མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ཅན་རྒྱའུ་དང་།  གངས་ཅན་དགོན་པ།

བོད་ཀྱི་དུས་བབ།
༢༠༢༠/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྒོ་པེ་སྟོབས་ཆེན།

རྩོམ་ཡིག་འདི། ཕྲན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་དང་། རྩོམ་སྒྲིག་གི་ལས་འཁུར་ཞུས་སྐབས་སྤྱི་ལོ་ ༡༩༩༩ ཟླ་ ༡༢ ཚེས་ ༢༤ དང་། ༢༠༠༠ ཟླ་ ༧ ཚེས་ ༡༦ སོ་སོར། རྒྱ་གཞུང་དང་གངས་ཅན་རྒྱའུ། དོལ་རྒྱལ་གསུམ་གྱི་རྙོག་གླེང་ལས་སྔ་རྗེས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དེ་སྔ་གངས་ཅན་དགོན་པའི་གཉེར་པ་དང་།  དབུ་མཛད།  ཀྲུའུ་རེན་གཞོན་པ་གནང་མྱོང་བ་སྐུ་ཞབས་བློ་བཟང་ལུང་རྟོགས་བསྟན་འཕེལ་དང་། བློ་བཟང་རྒྱལ་མཚན་གཉིས་ལ་བཅར་འདྲི་ཞུས་པའི་ཚིག་ཐོ་ཡིན།

 འདིའི་ནང་དོན་གནད་བསྡུས།

ཨི་ཊ་ལིར་ཡོད་པའི་གངས་ཅན་རྒྱའུ་ནི།  གངས་ཅན་དགོན་པ་ཕྱག་འདེབས་པ་པོ་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་ཡང་སྲིད་མ་ཡིན་པ།  པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་རྣམ་ཐར་ནང་ཡང་སྲིད་ཕེབས་རྒྱུ་མིན་སྐོར་གསལ་བ། དེ་སྔ་བོད་དུ་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་ཡང་སྲིད་ཟེར་བ་ཞིག་བྱུང་མྱོང་མེད་པ།  དོན་དངོས་ཁོ་པ་གངས་ཅན་དགོན་པའི་རྒྱབ་རིར་མཚམས་ལ་བཞུགས་པའི་གྲུབ་ཐོབ་ཞིག་གི་སྐྱེ་སྤྲུལ་ཡིན་པ།  དེའང་གངས་ཅན་གྲོང་ཚོར་ཡོད་པའི་རྨོ་མོ་ཞིག་ལ་དོལ་རྒྱལ་ཁོག་ཞུགས་ཀྱིས་ངོས་འཛིན་བྱས་པ།   སྤྱི་ལོ་༡༩༥༩ གོང་ནས་གངས་ཅན་རྒྱའུ་གངས་ཅན་དགོན་པ་ནས་ཕྱིར་འབུད་བཏང་ཟིན་པ། གངས་ཅན་དགོན་པ་ནི་དགེ་ལུགས་གཞུང་དགོན་དང་། སྲུང་མ་ནི་དཔལ་ལྡན་ལྷ་མོ་ཡིན་པ། ཕྱིས་སུ་གངས་ཅན་རྒྱའུ་དང་རྒྱ་གཞུང་མཉམ་འབྲེལ་གྱིས་གངས་ཅན་དགོན་པར་དོལ་རྒྱལ་བསྟེན་སྲོལ་བསུན་བཙེར་ཚད་མེད་བྱས་པ་བཅས་ཞིབ་ཕྲ་གསལ་འདུག   གནད་འགག་ཆེ་ཤོས་ནི།  ཕ་རན་སིར་གནས་སྡོད་མདོ་སྨད་ཡོན་ཏན་རྒྱ་མཚོས་བྲིས་པའི་དགེ་ལུགས་ཆོས་འབྱུང་ནང་།  གངས་ཅན་བླ་མ་ནི་གངས་ཅན་དགོན་པ་ཕྱག་འདེབས་པ་པོ་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་ཡང་སྲིད་ཡིན་པ་དང་།  པཎ་ཆེན་བཟང་པོ་བཀྲ་ཤིས་ནས་གངས་ཅན་བླ་མ་བར་གྱི་འཁྲུངས་རབས་རྙེད་སོན་མ་བྱུང་ཞེས་བཀོད་འདུག  པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་ཡང་སྲིད་མེད་པ་མ་ཤེས་པ་ཅི་ལ་སྲིད་ཀྱང་དོལ་རྒྱལ་དང་ལྟ་སྤྱོད་མཐུན་ཞིང་།  གངས་ཅན་རྒྱའུས་བཞེངས་པའི་བྱམས་པའི་སྐུ་བརྙན་གྱི་དགེ་སྔོའི་སྨོན་ཚིག་ཡོན་རྒྱམ་པས་བྲིས་པ་སོགས་མཁས་པ་བླུན་པོོའི་རྒྱུ་དབང་དུ་ཤོར་བ་དང་། གཞན་ཡང་གངས་ཅན་བླ་མའི་གསོལ་འདེབས་ནང་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་སྐུ་ཡི་ཕྲེང་བ་ད་ལྟའི་གངས་བླ་མ་ཞེས་བཅུག་པ།  དེ་འདྲའི་ཤེད་ཀྱིས་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་གསུང་འབུམ་རྒྱ་གཞུང་གིས་དཔར་སྐྲུན་བྱས་པའི་སྔོན་གླེང་དུའང་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་ཡང་སྲིད་ད་ལྟའི་འཚོ་ཞིང་བཞུགས་པ་གངས་བླ་མ་ཞེས་ཆེ་བསྟོད་ཆེན་པོས་བྲིས་པ་བཅས་མགོ་ཐར་དཔུང་འཛུལ་གྱིས་ཁུངས་ལུང་དང་རྒྱུ་མཚན་མེད་པའི་གནད་དོན་མང་པོ་ཞིག་ཡོད་པ་འདི་དག་ང་ཚོས་ཤེས་རྒྱུ་ཧ་ཅང་གལ་ཆེའོ།

  ཚིག་ཐོ་དངོས་གཞི།

༄༅། །གངས་ཅན་དགོན་པ་ནི། གཞིས་རྩེ་ཀྲོན་ཆུས།  ས་སྐྱ་ཤན། བྲག་འཇུག་ཤང་། གངས་ཅན་གྲོང་ཚོ་ཞེས་པར་གནས་ཡོད།  ཡུལ་མིང་དགོན་པར་ཐོགས་པ་ཞིག་མིན་ནམ་སྙམ། རིག་གནས་གསར་བརྗེའི་སྐབས་སུ་གཏོར་བརླག་ཕྱིན་པ་རེད། དགོན་པ་ཉམས་གསོ་བྱས་ནས་ལོ་༡༤ ཕྱིན་ཡོད་ཅིང་། འགྲོ་གྲོན་ཚང་མ་མི་དམངས་ཀྱིས་བཏང་བ་དང་། རྒན་རབས་རྣམས་ནས་སློང་མོ་བསྐྱོན་པ་ལས་སྲིད་གཞུང་གིས་རོགས་རམ་མེད།  གངས་ཅན་དགོན་པ་ཕྱག་འདེབས་པ་པོ་ནི་པཎ་ཆེན་བཟང་པོ་བཀྲིས་དང་ཆོས་རྒྱུད་དགེ་ལུགས་ཡིན། རྒྱལ་བ་དགེ་འདུན་གྲུབ་པ་དགོངས་པ་གཞན་དོན་ཕེབས་རྗེས་བཀྲིས་ལྷུན་པོ་དགོན་པའི་ཁྲི་ཐོག་གཉིས་པ་གནང་བས་པཎ་ཆེན་བཟང་པོ་བཀྲིས་ཀྱི་སྐུ་གདུང་བཀྲས་ལྷུན་དགོན་པར་མཇལ་རྒྱུ་ཡོད། གངས་ཅན་དགོན་པའི་སྲུང་མ་ནི་དཔལ་ལྡན་ལྷ་མོ་ཡིན་པས་པཎ་ཆེན་བཟང་པོ་བཀྲིས་ནས་བཟུང་སྤྱི་ལོ་༡༩༨༧ བར་དོལ་རྒྱལ་གྱི་མིང་ཙམ་ཡང་མེད། 

སྤྱི་ལོ་༡༩༨༣ ལོར་གངས་ཅན་རྒྱའུ་ཟེར་བ་དེ་དགོན་པར་ཡོང་ནས་དོལ་རྒྱལ་བསྟེན་དགོས་ཚུལ་གསུངས་འདུག་ཀྱང་དགོན་པའི་འགན་འཁུར་དགེ་བཤེས་ཆོས་བཟང་ལགས་གཙོ་བོ་བྱས་པའི་རྒན་རབས་རྣམས་ནས་ཁས་ལེན་གནང་མེད་པ་རེད། དགོན་པ་བཞེངས་སྐབས་བུ་ལོན་རྒྱ་སྒོར་ཉིས་སྟོང་ཙམ་ཞིག་ཡོད་པ་དེ་བླ་མ་རྒྱའུས་སྤྲད་པ་ལས་དགོན་པར་དམིགས་བསལ་རོགས་རམ་བྱས་མེད་ལ་དོལ་རྒྱལ་སྐུ་སོགས་གང་ཡང་བཞག་ཡོད་མ་རེད།  སྐབས་དེར་ཁོ་པ་མཉམ་དུ་ཕྱི་རྒྱ་མང་པོ་འདུག་པར་མ་ཟད།  ས་ཕྱོགས་ཁག་ནས་མི་གྲངས་མང་པོ་མཇལ་བར་ཡོང་ནས་དད་གུས་ཞེ་དྲག་བྱེད་ཀྱི་འདུག   སྤྱི་ལོ་༡༩༨༤ ཙམ་ལ་ཁོ་པ་སླར་ཡང་གངས་ཅན་དགོན་པར་ཐེངས་གཉིས་པ་སླེབས་ཤིང་།  ཁོ་པ་མ་སླེབས་གོང་གངས་ཅན་དགོན་པར་ཁོ་པའི་གཟིམ་ཆུང་ཞིག་གསར་བཞེངས་བྱ་དགོས་པ་དང་། དེའི་འགྲོ་གྲོན་ཚང་མ་ཁོ་པས་གཏོང་གི་ཡིན་ཞེས་རྒྱ་སྒོར་ཆིག་ཁྲི་དྲུག་སྟོང་གིས་གཟིམ་ཆུང་ཀ་བ་གཉིས་དང་།  ཤུགས་ལྡན་གྱི་བཙན་ཁང་ལྕམ་ཁང་མ་གཅིག  ཀ་ཕིབས་ཀ་བ་གཉིས་བཅས་ཡོད་པ་ཐོག་བརྩེགས་གཉིས་ལྡན་ཞིག་བརྒྱབ་པ་རེད།   

སྟབས་མ་ལེགས་པ་ཞིག་ལ་དགེ་བཤེས་ཆོས་བཟང་ལགས་དེའི་གོང་ཙམ་ནས་སྐུ་གཤེགས་ཚར་པ་རེད།  གངས་ཅན་རྒྱའུའི་གཟིམ་ཆུང་བརྒྱབ་ཚར་འཕྲལ་ཁོ་པ་གངས་ཅན་དགོན་པར་ཡོང་ནས་དོལ་རྒྱལ་འཇིམ་སྐུ་ལྔ་དང་དོལ་རྒྱལ་འདྲ་འབག་གཅིག   རྗེ་ཡབ་སྲས་གསུམ་མཉམ་དོལ་རྒྱལ་ཡོད་པའི་འདྲ་པར་ཆེན་པོ་གཅིག་བཅས་དགོན་པར་འཁྱེར་ཡོང་ནས་ཁོ་པའི་གཟིམ་ཆུང་གི་བཙན་ཁང་ནང་བསྒྲིགས་པ་མ་ཟད།   ཁོ་པ་མཉམ་དུ་བལ་ཡུལ་གངས་ཅན་བླ་བྲང་ནས་སྔར་རྒྱུད་པའི་སྐུ་ཞབས་རེད་ཟེར་བའི་དོལ་རྒྱལ་བསྐང་བསོ་གཏོང་མཁན་དབྱིག་གཉེན་ཟེར་བ་ཞིག་འཁྲིད་འདུག   རྗེས་སུ་དོལ་རྒྱལ་བསྐང་བསོ་གཏོང་མཁན་གངས་ཅན་བླ་མའི་སྤུན་མཆེད་བླ་རྒན་ཟླ་བ་ཟེར་བ་ཞིག་བཞག་སོང་།   

བླ་རྒན་ཟླ་བ་ད་ལྟའང་བསྐང་བསོ་གཏོང་བཞིན་པ་རེད།   གངས་ཅན་རྒྱའུས་བླ་རྒན་ཟླ་བར་གངས་ཅན་དགོན་པ་ནས་དགེ་ཕྲུག་བློ་ལ་ཡོད་པ་ཞིག་དོལ་རྒྱལ་བསྐང་བསོ་གཏོང་མཁན་གྱི་དགེ་ཕྲུག་ལ་འདེམས་སྒྲུག་བྱས་བཅུག་སོང་ཡང་ལོ་གཞོན་གྲྭ་པས་ཡ་མ་བྱས་སྟབས་དགེ་ཕྲུག་གི་སྐད་ཆ་འཇའ་ལྟར་ཡལ་སོང་།   སྐབས་དེ་དུས་གངས་ཅན་དགོན་པར་གྲྭ་རྒན་པ་༡༢ དང་ལོ་གཞོན་གྲྭ་པ་གསར་པ་ཁག་གཅིག་བཅས་ཁྱོན་གྲྭ་པ་༢༠ སྐོར་ཞིག་ཡོད་པས་ཁོ་པའི་སྤུན་མཆེད་བླ་རྒན་ཟླ་བ་མ་གཏོགས་དོལ་རྒྱལ་བསྟེན་མཁན་མེད། སྤྱི་ལོ་༡༩༨༧ ལོར་གངས་ཅན་རྒྱའུ་དགོན་པར་ཐེངས་གསུམ་པ་སླེབས་པ་རེད། 

དེའི་གོང་ཁོ་པས་༸རྒྱལ་བ་རིན་པོ་ཆེར་རྒྱབ་གཏོད་དང་དོལ་རྒྱལ་བསྟེན་པ་གོ་ཐོས་བྱུང་བར་མ་ཟད།   དོལ་རྒྱལ་བསྟེན་ན་ཡག་པོ་མེད་སྐོར་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་ཚང་མ་ཤེས་རྟོགས་བྱུང་བས་གངས་ཅན་དགོན་པའི་ནང་ཁོ་པར་དད་མོས་དང་དགའ་བོ་བྱེད་མཁན་མེད།  གངས་ཅན་རྒྱའུ་དགོན་པར་མ་འབྱོར་བའི་ཉིན་གཅིག་གི་སྔོན་ལ་བླ་རྒན་ཟླ་བའི་དགེ་ཕྲུག་ཚེ་རིང་གིས་བླ་རྒན་ཟླ་བར་འཁྲུགས་པ་བརྒྱབ་ནས་གངས་ཅན་དགོན་པའི་ལྟག་རྒྱབ་ཀྱི་རི་ཁྲོད་དེར་གངས་ཅན་བླ་མས་བཞེངས་པའི་དོལ་རྒྱལ་གྱི་ལྷ་ཐོ་ཞིག་ཡོད་པ་དེའི་དབུ་ཏོག་བཀོག་ནས་བླ་རྒན་ཟླ་བས་མཐོང་སར་མེར་བརྒྱབ།  དེའི་གོང་ཙམ་ལ་གངས་ཅན་དགོན་པར་རྒྱ་གཞུང་གི་ལས་དོན་ཚོགས་ཆུང་འབྱོར་ཡོད་པས།   ཁོ་པའི་གཟིམ་ཆུང་ནས་དོལ་རྒྱལ་གྱི་སྐུ་ཚང་མ་དགོན་པ་གཞུང་ནས་རྩིས་ལེན་ཁུལ་གྱིས་བླ་རྒན་ཟླ་བའི་ལག་ནས་བླངས་ཏེ་དགོན་པའི་གཉེར་ཚང་གི་འོག་ཤོད་དུ་བཅུག   གྲྭ་གཞོན་རེས་མོས་ཀྱིས་གཏོར་ནས་མཐར་དོལ་རྒྱལ་གྱི་འདྲ་སྐུ་ལྔ་པོ་དེ་ལག་པར་ལེན་རྒྱུ་མེད་པར་ཧྲུག་ཧྲུག་དུ་བཏང་བ་རེད།  དོལ་རྒྱལ་འདྲ་འབག་དེའང་གྲྭ་པ་ལོ་གཞོན་ཞིག་གིས་གླིང་སྐོར་ཕྱིར་གཡུགས།  མི་དམངས་ཀྱིས་མཐོང་ནས་འདྲ་འབག་ཞིག་ཕྱིར་གཡུགས་འདུག་ཟེར་པའི་སྐད་ཆ་གོ་རྒྱུ་བྱུང་བ་རེད།   ད་དུང་ཁོ་པའི་འདྲ་པར་དབྲལ་བ་དང་གཡུགས་པ། མེར་སྲེག་བཏང་བ་སོགས་བྱས།   འདུ་ཁང་ནང་དུ་གངས་ཅན་བླ་མའི་འདྲ་རིས་བྲིས་ཐང་ཆེན་པོ་ཞིག་ལ་གཤམ་དུ་སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག་ནས་སྦྱར་ཞེས་པ་ཡོད་པ་དེ་གཅིག་པུ་བཞག་པ་རེད། 

སྐབས་དེར་གངས་ཅན་དགོན་པས་རྒན་ཡེ་ཤེས་དབང་ཕྱུག་ལ་བརྩི་འཇོག་ཞེ་དྲག་ཡོད།  དེའི་གོང་ཙམ་དེར་རྒན་ཡེ་ཤེས་དབང་ཕྱུག་རྒྱ་གར་ནས་བོད་དུ་ཕྱིར་ལོག་བྱེད་པའི་ལམ་བར་གངས་ཅན་དགོན་པར་ཡོང་ནས་གངས་ཅན་བླ་མས་གངས་ཅན་དགོན་པར་རབ་གནས་བྱེད་དགོས་གསུངས་བྱུང་ཞེས་རབ་གནས་བྱ་དགོས་པའི་རྣམ་འགྱུར་བསྟན་སོང་ཡང་། གངས་ཅན་དགོན་པའི་གྲྭ་པ་བགྲེས་པ་རྣམས་ནས་རབ་གནས་བྱེད་རོགས་མ་ཞུས་སྟབས།   རབ་གནས་བྱེད་ཐུབ་ཡོད་པ་མ་རེད།  བོད་ཟླ་༦ ཚེས་༤ ཉིན་གངས་ཅན་རྒྱའུ་དགོན་པར་འབྱོར་སོང་། ཁོ་པ་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པ་སངས་པུའུ་ཀྲང་ཟེར་བ་ཞིག་དང་། གཞིས་རྩེ་ཨན་ཇོན་ཐིང་གི་ལས་བྱེད།   ས་སྐྱ་ཤན་གྱི་བུ་ཆུང་པུའུ་ཀྲང་སོགས་རྒྱ་མིའི་ལས་བྱེད་མང་པོ་འདུག་པར་མ་ཟད།  དབྱིན་ཇི་བ་སུམ་ཅུ་སྐོར་ཞིག་འདུག    གངས་ཅན་དགོན་པས་ཁོ་པ་ཚོར་གསོལ་ཇ་ཞིག་བཀྱགས་པ་ལས་དམིགས་བསལ་སྣེ་ལེན་གང་ཡང་བྱས་མ་སོང་བས།  ཁོ་པའི་སྤུན་མཆེད་བཀྲས་ལྷུན་དགོན་པའི་གྲྭ་བ་ཚེ་བརྟན་དང་།  དབང་ཕྱུག    བདེ་ཆེན་ཕོ་བྲང་གི་མི་སྐྱ་འཆི་མེད་བཅས་ནས་གུར་བཞི་དང་། རྐུབ་བཀྱག  ཅོག་ཙེ་གཡར་ཡོང་བ་དང་།  ཇ་དམ་དང་། དཀར་ཡོལ། ཤ  ཚལ།  སྦི་ར་སོགས་བཏུང་བྱའི་རིགས་རྒྱའུས་དངུལ་སྤྲད་པ་དང་འཆི་མེད་ནས་ཉོས་ཡོང་བ་རེད།  ཁོ་པར་སྣེ་ལེན་ཡག་པོ་མ་བྱས་ཐོག་དོལ་རྒྱལ་སྐུ་དང་ཁོ་པའི་འདྲ་པར་སོགས་ཆ་ཚང་མེད་པར་བཟོས་སྟབས།  གངས་ཅན་རྒྱའུ་ཁོང་ཁྲོ་ཟ་ཐག་ཆོད་ནས་རྣམ་འགྱུར་ཡང་འགྱུར་འདུག   དེ་འཕྲལ་གངས་ཅན་དགོན་པའི་གྲྭ་པ་བགྲེས་གཞོན་ཚང་མ་ཚོགས་འདུར་བསྐོངས་ནས་དོལ་རྒྱལ་སྐུ་མེད་པ་བཟོ་དགོས་པ་དང་།  ངའི་པར་མེད་པ་བཟོ་དགོས་པ་ངས་ཆབ་སྲིད་དང་འགལ་བའི་ལས་ཀ་ག་རེ་བྱས་སོང་ངམ།  སྐད་ཆ་འདྲ་མིན་ཉན་པ་ཡིན་ན་ངའི་སྔོན་ལ་ཁྱོད་ཚོ་བཙོན་ཁང་དུ་སླེབས་ཡོང་། ང་ལ་རྒྱ་ནག་གཞུང་གིས་ཞེ་དྲག་དགའ་བོ་བྱེད་ཀྱི་ཡོད་པ་ཁྱོད་ཚོས་ཧ་གོ་མཐོང་གསལ་རེད།  ངས་བཤད་པ་གཞིར་བཟུང་ཁྱོད་ཚོས་བྱས་པ་ཡིན་ན་གངས་ཅན་དགོན་པ་སྔར་ནང་བཞིན་བཟོ་རྒྱུ་ཡིན་ཞེས་བཤད་པ་མ་ཟད།    ང་སེ་རྭ་གཙང་པ་ཁང་ཚན་ལ་ཕྱིན་པ་ཡིན།   ཡ་བྱས་མ་བྱུང་བས་ངོ་ཚ་བོ་ཞེ་དྲག་བྱུང་ཞེས་བཤད་སོང་།   ཁོ་པས་སེ་རྭ་གཙང་པ་ཁང་ཚན་ལ་རྒྱལ་བ་བྱམས་པའི་སྐུ་ཞིག་བཞེངས་པ་མ་ཟད།   དཔལ་འབྱོར་གྱི་རོགས་རམ་རྒྱ་ཆེན་པོ་བྱས་ཡོད་འདུག    ཁོ་པའི་སྐད་ཆར་ཡ་གང་ཡང་མ་བྱས་སྟབས།   ཁོ་པས་གངས་ཅན་དགོན་པར་འབུལ་རྒྱུའི་གསང་འདུས་བློས་བླངས་དཀྱིལ་འཁོར་ཞིག་དང་།  འཇིགས་བྱེད་བློས་བླངས་དཀྱིལ་འཁོར།   སྨན་ལྷ་དཀྱིལ་འཁོར།  ད་དུང་ཕྱི་རྒྱལ་ནས་ཅ་དངོས་མོ་ཊ་གང་འཁྱེར་ཡོང་བ་དེ་དག་དགོན་པ་གཞན་ལ་སྤྲད་པ་རེད།  དཔེར་ན། གསང་འདུས་དཀྱིལ་འཁོར་དེ་སྲད་རྒྱུད་དགོན་པར་སྤྲད་པ་དང་། སྨན་ལྷའི་དཀྱིལ་འཁོར་དཔལ་ཆོས་དགོན་པར་སྤྲད་པ།  རྒྱལ་བ་བྱམས་པ་ཐོག་བརྩེགས་ཙམ་དེ་ཁྲོ་ཕུ་དགོན་པར་སྤྲད།  གསེར་ཟངས་སྐུ་རྣམས་ཤིང་ལུང་དགོན་པར་སྤྲད། དོལ་རྒྱལ་ཐང་ག་ཞིག་ཡོད་པ་དེ་བཀྲས་ལྷུན་དགོན་པའི་རྩེ་མགོན་ཁང་དུ་སྤྲད་ནས་འཇིགས་བྱེད་བློས་བླངས་དཀྱིལ་འཁོར་གཅིག་པུ་གངས་ཅན་དགོན་པར་བཞག་པ་རེད།   

སྤྱི་ལོ་༡༩༩༨ ལོར་བལ་ཡུལ་ནས་གངས་ཅན་བླ་བྲང་གི་ཕྱག་མཛོད་འཇམ་དབྱངས་ཟེར་བ་ཁོ་པའི་སྤུན་མཆེད་ཞིག་གངས་ཅན་དགོན་པར་ཡོང་ནས་དགེ་འདུན་པ་རེ་རེར་རྒྱ་སྒོར་ཆིག་སྟོང་ལྔ་བརྒྱ་ཐམ་པའི་ཉི་འོད་གློག་ཞུ་རེ་དང་།  སྐུ་འགྱེད་སྒོར་བཅུ་རེ་བརྒྱབ་སོང་། མི་དམངས་ལ་དངུལ་སྤྲད་པ་དང་ལུང་པ་དེའི་ཕྲུ་གུ་ཕལ་ཆེ་བར་རྒྱ་སྒོར་བརྒྱད་བརྒྱ་སྐོར་སྟེར་སོང་།   སློབ་གྲྭ་ཁག་ལའང་སྤྲད་པར་མ་ཟད།  ཕྱག་མཛོད་ཁོ་པའི་སྐྱེས་ཡུལ་གྱི་སློབ་གྲྭ་དེའི་སློབ་ཕྲུག་རེ་རེར་དུག་ལོག་ཆ་ཚང་རེ་སྤྲད་འདུག  ཁོ་པས་དེ་ལྟར་བྱས་དགོས་དོན་ནི་ཤུགས་ལྡན་གྱི་ཚོགས་པ་ཞིག་བོད་དུ་འཛུགས་རྩིས་བྱས་ནས་དགོན་པ་ཁག་ལ་དཔལ་འབྱོར་འགྲོ་སོང་མང་པོ་བཏང་འདུག་ཀྱང་དགོན་པ་དེ་དག་གི་གྲྭ་དམངས་ནས་ཁོ་པར་ཁ་ཡ་བྱས་ཡོད་མ་རེད། ཁོ་པས་དེ་སྔ་གངས་ཅན་རྒྱའུ་དགོན་པར་ཡོང་སྐབས་གྲྭ་བས་ཡག་པོ་མ་བྱས་པ་དེ་གངས་ཅན་དགོན་པར་དངུལ་སྤྲད་རྒྱུ་ཉུང་དྲགས་པས་རེད།  ཁོ་ཚོར་དངུལ་མང་པོ་སྤྲད་ན་རང་བཞིན་གྱིས་མགོ་སྒུར་རྒྱུ་རེད་ཅེས་ཁོ་པས་སྤུན་མཆེད་ཞིག་ལ་བཤད་འདུག     

སྤྱི་ལོ་༡༩༩༨ བོད་ཟླ་༡༢ ཚེས་༣ ཉིན་སླར་ཡང་གངས་ཅན་རྒྱའུ་གངས་ཅན་དགོན་པར་ཐེངས་བཞི་པ་དེ་སླེབས་སོང་།   ཁོ་པ་མ་འབྱོར་གོང་གཞིས་ཀ་རྩེའི་དཀའ་ཆེན་ཚེ་བརྟན་ནས་གངས་ཅན་དགོན་པའི་ཀྲུའུ་རེན་ཟླ་ཚེ་ལ།གངས་ཅན་རྒྱའུ་དགོན་པར་ཡོང་སྐབས་བསུ་བ་གྲ་གང་རྒྱས་དང་སྣེ་ལེན་ཡག་པོ་བྱ་དགོས་པ་བཤད་པ་བཞིན།  ཟླ་ཚེས་ཀྲུའུ་རེན་གཞོན་པ་དང་དབུ་མཛད་སོགས་ལས་སྣེ་ལ་གངས་ཅན་དགོན་པས་གྲ་སྒྲིག་ཡག་པོ་བྱ་དགོས་པ་མ་ཟད།   དེ་ཉིན་གྲྭ་པ་རྣམས་ལ་དགོངས་པ་སྤྲད་པ་སོགས་བྱས་ནས་ཕྱིར་མ་གཏོང་ཞེས་བཀོད་སྒྲིག་བྱས་ནས་ཀྲུའུ་རེན་ཟླ་ཚེ་གཞིས་རྩེར་ཕྱིན་སོང་།    ཚེས་༣ ཉིན་དབུ་མཛད་དང་། ཀྲུའུ་རེན་གཞོན་པ།  ང་བཅས་གསུམ་རང་ལས་གྲྭ་དམངས་ལོ་གསར་གཏོང་བར་འགྲོ་གི་ཡིན་ཞེས་གཡོལ་ནས་སོ་སོའི་ནང་ལ་ལོག་ཕྱིན་པ་རེད།   མ་བྱན་སྐྱ་བོ་ཁ་ཤས་ཤིག་ཡོད་པས་ངེད་ཚོས་ཇ་འབྲིང་ཙམ་ཇ་དམ་ཁ་ཤས་དང་།  དཀར་ཡོལ་ཁ་ཤས་གངས་ཅན་རྒྱའུ་ཕེབས་བསུའི་གྲ་སྒྲིག་ཡོད་ས་གངས་ཅན་གྲོང་ཚོར་བསྐྱལ་པ་ཡིན།   གངས་ཅན་རྒྱའུ་མཉམ་དུ་བོད་རང་སྐྱོང་ལྗོངས་དང་།  གཞིས་ཀ་རྩེའི་དཔོན་རིགས་མང་པོ་ཡོད་འདུག་པ་དེར་གསོལ་ཇ་ཞུ་སྐབས་ཇ་འཐུང་ལོ་བ་གང་ཡང་མེད་པས་རང་སྐྱོང་ལྗོངས་ཀྱི་དཔོན་པོས་ཇ་དང་དཀར་ཡོལ་མཉམ་དུ་ཕྱིར་གཡུགས་བྱུང་།  མ་བྱན་སྐྱ་བོ་ཡིན་ཡང་གངས་ཅན་རྒྱའུ་ལ་མི་དགའ་བའི་ཁོང་ཁྲོ་ཆེན་པོ་ཡོད་སྟབས།   ཇ་དེའང་འཐུང་མི་ལོ་བ་ཞིག་བཟོས་པ་རེད།  བོད་རང་སྐྱོང་ལྗོངས་ཀྱི་པ་སངས་པུའུ་ཀྲང་ནས་ང་ཚོ་བསྐོངས་ནས་གཤེ་གཤེ་མང་པོ་བཏང་ནས།  གངས་ཅན་བླ་མས་ཆུ་ཚོད་རེ་སྤྲད་པ་རེད།  ཁྱོད་ཚོའི་བྱེད་སྟངས་ལ་བལྟས་ན་ཆུ་ཚོད་གཉིས་རེ་གཡོག་དགོས་པ་འདུག་ཅེས་བརྗོད་ཀྱི་འདུག   ཆུ་ཚོད་གཉིས་ཀྱི་གོ་དོན་ནི་ལག་ལྕགས་རྒྱག་གི་ཡིན་ཞེས་པའི་དོན་རེད་ལ་སྐབས་དེར་གངས་ཅན་རྒྱའུས་གྲྭ་པ་རེ་རེར་རྒྱ་སྒོར་བརྒྱ་དང་། ཆུ་ཚོད་རེ་སྤྲད་ཡོད་པ་རེད། སྔར་ཡིན་ན་གངས་ཅན་རྒྱའུ་ལ་དད་པ་བྱེད་མཁན་མི་ཁྱུ་དང་ཁྱུ་ཡོང་གི་ཡོང་ཀྱང་སྐབས་དེར་ང་ཚོ་གྲྭ་པ་གསུམ་དང་། ལུང་པའི་ཕྲུ་གུ་དང་ཨ་མ་ཁ་ཤས།  ཁོ་པའི་སྤུན་མཆེད་ཁག་གཅིག  རང་སྐྱོང་ལྗོངས་ཀྱི་དཔོན་རིགས།  དེ་མིན་དབྱིན་ཇི་བུད་མེད་གཉིས་ལས་གཞན་པ་མི་འདུག

དེ་ཉིན་དགོན་པར་ལྷ་གསོལ་ཞིག་འཁེལ་ཡོད་པས་མི་དམངས་སླེབས་ཡོད་པ་དེ་དག་ཆང་འཐུང་ནས་ས་ལ་བསྡད་པ་ལས་གངས་ཅན་རྒྱའུ་ཡོང་སྐབས་སྣང་མེད་དུ་བཏང་ནས་ཡ་བྱས་མ་སོང་བས། ཁོ་པ་ཁ་སྐྱེངས་པོ་ཞེ་དྲག་བྱུང་སོང་། ད་དུང་དེ་ཉིན་གངས་ཅན་དགོན་པ་ནས་མི་ཊར་བརྒྱ་ཙམ་གྱི་ས་སྟོང་ཞིག་ལ་དགོན་པ་གསར་པ་ཐོག་བརྩེགས་བཞི་ཅན་ཞིག་གསར་རྒྱག་བྱ་རྒྱུའི་ཆེད་ས་ཆོག་ཀྱང་བྱས་སོང་།   གངས་ཅན་རྒྱའུ་གཞིས་རྩེར་ཕྱིར་ལོག་གིས་ཁོ་པ་དང་སྤུན་མཆེད་བཀྲས་ལྷུན་དགོན་པའི་ཚེ་བརྟན། དབང་ཕྱུག  བདེ་ཆེན་ཕོ་བྲང་གི་འཆི་མེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད། གཞིས་རྩེ་ས་གནས་ཀྱི་འགོ་ཁྲིད།  གཞིས་རྩེ་ས་གནས་ཆོས་དོན་ཅུས་ཀྱི་འགོ་ཁྲིད། ས་སྐྱ་ཤན་གྱི་ཧྲུའུ་ཅི་དང་ཆོས་དོན་ཅུས་ཀྱི་འགོ་ཁྲིད། རྡོ་བཟོ་ཆེན་མོ་དབུ་པ་སངས་ཚེ་རིང་།  ཤིང་བཟོ་དབུ་འཇམ་ཕུན་ལགས་བཅས་ཚོགས་འདུ་འཚོགས་ནས་ཁོ་པའི་དགོན་པ་གསར་རྒྱག་གི་འཆར་གཞི་བཀོད་པར་མ་ཟད།   གཞིས་རྩེར་ཐོག་བརྩེགས་བཅུ་གསུམ་ཅན་གྱི་ཧྲན་ཏུང་གསོལ་མགྲོན་ཁང་དུ་གསོལ་སྟོན་ཟབ་རྒྱས་བཤམས་ནས་ལག་རྟགས་ཀྱང་གྱ་ནོམ་པ་སྤྲད་འདུག  དགོན་པ་བཞེངས་སྐབས་འགྲོ་སོང་རྒྱ་སྒོར་ཁྲི་ག་ཚོད་ཕྱིན་པ་ཡིན་ན་ཡང་འཛིན་ཡིག་སྤྲད་པ་ཙམ་གྱིས་དངུལ་ལམ་སེང་རྒྱ་མིའི་ཐེབས་རྩ་ལས་ཁུངས་ནས་སྤྲོད་ཀྱི་ཡོད་འདུག

དངུལ་གཉེར་དབང་ཕྱུག་དང་།  རྩིས་པ་འཆི་མེད། བལྟ་རྟོགས་འགན་འཁུར་བ་ཚེ་བརྟན་གསུམ་ཡིན་པ་དང་།   དགོན་པ་གསར་བཞེངས་ཀྱི་འགན་ཁོང་ཚོ་གསུམ་ནས་བྱེད་ཀྱི་ཡོད། ལས་གྲྭ་དེ་ས་སྐྱ་ཤན་ནས་རྩིས་ལེན་བྱ་རྩིས་བྱས་འདུག་ཀྱང་ཁོ་ཚོ་གསུམ་ལ་རྒྱ་གཞུང་ནས་རྒྱབ་སྐྱོར་ཤུགས་ཆེར་ཡོད་སྟབས། རྩིས་ལེན་རྒྱུ་ཕར་བཞག  ས་སྐྱ་ཤན་གྱི་ཧྲུའུ་ཅི་ལའང་བཀའ་བཀྱོན་ཚ་པོ་རག་པ་རེད། 

འཆིེ་མེད་ནི་བདེ་ཆེན་ཕོ་བྲང་གི་ལས་བྱེད་ཡིན་པས་བདེ་ཆེན་ཕོ་བྲང་གི་ཀྲུའུ་རེན་བསྟན་སྲིད་ནས་ཕྱིར་འབུད་བཏང་འདུག་ཀྱང་འཆི་མེད་ཀྱིས་གོང་རིམ་གྱི་རྒྱབ་གཉེར་ཡིག་ཆ་འཁུར་ཡོང་བ་དང་གཞིས་རྩེའི་ཕུན་ཚོགས་ཧྲུའུ་ཅིར་གོང་རིམ་ནས་ཁ་པར་བཏང་ཡོང་བ་བཅས་འཆི་མེེད་བདེ་ཆེན་ཕོ་བྲང་དུ་རང་འཇགས་འཇོག་དགོས་བྱུང་བ་རེད།  ད་དུང་དབང་ཕྱུག་དང་ཚེ་བརྟན་གཉིས་གངས་ཅན་རྒྱའུ་དགོན་པ་གསར་བཞེངས་སྐབས་གངས་ཅན་དགོན་པ་དང་གྲྭ་ཤག་ཏུ་ཡོང་ནས་གཞིས་རྩེའི་འགོ་ཁྲིད་དང་ས་སྐྱ་ཤན་གྱི་བུ་ཆུང་པུའུ་ཀྲང་ལ།  གངས་ཅན་དགོན་པའི་གྲྭ་བས་ད་དུང་ཡང་ཏཱ་ལའི་བླ་མའི་པར་ཉར་ཡོད་པ་དང་།   དོལ་རྒྱལ་ལ་ངོ་རྒོལ་བྱེད་ཀྱི་འདུག་ཅེས་སྙན་སེང་ཞུས་སྟབས།  ས་སྐྱ་ཤན་ཆོས་དོན་ཅུས་ནས་ང་ཚོར་བཀའ་བཀྱོན་བཏང་བ་དང་བུ་ཆུང་པུའུ་ཀྲང་ལ་བཀའ་བཀྱོན་བཏང་འདུག 

སྤྱི་ལོ་ ༡༩༩༩ ལོར་བོད་ཟླ་༧ ཚེས་༡༠ ལ་གངས་ཅན་རྒྱའུ་སླར་ཡང་གངས་ཅན་དགོན་པར་ཐེངས་ལྔ་པ་དེ་འབྱོར་སོང་།   ཁོ་པ་མཉམ་དུ་ཕྱིར་ལོག་བོད་རིགས་སྤུན་ཟླ་སྣེ་ལེན་ཞུ་མི་བོད་རང་སྐྱོང་ལྗོངས་ཀྱི་པ་སངས་པུའུ་ཀྲང་ཀྱང་འདུག  ཁོ་པའི་དགོན་པ་གསར་པ་དེའི་མདུན་ངོས་ཚར་ཡོད་ཅིང་།  རྒྱབ་ངོས་ཀྱང་ཏོག་ཙམ་མ་གཏོགས་ཕལ་ཆེར་ཚར་ཡོད་པ་རེད།  སྐབས་དེའི་གྲ་སྒྲིག་ཆ་ཚང་བཀྲས་ལྷུན་དགོན་པའི་སྔགས་པ་གྲྭ་ཚང་གིས་བྱས་སོང་།

ཁོ་པ་དགོན་པ་གསར་པ་དེར་ཉིན་གསུམ་བསྡད་ནས་ཉིན་དང་པོར། གངས་ཅན་རྒྱའུ་ལ་བཀྲས་ལྷུན་དགོན་པའི་སྔགས་པ་གྲྭ་ཚང་གིས་བརྟན་བཞུགས་ཕུལ་ཞིང་།  ཁོ་པ་མཉམ་དུ་རྒྱ་གར་ནས་དགའ་ལྡན་ཤར་རྩེའི་སྐུ་ཞབས་ཁ་ཤས་དང་ཁམས་ཕྱོགས་ཀྱི་གྲྭ་པ་ཁ་ཤས་འདུག  ཁོ་པའི་མཇལ་ཁར་ཁུལ་དེའི་མི་དམངས་རྩ་བ་ནས་མ་ཡོང་སྟབས། དགོན་པའི་ཨར་ལས་བྱེད་མཁན་མི་གྲངས་ཉིས་བརྒྱ་སྐོར་ཞིག་ཡོད་པ་ལས་མཚམས་བཞག་ནས་མཇལ་ཁར་བཏང་བ་རེད་ཀྱང་མཇལ་ཁ་ཞུས་མི་འདུག   ཉིན་གཉིས་པར་བཀྲས་ལྷུན་དགོན་པའི་རྩེ་མགོན་ནས་དོལ་རྒྱལ་བསྐང་བསོ་བཏང་བ་དང་།  གངས་ཅན་དགོན་པའི་གྲྭ་པ་སྐད་བཏང་ནའང་གཅིག་ཀྱང་ཕྱིན་མེད།   ཉིན་གསུམ་པར་བཀྲས་ལྷུན་སྔགས་པ་གྲྭ་ཚང་གིས་ཆོ་ག་ཟིན་སོང་།  ཕལ་ཆེ་བ་བཙན་བཀའི་འོག་ནས་མི་འདོད་བཞིན་ཡོང་བ་ཞིག་རེད།  དེ་ནས་སྔགས་པ་གྲྭ་ཚང་གི་སྐུ་ཞབས་རྣམས་ནས་བདག་འཇུག་གི་དབང་ཆས་གངས་ཅན་དགོན་པར་གཡར་བར་སླེབས་བྱུང་ཡང་གངས་ཅན་དགོན་པའི་གྲྭ་པ་ཚང་མ་ཆུ་བརྒལ་བར་ཕྱིན་པ་དང་།  ཕྱིར་བསྐྱོད་པ་སོགས་བྱས་ནས་དབང་ཆས་གཡར་མེད་སྟབས།  སྔགས་པ་གྲྭ་ཚང་ནས་གངས་ཅན་དགོན་པར་མི་དགའ་བ་ཕྲན་བུ་བྱུང་སོང་།   ཁོང་ཚོས་གངས་ཅན་དགོན་པའི་བྱེད་སྟངས་འདི་འདྲ་མ་རེད།  དངུལ་ལེན་ཐབས་བྱ་དགོས་པ་རེད་ཅེས་བརྗོད་ཀྱི་འདུག   དེའི་ཉིན་གངས་ཅན་རྒྱའུས་དབང་ཆས་གྱོན་ནས་རྫིག་པོ་བྱ་དགོས་བསམ་འདུག་ཀྱང་དེ་ལྟར་མ་བྱུང་བ་རེད། 

སྤྱི་ལོ་༡༩༩༩ ཟླ་༦ ཙམ་ནས་གངས་ཅན་དགོན་པའི་རྡོ་བཅལ་སྟེང་ཚེ་བརྟན་དང་།  དབང་ཕྱུག  འཆི་མེད་གསུམ་གྱི་བཀོད་ཇུས་འོག་བཀྲས་ལྷུན་དགོན་པའི་དབུ་མིག་དམར་དང་དགེ་ཕྲུག་ཚོས་དོལ་རྒྱལ་འཇིམ་སྐུ་མི་ཚད་ཙམ་གཅིག་དང་། ཁྲུ་གང་བྱས་པ་གཅིག་བཅས་གཉིས་བཞེངས་ནས་ཉིན་གསུམ་པ་སྟེ།  བོད་ཚེས་༡༣ ཉིན་དགོན་པ་གསར་པ་དེར་བསྐྱལ་སོང་།  པ་སངས་པུའུ་ཀྲང་ནས་དོལ་རྒྱལ་སྐུ་ཁྲུ་གང་བྱས་པ་དེ་གང་ཡིན་མ་ཤེས་པར།  ལྷ་དེ་ག་རེ་རེད། ཆུང་དྲགས་འདུག་ཅེས་ཟེར་བར། འཇིམ་བཟོ་བས་ཤུགས་ལྡན་གྱི་འཁོར་རེད་ཅེས་ཞུས་སྐབས། པ་སངས་པུའུ་ཀྲང་གིས་དབུ་མིག་དམར་ལགས་སུ། ཤུགས་ལྡན་འཇིམ་སྐུ་ཆེ་ཆུང་མི་ཚད་ཙམ་ཞིག་བཞེངས་དགོས། གངས་ཅན་དགོན་པའི་གྲྭ་པར་ཞེད་མི་དགོས། ངས་ཀྲུའུ་ཞི་ཅང་ཙེ་མིན་ལ་དགོངས་བསྐོར་ཞུས་ཚར་པ་ཡིན། ཞེས་བཤད་སོང་།  ཐོག་མར་དོལ་རྒྱལ་གྱི་འཇིམ་སྐུ་ལྔ་བཞེངས་རྩིས་ཡོད་ཀྱང་མཐར་ཆེ་ཆུང་གཉིས་ལས་བཞེངས་ཐུབ་ཡོད་པ་མ་རེད།  དེ་གཉིས་ཀྱང་བཞེངས་སྐབས་མི་དམངས་ནས་རྡོ་གཞུས་པ་དང་།  འཇིམ་བཟོ་བ་དང་ཤིང་བཟོ་བ་སོགས་ནས་ཀྱང་རྡོ་ཚག་གཞུས།  སྐུ་ལ་གྲིས་བཙགས་པ་སོགས་བྱས་སྟབས། དེ་རིང་དབུར་རྒྱག་པ་ཕྱི་ཉིན་ཡང་ཀྱང་དབུར་རྒྱག་དགོས་པ་བཟོས་པས། གང་མགྱོགས་དགོན་པ་གསར་པར་དབོར་དགོས་བྱུང་། དགོན་པར་དབོར་སྐབས་ཀྱང་ཀྲུའུ་རེན་གཞོན་པས་རྡོག་ཐོ་གཞུས་ནས་དོལ་རྒྱལ་འཇིམ་སྐུ་ཆེ་བའི་གྲོད་ཁོག་ནང་དུ་བསྟིབས། དེ་བཞིན་དགེ་འདུན་གྲྭ་པ་དང་མི་མང་ནས་ཀྱང་དོལ་རྒྱལ་གྱི་མགོ་དང་།   ལག་པ།   སེང་གེའི་མགོ་སོགས་བཀོག་ནས་ཆ་མི་ཚང་བ་བཟོས་ཏེ་གཏོར་བ་རེད།  དོལ་རྒྱལ་འཇིམ་སྐུ་བཞེངས་སྐབས་དབུ་མིག་དམར་དང་།  དགེ་ཕྲུག་གཉིས་ནས་ལག་པ་འཆང་བ་མ་གཏོགས་བཀྲས་ལྷུན་དགོན་པའི་འཇིམ་བཟོ་བ་སུམ་ཅུ་ཙམ་ཡོད་པ་དེ་ཚོས་ལག་པ་ཡང་འཆང་མི་འདུག   དབུ་མིག་དམར་གྱིས་དོལ་རྒྱལ་སྐུ་བཞེངས་ཚར་ནས་ཕྱིར་བཀྲས་ལྷུན་དགོན་པར་འབྱོར་སྐབས་དགོན་པའི་གྲྭ་པ་རེ་ཟུང་གིས་དོལ་རྒྱལ་ཡག་པོ་མེད་པ་དང་། ༸གོང་ས་མཆོག་ནས་དམ་བསྒྲགས་གནང་ཡོད་པ་བརྗོད་སྐབས་དབུ་ལགས་ཁོང་བློ་འགྱོད་ཚད་མེད་བྱེད་ཀྱི་ཡོད་པ་ཁོང་གི་དགེ་ཕྲུག་ནས་གསུངས་བྱུང་། 

དགོན་པ་གསར་པ་དེའི་ས་རྡོ་ཤིང་གསུམ་གྱི་ཕུད་ནས་དགོན་པའི་རྒྱབ་རི་ནོར་བུ་རི་རྩེར་དོལ་རྒྱལ་གྱི་ལྷ་ཐོ་བརྗིད་ཉམས་ལྡན་པ་ཞིག་བཞེངས་དགོས་པ་གངས་ཅན་བླ་མས་གསུངས་བྱུང་།   ཞེས་དཀའ་ཆེན་ཚེ་བརྟན་ནས་ཤོད་སྐབས།  ཤིང་བཟོ་བ་དབུ་འཇམ་ཕུན་ལགས་དང་རྡོ་བཟོའི་དབུ་པ་སངས་ལགས་ནས་ཁས་ལེན་མ་བྱས་པ་མ་ཟད། གངས་ཅན་དགོན་པའི་དགེ་འདུན་དམངས་ནས་སྔར་མེད་གསར་སྤྲོས་བྱས་ན་མི་འགྲིག་ཅེས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པས་ཁོང་ཚོའི་བསམ་དོན་འགྲུབ་མ་སོང་།  དེས་རྐྱེན་པས་ཨར་ལས་མཇུག་མ་བསྒྲིལ་གོང་རྡོ་བཟོའི་དབུ་ཆེན་མོ་པ་སངས་ལགས་ཕྱིར་འབུད་བྱས་སོང་།  ཁོང་ནི་བཀྲས་ལྷུན་དགོན་པའི་མཆོད་ཁང་ཤར་དང་།  པཎ་ཆེན་སྐུ་ཕྲེང་བཅུ་པའི་མཆོད་སྡོང་སྲིད་གསུམ་རྣམ་རྒྱལ།   སྔགས་པ་གྲྭ་ཚང་སོགས་གསར་བཞེངས་བྱེད་མཁན་གྱི་དབུ་ཆེན་མོ་རེད། 

སྤྱི་ལོ་༡༩༩༩ བོད་ཟླ་༡༠ པའི་ནང་དགའ་ལྡན་ལྔ་མཆོད་གོང་དུ་གངས་ཅན་དགོན་པ་རྙིང་པ་དེ་གངས་ཅན་རྒྱའུ་ཡི་དགོན་པ་གསར་པར་སྤོས་ཚར་བ་དགོས་ཡོད་ཅེེས་ས་སྐྱ་ཤན་ཆོས་དོན་ཅུས་ནས་ཡི་གེ་འབྱོར་བྱུང་། དགེ་འདུན་དམངས་ནས།  ད་ལོ་སྤོ་གི་མིན་ཞེས་བཤད་ནས་སྤོས་མེད་སྟབས་བོད་ཚེས་༢༠ ཉིན་བཀྲས་ལྷུན་དགོན་པའི་དབང་ཕྱུག་དང་ཚེ་བརྟན།   ས་སྐྱ་ཤན་ནས་བུ་ཆུང་པུའུ་ཀྲང་དང་ཉེན་རྟོག་པ་བཅས་ཡོང་ནས་དགོན་པ་གསར་པར་སྤོ་མི་དགོས་པའི་རྒྱུ་མཚན་དྲིས་སོང་།  དགོན་པ་གསར་པར་སྒོ་དང་སྒེའུ་ཁུང་ཡག་པོ་མེད་པ་དང་།   གྲྭ་པ་སྡོད་ས་ཡང་མེད་པས་རྐུན་མར་ཤོར་བའི་ཉེན་ཁ་འདུག་ཅིང་།  ད་ལྟའི་དགོན་པ་རྙིང་པར་རྐུན་མ་ཤོར་བའི་ཉེན་ཁ་མེད་སྟབས་སྤོས་མེད།   ཅེས་ཁག་དཀྲི་ཕར་གཡུགས་པ་རེད།  དུས་རྒྱུན་དགོན་པར་རྐུན་མ་ཤོར་ན་འགྲིག་གི་མ་རེད།  ཅེས་ཤོད་ཀྱི་ཡོད་སྟབས་ང་ཚོའི་རྒྱུ་མཚན་ལྡན་པའི་སྐད་ཆ་དེར་ལན་རྒྱག་མ་ཐུབ་པར་ཁོ་པ་ཚོ་གཞིས་རྩེར་ཕྱིར་ལོག་བྱས་སོང་།

དགོན་པ་གསར་པར་སྤོ་དགོས་པའི་ཨུ་ཚུགས་བརྒྱབ་དོན་ནི་དགོན་པ་གསར་པ་དེར་ཆོས་མཇལ་ཞུ་བར་ཡོང་མཁན་མེད་པའི་རྒྱུ་མཚན་ཞིག་ཀྱང་འདུག  བོད་ཚེས་༢༥ སྟེ།  དགའ་ལྡན་ལྔ་མཆོད་ཉིན་ས་སྐྱ་ཤན་གྱི་ཤན་ཀྲང་དང་། ཆོས་དོན་ཅུས། གཞིས་རྩེ་ས་གནས་ཆོས་དོན་ཅུས་ཀྱི་ཅུས་ཀྲང་།  བཀྲས་ལྷུན་དགོན་པའི་ཚེ་བརྟན་དང་།  དབང་ཕྱུག  འཆི་མེད་བཅས་ཡོང་ནས་གངས་ཅན་དགོན་པའི་འགོ་ཁྲིད་ཚོགས་འདུར་བསྐོངས་སོང་། དབང་ཕྱུག་གིས། གངས་ཅན་དགོན་པས།  ༡  ༽དོལ་རྒྱལ་གྱི་འཇིམ་སྐུ་གཏོར་བ། ༢ ༽དོལ་རྒྱལ་གྱི་ལྷ་ཐོ་གཏོར་བ། ༣ ༽པཎ་ཆེན་རྫུན་མའི་པར་སྒྲིག་གཤོམ་མ་བྱས་པ།༤ ༽ཏཱ་ལའི་བླ་མའི་ཞབས་བརྟན་འདོན་པ་བཅས་ཀྱི་ནག་ཉེས་བསྒྲགས་ནས།  དོལ་རྒྱལ་སྐུ་གཏོར་དགོས་དོན་ནི་ཕྱི་རྒྱལ་ནས་དོལ་རྒྱལ་བཀག་འགོག་བྱེད་ཀྱི་ཡོད་ཙང་།  དེར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་དང་། སྤྱི་ལོ་༡༩༨༨ ནས་༡༩༩༧ ལོ་བར་གངས་ཅན་བླ་མར་དད་པ་བྱེད་མཁན་ཞེ་དྲག་ཡོད་ཀྱང་དེའི་རྗེས་དད་པ་བྱེད་མཁན་མི་འདུག་ཅེས་བཤད་སོང་། པ་སངས་པུའུ་ཀྲང་གིས། གངས་ཅན་བླ་མ་ནི།  ཁ་བྲལ་དང་ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མཁན་དང་།  ང་ཚོ་ཀྲུང་གོའི་གྲོགས་པོ་བློས་ཐུབ་ཡིད་ཆེས་བྱེད་ས་ཞིག་རེད། ད་དུང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཇལ་དར་ཕུལ་མཁན་ཞིག་ཀྱང་རེད། ཅེས་བཤད་སོང་། དབང་ཕྱུག་གིས་གངས་ཅན་བླ་མས་བཀའ་གནང་བ་ནང་བཞིན་དོལ་རྒྱལ་གྱི་བསྐང་བསོ་གཏོང་དགོས།  དེ་ལྟར་བྱས་ཚེ་གྲྭ་པ་རེ་རེར་ཁང་མིག་བཞི་རེ་ཡོད་པའི་གྲྭ་ཤག་གསར་པ་རྒྱག་རྒྱུ་དང་།  ཟླ་རེར་ཕོགས་རྒྱ་སྒོར་ལྔ་བརྒྱ་ནས་དྲུག་བརྒྱ་བར་སྤྲོད་རྒྱུ་རེད་ཅེས་བཤད་སོང་།  ད་དུང་ས་སྐྱ་ཤན་དང་ས་གནས་ཆོས་དོན་ཅུས་ནས་ཀྱང་དོལ་རྒྱལ་བསྟེན་དགོས་སྐོར་ཤོད་ཀྱི་འདུག   ང་ཚོས་དོལ་རྒྱལ་སྔར་ནས་བསྟེན་གྱི་མེད་ལ་དེའི་བསྐང་བསོ་ཡང་གཏོང་ཤེས་ཀྱི་མེད།   ཅེས་བཤད་པ་ཡིན།     ཁོང་ཚོས་ལྷ་བསྟེན་ཤེས་ཀྱི་མེད་ཟེར་བ་དེ་བཤད་མི་ཆོག   ལྷ་མ་བསྟེན་པ་ཡིན་ན་ཆབ་སྲིད་ཀྱི་གནད་དོན་ཡིན།  ཆོས་ལུགས་སྐོར་ཀྲུང་དབྱང་ནས་དེབ་ཅིག་བཏོན་ཡོད་པ་དེའི་ནང་དོལ་རྒྱལ་སྐོར་གསལ་ཡོད་ཅེས་བཤད་སོང་།   དོལ་རྒྱལ་བསྟེན་རྒྱུ་ཁས་མ་བླངས་སྟབས། ངའི་ཀྲུའུ་རེན་གཞོན་པའི་གོ་གནས་དང་དབུ་མཛད་ཀྱི་ལས་འགན་ཕྱིར་འཐེན་བྱེད་བཅུག་པ་མ་ཟད།  གོ་གནས་མཚོན་བྱེད་ཀྱི་ལག་འཁྱེར་ཡང་དེ་ཉིན་ཕྱིར་བསྡུ་བྱས་སོང་།  གནད་དོན་དེ་གྲྭ་དམངས་ལ་བཤད་མི་ཆོག་ཅེས་བརྗོད་ནས་ཉིན་གསུམ་གྱི་རྗེས་ཀྲུའུ་རེན་གསར་པ་དང་།  དབུ་མཛད་གསར་པ་བསྐོ་བཞག་བྱས་པ་རེད།  དེ་ཉིན་ཚོགས་འདུར་བདེ་ཆེན་ཕོ་བྲང་གི་འཆི་མེད་ལ་བརྩི་མཐོང་གང་ཡང་མི་འདུག་ཅིང་། ཁོ་པས་༡༩༩༩ བོད་ཟླ་༧ ཚེས་༡༤ དགོང་མོར་གངས་ཅན་བླ་མས་ས་སྐྱ་ཤན་གྱི་ཧྲུའུ་ཅི་ལ་བརྔན་པ་རྒྱ་སྒོར་ཁྲི་གཅིག་དང་གསེར་གྱི་ཚིག་ཁེབས་གཅིག  ས་སྐྱ་ཤན་བུ་ཆུང་པུའུ་ཀྲང་ལ་བརྔན་པ་རྒྱ་སྒོར་བདུན་སྟོང་དང་། གསེར་གྱི་ཚིག་ཁེབས་གཅིག ད་དུང་བུ་ཆུང་པུའུ་ཀྲང་གི་དགའ་ཉེ་ཕྲུ་གུ་ཞིག་སྨན་སློབ་ལོ་༥ ལ་སློབ་ཡོན་རྒྱ་སྒོར་ཁྲི་༥ སྤྲད་པ་འཆི་མེད་ར་བཟི་ནས་གསང་བ་ཕྱིར་ལ་ཤོར་བས་རེད་འདུག

 སྤྱི་ལོ་༢༠༠༠ བོད་ཟླ་༣ ཚེས་༡༡ ཉིན་སླར་ཡང་རང་སྐྱོང་ལྗོངས་དང་གཞིས་ཀ་རྩེ། ས་སྐྱ་ཤན། དེ་མིན་ས་གནས་ཀྱི་འགོ་ཁྲིད་སོགས་ཡོང་ནས་གངས་ཅན་དགོན་པས་དོལ་རྒྱལ་བསྟེན་དགོས་པ་དང་།  དགོན་པ་གསར་པ་དེར་ཚོགས་ལ་འགྲོ་དགོས་པ་བཙན་བཀའ་བཏང་བ་དང་། གལ་སྲིད་དོལ་རྒྱལ་མ་བསྟེན་པ་དང་།  ཚོགས་ལ་མ་ཡོང་ཚེ་ཁྲིམས་འགལ་ཡིན་སྐོར་གསལ་བསྒྲགས་བྱས་འདུག་པས། ཚོགས་ལ་འགྲོ་དགོས་བྱུང་ཡང་དོལ་རྒྱལ་བསྟེན་གསོལ་བྱེད་ཀྱི་ཡོད་པ་མ་རེད། 

གངས་ཅན་རྒྱའུའི་སྐོར་ལ། གངས་ཅན་བླ་མ་ནི་པཎ་ཆེན་བཟང་པོ་བཀྲ་ཤིས་ནས་བརྒྱུད་པ་ཡིན་ཞེས་ཁོ་པའི་གསོལ་འདེབས་ནང་བྲིས་འདུག   འོན་ཀྱང་གངས་ཅན་དགོན་པའི་རྒན་རབས་རྣམས་ནས་དེ་ཁས་ལེན་བྱེད་ཀྱི་མེད། གང་ཡིན་ཞེ་ན།  པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་རྣམ་ཐར་ནང་ཁོང་གི་ཡང་སྲིད་ཕེབས་རྒྱུ་མིན་པའི་སྐོར་གསལ་ཡོད་སྟབས།   ད་བར་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་ཡང་སྲིད་ཟེར་བ་ཞིག་གོ་རྒྱུ་མེད་པ་རེད།   པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་རྣམ་ཐར་ནང་།    ང་གངས་ཅན་དགོན་པར་ལོ་རེའི་བོད་ཟླ་༦ ཚེས་༤ ཉིན་གོས་སྐུ་འགྲེམས་སྐབས་བྱང་ཕྱོགས་ནས་རྒོད་ཐང་དཀར་ཞིག་ལ་སྤྲུལ་ནས་ཐེངས་རེ་བལྟ་བར་ཡོང་གི་ཡིན་གསུང་པ་བཞིན།   དེ་སྔ་བོད་གཞུང་གིས་བདེན་མིན་བལྟ་བར་རྩེ་དྲུང་ཞིག་བཏང་བ་ཟླ་བ་༦ ཚེས་༤ ཉིན་བྱང་ཕྱོགས་ནས་རྒོད་ཐང་དཀར་ཞིག་འཕུར་ཡོང་བ་གངས་ཅན་དགོན་པར་ལྡིང་སྐོར་གསུམ་བརྒྱབ་ནས་རང་འཇགས་བྱང་ཕྱོགས་སུ་འཕུར་བ་དངོས་ར་འཕྲོད་པའི་ལོ་རྒྱུས་འདུག དེང་སྐབས་ཀྱང་གོས་སྐུ་འགྲེམས་སྐབས་རྒོད་ཐང་དཀར་ཡོང་བ་མཇལ་བྱུང་ཟེར་མཁན་མང་པོ་ཡོད་པ་རེད། 

རྒྱུ་མཚན་དེའི་ཐོག་ནས་བླ་མ་རྒྱའུ་དེ་གངས་ཅན་དགོན་པ་ཕྱག་འདེབས་མཁན་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་ཡང་སྲིད་མིན་པ་གསལ་པོ་རེད།  དོན་དངོས་ཐོག་གངས་ཅན་རྒྱའུ་ནི། ས་སྐྱ་ཤན། བྲག་འཇུག་ཤང་། བྲག་འཇུག་གྲོང་ཚོར་སྐྱེས་པ་དང་།   གངས་ཅན་དགོན་པའི་རྒྱབ་ངོས་སུ་གྲུབ་ཁང་ཞིག་ལ་གྲུབ་ཐོབ་རྩ་ཆེན་ཞིག་ཡོད་པ་དེ་དགོངས་པ་རྫོགས་པས་དེའི་ཡང་སྲིད་ལ་ངོས་འཛིན་བྱས་པ་རེད།  ངོས་འཛིན་བྱེད་མཁན་དེའང་གངས་ཅན་གྲོང་ཚོའི་ལྕང་དཀྱིལ་གྱི་རྨོ་མོ་ལགས་སུ་དོལ་རྒྱལ་ཁོག་ཞུགས་ཐོག་འབེབས་ཀྱིས་ངོས་འཛིན་བྱས་པ་རེད།   གྲུབ་ཐོབ་དེའི་ཡང་སྲིད་མིང་ཐོག་ནས་གངས་ཅན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་བྱས།  ཁོ་པ་བླ་མ་ཡིན་ཞེས་གྲལ་མགོར་སྡོད་སྐབས་གངས་ཅན་དགོན་པས་འབུལ་སྡུད་ལ་བཏང་བ་དགོན་ལག་དཔེ་ཚ་ཞེས་པ་དེར་ཕུབ་རག་རིན་པོ་ཆེ་ཞེས་པའི་བླ་མ་རྩ་ཆེན་ཞིག་ཡོད་པ་དེ་གངས་ཅན་ཤར་རྩེ་གྲྭ་ཚང་དུ་ཕེབས་ནས།    ངའི་གོང་ལ་བི་ས་ཞིག་བཞག་པ་གང་མིན་ཚད་རེད་ཅེས་ཤར་རྩེ་གྲྭ་ཚང་ནས་ཁོ་པ་ཕྱིར་འབུད་བཏང་བ་རེད།   གངས་ཅན་རྒྱའུ་དགོན་པ་ནས་ཕྱིར་འབུད་བྱས་འཕྲལ་གཞིས་ཀ་རྩེར་ཕྱིན་ནས་གཞིས་རྩེ་སྤྱི་རྫོང་ལ།  ང་གངས་ཅན་དགོན་པའི་གྲུབ་ཐོབ་ས་བོན་ལྷའི་ཡང་སྲིད་ཡིན། ཡང་སྲིད་ངོས་འཛིན་དོལ་རྒྱལ་ནས་བྱས་པ་རེད།   ད་ལྟ་དགོན་པ་ནས་ཕྱིར་འབུད་བྱས་ནས་བདག་པོ་རྒྱག་གི་མི་འདུག་ཅེས་ཞུ་གཏུག་བརྒྱབ་པ་རེད།   ཞུ་གཏུག་ལ་དོན་འབྲས་མ་བྱུང་བའི་སྐབས་དེར་ཁྲི་བྱང་རིན་པོ་ཆེ་གཞིས་ཀ་རྩེར་ཕེབས་པ་ཁ་ཐུག་བརྒྱབ་ནས་ཁྲི་བྱང་རིན་པོ་ཆེས་རྒྱའུ་ལྷ་སར་ཁྲིད་ནས་ཁོང་གིས་གསོ་སྐྱོང་གནང་བ་རེད།   ཟེར་སྲོལ་ལ།

ཁྲི་བྱང་རིན་པོ་ཆེས་གངས་ཅན་རྒྱའུ་སེ་ར་གཙང་པ་ཁང་ཚན་དུ་བཞག་པར་མ་ཟད།   འགྲོ་སོང་དང་གཏོང་སྒོ་ཁྲི་བྱང་རིན་པོ་ཆེས་བཏང་བ་རེད་ཅེས་བརྗོད་ཀྱི་འདུག 

 ལོ་རྒྱུས་འདི་གསུང་པ་པོ་གཉིས་ལས། 

བློ་བཟང་ལུང་རྟོགས་བསྟན་འཕེལ། 

སྐྱེས་ཡུལ།    ས་སྐྱ་ཤན།་    གངས་ཅན་གྲོང་ཚོ།

༡༩༨༧ ལོར་གངས་ཅན་དགོན་པར་འཛུལ་ཞུགས་ཀྱིས་གཉེར་པའི་འགན་འཁྱེར།

༡༩༩༤ ལོར་གངས་ཅན་དགོན་པའི་ཀྲུའུ་རེན་གཞོན་པའི་ལས་འགན་བཞེས།

༡༩༩༩ ལོར་གངས་ཅན་རྒྱའུ་དང་དོལ་རྒྱལ་ལ་ངོ་རྒོལ་བཀག་འགོག་གི་གནད་དོན་ཐོག་ནས་ལོ་དེའི་ཟླ་༡༢ པར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་།

བསོད་ནམས་དབང་ལགས། ཆོས་མིང་བློ་བཟང་རྒྱལ་མཚན།

རང་ལོ་༣༢  སྐྱེས་ཡུལ་ས་སྐྱ་ཤན།  གངས་ཅན་གྲོང་ཚོ།

སྤྱི་ལོ་༡༩༨༧ ལོར་གངས་ཅན་དགོན་པར་འཛུལ་ཞུགས་བྱས།  དགོན་པའི་ཀྲུའུ་རེན་གཞོན་པ་དབུ་མཛད་ཀྱི་འགན་འཁུར་བཞེས། གངས་ཅན་རྒྱའུ་དང་དོལ་རྒྱལ་ལ་ངོ་རྒོལ་བཀག་འགོག་གི་གནད་དོན་ཐོག་ནས་སྤྱི་ལོ་༢༠༠༠ ཟླ་༣ ནང་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་བཅས་སོ།།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 2

  1. བསོད་ནམས་སྟོབས་རྒྱལ says:
    ལོ་ 5 སྔོན།

    གངས་ཅན་དགོན་པའི་སྐུ་ཞབས་རྣམ་པས་ཆུ་བོ་གངས་པ་ཐུག་པའི་ཡན་ལག་བརྒྱད་ལྡན་དེ་ལས་གཞན་ཁྲོམ་པ་སོགས་ཀྱི་ཆུ་མངར་སྐྱུར་དུ་དམིགས་བསམ་མ་ཞུས་པས་མཛད་རྗེས་ལ་རྗེས་སུ་ཡིད་རང་ཡོད། གངས་ཕྲུག་ཞུ་ན་དེ་མ་རེད་པས།
    རྒྱ་དམར་པོའི་ནད་ཡམས་དེས་བསམ་དམིགས་དང་འབྱོར་སྤྱོད་རྒྱ་ལ་ཀླུ་ནད་ལྟར་ཡིན་འདུག་ག

    Reply
  2. བོད་ཀྱི་བུ། says:
    ལོ་ 5 སྔོན།

    ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese