རང་ལོ་ ༡༦ ཙམ་ཡིན་པའི་ཨབ་གྷན་གྱི་བུ་མོ་ཆུང་ཆུང་ཞིག་གིས་དྲག་སྤྱོད་པར་མེ་མདས་བརྒྱབས་ཏེ་དྲག་དམག་གཉིས་བསད་པ་དང་ཁག་ཅིག་ལ་རྨས་སྐྱོན་བཟོས་ཡོད་འདུག ཁ་སང་ཕྱི་ཚེས་ ༢༡ ཉིན། བྷི་བྷི་སི་གསར་ཁང་གཙོས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨབ་གྷན་གྱི་གྷོར་(Ghorཞིང་ཆེན་ཁོངས་ཀྱི་ཊི་རི་རྫོང་(Tewri) )ནས་ཡིན་པའི་བུ་མོ་ལོ་ན་ ༡༦ ཙམ་ཅན་ཞིག་གིས། རང་གི་ཕ་མ་གཉིས་ཏ་ལི་བྷན་དྲག་སྤྱོད་པས་དམར་གསོད་བཏང་བར་དགྲ་ཤ་ལེན་ཆེད་ཁྱིམ་ཚང་དེའི་(AK-47)མེ་མདའ་ཁུར་སྟེ། དྲག་སྤྱོད་པ་ཁྱིམ་ཚང་ནང་ཞིབ་བཤེར་དུ་ཡོང་སྐབས་དང་བསྟུན་མེ་མདའ་འཕངས་སྟེ། དྲག་སྤྱོད་པ་གཉིས་བསད་པ་དང་ཁ་ཤས་ལ་རྨས་སྐྱོན་བཟོས་ཡོད་སྟབས། ཡུལ་དེའི་སྤྱི་ཚོགས་དྲ་ལམ་ནང་བུ་མོ་དེའི་བློ་སྤོབས་ལ་ཡི་རང་དང་བསྟོད་བསྔགས་མང་པོ་གཏོང་བཞིན་ཡོད་འདུག
དེའི་སྐོར་ཡུལ་དེའི་ས་གནས་སྲིད་གཞུང་གིས་བརྗོད་པ་ལྟར་ན། བདུན་ཕྲག་སྔོན་མའི་ནང་ཏ་ལི་བྷན་གྱི་དྲག་སྤྱོད་པ་ཁག་ཅིག་ཁྱིམ་ཚང་དེར་ཡོང་ནས། བུ་མོའི་ཨ་ཕས་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་སྙད་ནས་ཕ་མ་གཉིས་ཀ་བསད་ཡོད་པ་དང་། དེ་ནས་བཟུང་དྲག་སྤྱོད་པ་དེ་ཚོ་ཁྱིམ་ཚང་དེར་ཡང་དང་བསྐྱར་དུ་ཡོང་གི་ཡོད་པའི་སྐབས་དང་བསྟུན། བུ་མོས་རང་ཁྱིམ་དུ་ཡོད་པའི་མེ་མདའ་བཟུང་སྟེ་དྲག་སྤྱོད་པ་ཚོར་ཕར་རྒོལ་བྱས་ཏེ་དྲག་སྤྱོད་པ་གཉིས་བསད་པ་དང་། མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག
མུ་མཐུད་གནས་ཚུལ་དེ་བྱུང་རྗེས་དྲག་སྤྱོད་པ་ཚོ་ཡོང་ནས་ཁྱིམ་ཚང་དེའི་སྡོད་ཁྱིམ་རྩ་གཏོར་དང་། གྲོང་སྡེའི་ནང་གི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་ལ་གཅར་རྡུང་སོགས་བྱས་ཡོད་པ་དང་། ད་ལྟའི་ཆར་ཨབ་གྷན་སྲིད་གཞུང་གི་དམག་དཔུང་གིས་བུ་མོ་དང་མོའི་སྤུན་མཆེད་བུ་ཆུང་བ་གཉིས་ས་ཆ་བདེ་འཇགས་ཤིག་ཏུ་སྐྱེལ་ཐུབ་ཡོད་པ་མ་ཟད། གྲོང་སྡེའི་ནང་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
གནས་ཚུལ་དེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་རྗེས། བུ་མོས་མེ་མདའ་ཞིག་བཟུང་ནས་ཡོད་པའི་པར་རིས་དེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཤུགས་ཆེར་ཁྱབ་སྤེལ་བྱས་ཡོད་པ་མ་ཟད། ཡུལ་དེའི་མི་མང་པོས་བུ་མོའི་བློ་སྤོབས་ལ་གུད་འདུད་ཞུ་བཞིན་ཡོད་དང་། དེ་ནི་ཨབ་གྷབ་བུ་མོ་ཚོའི་སྙིང་སྟོབས་མཚོན་བྱེད་ཡིན་སྐོར་སོགས་བུ་མོས་དྲག་སྤྱོད་པ་བསད་པར་བསྟོད་བསྔགས་ཤུགས་ཆེན་བྱེད་བཞིན་ཡོད་འདུག
ཨབ་གྷན་གྱི་ནུབ་རྒྱུད་ས་གནས་དེ་ནི་ནམ་རྒྱུན་དྲག་སྤྱོད་པས་ལྟེ་གནས་དང་བུད་མེད་ལ་འཚེ་བའི་ལས་སྤེལ་བའི་ས་ཁུལ་གཙོ་གྲས་ཤིག་ཡིན་པ་དང་། དྲག་སྤྱོད་པ་ཚོས་རྒྱུན་དུ་ས་གནས་དེ་དག་གི་གྲོང་སྡེ་ཁག་ནང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་དམར་གསོད་དང་གཅར་རྡུང་ཡང་ཡང་གཏོང་གི་ཡོད་འདུག འདི་ལོའི་ཕྱི་ཟླ་ ༢ ནང་ཏ་ལི་བྷན་དྲག་སྤྱོད་ཚོགས་པས་ཨ་རི་དང་མཉམ་དུ་ཞི་བདེའི་གྲོས་ཆིངས་ལ་ས་རྟགས་བརྒྱབ་སྟེ། རྗེས་ཕྱོགས་དྲག་སྤྱོད་རིགས་སྤེལ་རྒྱུ་མིན་སྐོར་བཤད་ཡོད་ཀྱང་། ཏ་ལི་བྷན་ཚོགས་པས་ཚོགས་མི་མང་པོས་གྲོས་ཆིངས་དེ་ལ་མོས་མཐུན་མ་བྱས་པར་མུ་མཐུད་གནས་ཚུལ་རྒྱལ་ཁབ་ཁག་ནང་དྲག་སྤྱོད་དང་མི་མང་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག