའ་སྡེ་གཞུང་གི་བཀའ་ཁྱབ་གཞིར་བཟུང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་འཛིན་གྲྭ་ཚོགས་ཀྱི་མེད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༦ ནས་དགེ་སློབ་རྣམས་གནས་སྐབས་རིང་མཐོ་སློབ་ནས་ཕྱི་རུ་ཐོན་མི་ཆོག་པ་བཟོས་འདུག
རྒྱ་གར་གྱི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་གྲངས་ཐོ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་བར་རྒྱ་གར་གྱི་མངའ་སྡེ་ ༢༠ ནང་ཏོག་དབྱིབས་ནད་ཡམས་ཕོག་པའི་རྒྱ་གར་མི་སེར་ ༡༦༣ དང་། ཕྱིའི་མི་སེར་ ༣༢ བཅས་ཁྱོན་མི་གྲངས་ ༡༩༥ ལ་ཏོག་དབྱིབས་ནད་ཡམས་ཕོག་པའི་ཁྲོད་ནས། མི་གྲངས་ ༢༠ དྲག་སྐྱེད་དང་། མི་གྲངས་ ༤ འདས་གྲོངས་སུ་ཕྱིན་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།