ཏོག་དབྱིབས་ནད་ཡམས་ཀྱི་དཀའ་སྡུག་ཁྲོད་དྲག་སྤྱོད་པས་མི་མང་ནང་དྲག་སྤྱོད་སྤེལ་ཏེ་མི་མང་པོ་བསད་པ་དང་མི་མང་པོར་རྨས་སྐྱོན་བཟོས་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ནུབ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནེའུ་ཇེ་རི་ཡའི་ (Katsina)མངའ་སྡེའི་ནང་ཇག་ཚོགས་ཤིག་གིས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་གྲངས་ ༤༧ རྐྱེན་འདས་སུ་བཏང་ཡོད་པ་དང་། མི་མང་པོར་རྨས་སྐྱོན་བཟོས་ཡོད་པ་རེད།
རྒྱལ་ཁབ་དེའི་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པ་(Gambo Isah)ལགས་ཀྱིས། ཇག་ཚོགས་དེས་གྲོང་གསེབ་ཀྱི་མི་མང་ལག་ནས་གཞུང་གིས་སྤྲད་པའི་ཏོག་དབྱིབས་ནད་ཡམས་སྐབས་ཀྱི་ངལ་སེལ་ཟས་རིགས་སོགས་སྤྲོད་དགོས་པའི་བཙན་སྐུལ་བྱས་ཡོད་པ་དང་། ང་ཚོས་འཇབ་དམག་དང་ཟུང་འབྲེལ་གྱིས་ཇག་ཚོགས་དེ་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། ད་རེས་འཇབ་རྒོལ་སྐབས་ཇག་ཚོགས་དེར་ཁྱོན་མི་གྲངས་ ༣༠༠ ལྷག་ཡོད་པའི་ཚོད་དཔག་བྱས་འདུག
སྤྱིར་བཏང་ནེའུ་ཇེ་རི་ཡའི་ནང་དྲག་སྤྱོད་ལས་འགུལ་སྤེལ་མཁན་མང་པོ་ཡོད་པ་དང་། འདས་ལོར་རྒྱལ་ཁབ་དེའི་ནུབ་ཕྱོགས་མཚམས་སུ་ཇག་ཚོགས་ཤིག་གིས་དྲག་སྤྱོད་སྤེལ་ཏེ། ཁྱོན་མི་གྲངས་ ༡༠༠ ལྷག་རྐྱེན་འདས་དང་མི་མང་པོ་གཏའ་མར་བཟུང་ཡོད་པ་རེད།
གཞན་ཡང་། ཁ་སང་ཁེ་ན་ཌའི་(Nova Scotia)མངའི་སྡེའི་ས་གནས་(Portapique)ནང་རང་ལོ་ ༥༡ ཡིན་པའི་གྷ་བྷེ་རལ་ (Gabriel Wortman)ཞེས་པའི་སྐྱེས་པ་ཞིག་གིས། རང་ཉིད་ཉེན་རྟོག་པ་ཡིན་ཁུལ་བྱས་ཏེ། གང་བྱུང་མང་ཚོགས་ཁྲོད་མི་མདའ་འཕངས་ཏེ ཁྱོན་མི་ ༡༦ བསད་ཡོད་པ་དང་། དོན་རྐྱེན་དེའི་ཁྲོད་མྱུར་སྐྱོབ་ཏུ་ཡོང་བའི་ཉེན་རྟོག་པ་ཞིག་གི་ཚེ་སྲོག་ཡང་ཤོར་ཡོད་འདུག་ལ། དོན་རྐྱེན་དེ་ནི་ཁེ་ན་ཌའི་ལོ་རྒྱུས་ནང་གི་མེ་མདའི་དོན་རྐྱེན་ཆེ་ཤོས་ཤིག་ཡིན་སྐོར་རྗོད་བཞིན་འདུགས་གནས་ཉེན་རྟོག་ཁང་གིས་བརྗོད་པ་ལྟར་ན། གྷ་བྷེ་རལ་ཟེར་བའི་སྐྱེས་པ་དེས་པོར་ཊི་པེ་ཁུའོ་(Portapique)ས་གནས་ཀྱི་ས་ཁུལ་འདྲ་མིན་ནས་མི་མང་ནང་མི་གསོད་དོན་རྐྱེན་གྱི་ལས་འགུལ་སྤེལ་རྗེས་རླངས་འཁོར་བཏང་སྟེ་བྲོས་ཡོད་ཀྱང་། ཉེན་རྟོག་པས་རྗེས་འདེད་བཏང་སྟེ་མཐར་ཉེན་རྟོག་པ་དང་ལྷན་དུ་མེ་མདས་འཐབ་འཛིང་བྱས་ཏེ། ཉེས་ཅན་པ་ཡུལ་དངོས་ནས་བསད་ཡོད་ཀྱང་། ཉེན་རྟོག་པས་ས་གནས་དེར་ཉེན་ཁ་ཡོད་པས་མི་རྣམས་ཕྱིར་མི་ཐོན་པའི་འབོད་སྐུལ་ཞུས་འདུག
ཁ་ན་ཌའི་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་(Justin Trudeau) ལགས་ཀྱིས། དོན་རྐྱེན་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་པའི་འགྲེལ་བརྗོད་གནང་བ་དང་འབྲེལ། དོན་རྐྱེན་ཁྲོད་གནོད་སྐྱོན་ཕོག་པའི་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་དང་། ནོ་ཝ་མངའ་སྡེའི་ཉེན་རྟོག་དཔོན་གཞོན་པ་(Lee Bergerman)ལགས་ཀྱིས། ད་རེས་དོན་རྐྱེན་ཁྲོད་བྱིས་པ་གཉིས་ཀྱི་ཨ་མ་མེད་པར་གྱུར་བ་དང་། ཁྱོ་ག་ཞིག་གི་ཆུང་མ་བརླགས་པ། དེ་བཞིན། ཕ་མ་གཉིས་ཀྱི་བུ་དང་བུ་མོ་རྐྱེན་འདས་སུ་བཏང་བ་མ་ཟད། ད་དུང་མི་མང་པོ་ཞིག་གི་ལས་རོགས་དང་གྲོགས་པོ་གྲོགས་མོ་རྣམས་མེད་པར་གྱུར་ཡོད། ཅེས་གདུང་སེམས་མཉམ་སྐྱེད་གནང་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།