མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩེད་མོའི་ཁྲོད་ཀྱི་སློབ་གསོ་དང་དེའི་དགེ་མཚན།

བོད་ཀྱི་དུས་བབ།
༢༠༢༠/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།

 

བྱིས་པ་ཡག་པོ་ཞིག་སྐྱོང་བ་ལ་ཐོག་མར་སྐྱོང་ལུགས་སྣ་ཚོགས་སྦྱོང་རྒྱུ་གལ་ཆེ་ཞིང་། རང་གི་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་མཁོ་སྤྲོད་བྱེད་དགོས་པ་ཡིན། བོད་པའི་མི་རབས་རྗེས་མ་རྣམས་ལ་མི་ཚེའི་ཁ་ཕྱོགས་ཕུགས་རྒྱང་རིང་པོ་ཞིག་སྟོན་འདོད་ན་དུས་རབས་དང་མཐུན་པའི་བྱིས་པ་གསོ་སྐྱོང་བྱེད་ལུགས་ཀྱི་སྐོར་ལ་ཤེས་རྟོགས་བྱེད་དགོས་པ་ཡིན། ལྷག་པར་དུ་བྱིས་པའི་སེམས་ཁམས་དང་དགའ་ཕྱོགས་ལ་ཞིབ་འཇུག་བྱས་ཏེ་ཆ་རྒྱུས་ཡོད་པའི་སྟེང་ནས་བྱིས་པ་གསོ་སྐྱོང་བྱེད་དགོས་པ་ཡིན། འོན་ཀྱང་། བོད་ཕྱི་ནང་གི་ཕ་མ་མང་པོར་བྱིས་པ་གསོ་སྐྱོང་བྱེད་ཐབས་ཀྱི་སྐོར་ལ་དོ་སྣང་བྱེད་པའི་གོམས་གཤིས་ཡག་པོ་ཞིག་མེད་པ་དང། ཕ་མ་རེ་ཟུང་ཕྱོགས་ཞེན་གྱི་དབང་དུ་སོང་སྟེ་བོད་རང་གི་རིག་གཞུང་ཁྲོད་དུ་མི་གསལ་བའི་བྱིས་སྐྱོང་གི་བྱེད་ཐབས་ཤིག་ཡིན་ན། བོད་ཀྱི་སྤྱི་ཚོགས་ལ་མི་འཚམ་པར་འདོད་དེ་དང་ལེན་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཀྱང་ཡོད། ཕྱི་རྒྱལ་བ་དང་རྒྱ་རིགས་འདུས་སྡོད་བྱེད་སའི་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བཞིན་པའི་བོད་པའི་ཕ་མ་མང་པོས་བུ་ཕྲུག་རྣམས་ཡུལ་ལུང་དེ་དང་།དེའི་ཡུལ་སྲོལ་ལྟར་བྱིས་པ་འཚར་ལོངས་བྱེད་དུ་འཇུག་གི་ཡོད་པ་ལས་བྱིས་སྐྱོང་གི་བྱེད་ཐབས་ལ་དོ་སྣང་སྤྲད་དེ་བུ་ཕྲུག་བོད་ལུགས་ལྟར་གསོ་སྐྱོང་བྱེད་ཐབས་ལ་བསམ་བློ་གཏོང་གི་མེད། དེ་བས་ཁྱིམ་ཚང་མང་བོའི་བྱིས་སྐྱོང་གི་བྱ་བཞག་ལ་འགལ་རྐྱེན་འཕྲད་ཀྱི་ཡོད་པ་ནི་སེམས་འཚབ་སྐྱེ་དགོས་པ་ཞིག་ཡིན། དེར་བརྟེན་བྱིས་སྒྲུང་གླིང་དུ་བཞུགས་པའི་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་སྐོར་ལ་ཉམས་མྱོང་དང་ཤེས་རྟོགས་ཟབ་པའི་ཕ་མ་ཚོའི་དགོངས་ཚུལ་རྣམས་གཞིར་བཞག་སྟེ་རྩེད་མོའི་ཁྲོད་ཀྱི་སློབ་གསོའི་སྐོར་ནས་རོབ་ཙམ་གླེང་རྒྱུ་ཡིན།

རྩོམ་པ་པོ་དང་སྙན་ངག་པ། རྩེད་མོའི་ཕན་ནུས་ཞིབ་འཇུག་པ་སྐུ་ཞབས་ཝེན་སུ་རྒུ་བ་མོན་(Vince Gowmon) མཆོག་གིས་བྱིས་པའི་སློབ་སྦྱོང་གི་རྨང་གཞི་རྩེད་མོའི་ཐོག་ཏུ་འཇོག་ཐུབ་པ་ཡིན་ན། ང་ཚོས་བྱིས་པར་ཁྲིད་བྱ་ཆ་ཚང་བ་ཞིག་ཁྲིད་ཐུབ་ཅེས་སྡོམ་ཚིག་བཀོད་ཡོད། ཚན་རིག་དང་སློབ་གསོ་དར་ཁྱབ་ཚད་མཐོན་པོར་སོང་ཡོད་པའི་རྒྱལ་ཁབ་དཔེར་ན་བྱང་ཨ་རིའི་གླིང་གི་རྒྱལ་ཁབ་ཁ་ན་ཊ(Canada)དང་ནུབ་ཡོ་རོབ་ཀྱི་རྒྱལ་ཁབ་སུ་ཝེ་ཌེན་(Sweden)ལ་སོགས་པའི་རྒྱལ་ཁབ་མང་པོའི་སློབ་སྔོན་སློབ་གསོའི་སྒྲོམ་གཞི་རྩེད་མོ་ཡིན་པར་གྲགས་ཤིང་། རྩེད་མོའི་ཁྲོད་ནས་བྱིས་པར་སློབ་གསོ་སྤྲོད་པ་དེར་གཙིགས་ཆེན་བྱེད་བཞིན་ཡོད། གཙོ་ཆེ་ཤོས་བྱིས་པ་ལ་རྩེད་མོར་དགའ་བའི་རང་གཤིས་ཡོད་པ་དང་རྩེད་མོ་རྩེ་བ་ནི་བྱིས་པའི་ཐོབ་ཐང་ཡིན་པ་སོགས་གཞིར་བཞག་པ་ཞིག་ཡིན་པར་བརྗོད་ཅིང་།རྩེད་མོའི་ཁྲོད་དུ་སློབ་གསོ་སྤྲོད་ཐབས་ཀྱི་སྒྲོམ་གཞི་དེར་དགེ་མཚན་ཆེན་པོ་དང་མང་བོ་ཡོད་པའི་རྒྱུ་མཚན་བགྲངས་འདུག ཨ་རིའི་བུད་མེད་རྩོམ་པ་པོ་དང་སེམས་ཁམས་རིག་པའི་ཆེད་མཁས་པ་ཁེ་རེ་ཌི་ཧྥེལ་ཌི་ཇེ་མེན (Kay Redfieield Jamian) མཆོག་གིས བྱིས་པ་ལ་བསམ་བློའི་རང་དབང་དང་རྩེད་མོ་རྩེ་བའི་དུས་ཚོད་ཡོད་དགོས།  རྩེད་མོ་རྩེ་བ་ནི་རྒྱས་སྤྲོས་བྱེད་པ་མ་ཡིན་པར་ངེས་པར་དུ་རྩེ་དགོས་པ་ཞིག་ཡིན་ཞེས་གསུངས་ཡོད། དེར་བརྟེན་བྱིས་སྐྱོང་སློབ་གསོ་མཐོང་ཆེན་བྱེད་སའི་ཡུལ་ལུང་གི་ཕ་མ་ཚོས་བུ་ཕྲུག་གི་ལོ་ཚོད་ལ་གཞིགས་པའི་རྩེད་ཆས་མཁོ་སྤྲོད་བྱེད་པ་དང་རྩེད་མོ་རྩེ་སའི་ཁོར་ཡུག་བསྐྲུན་པ། བུ་ཕྲུག་དང་ལྷན་དུ་རྩེད་མོ་ལ་མཉམ་ཞུགས་བྱེད་པ་དང་ཁྱིམ་མཚེས་ཀྱི་བྱིས་པ་དང་ལྷན་དུ་རྩེད་མོའི་དུས་ཚོད་བཟོ་བ། རྩེད་ཐང་དུ་ཁྲིད་དེ་བྱིས་པ་མང་པོ་དང་ལྷན་དུ་ལུས་སེམས་བཀོལ་སྤྱོད་བྱེད་དགོས་པའི་རྩེད་མོའི་རིགས་སྣ་ཚོགས་ལ་ཞུགས་སུ་འཇུག་པ་ལ་སོགས་པ་བྱེད་དགོས། བུ་ཕྲུག་རང་ཉིད་ལ་འདོད་མོས་ཡོད་པ་དང་ཉེན་ཁ་མེད་པའི་རྩེད་མོ་ལ་ཞུགས་སུ་བཅུགས་པ་ཡིན་ན་མི་གཤིས་སྤྲོ་སྣང་གིས་ཁེངས་པའི་བྱིས་པ་གསོ་སྐྱོང་བྱེད་ཐུབ་པར་བཤད། དེ་ན་ང་ཚོ་བོད་པའི་ཕ་མ་ཚོས་ཀྱང་རང་ཉིད་ཀྱི་མི་རབས་རྗེས་མ་དང་། གངས་ཅན་བོད་པ་ཚང་གི་ཤུལ་འཛིན་པ་ཆུང་ཆུང་དེ་ཚོ་འཛམ་གླིང་གི་མི་རིགས་འདྲ་མིན་དང་མཉམ་དུ་མདུན་སྐྱོད་བྱེད་ཐུབ་པའི་ཆེད་དུ། གནའ་དེང་ཟུང་འབྲེལ་གྱི་བྱིས་པའི་རྩེད་མོ་སྣ་ཚོགས་ལ་ཞུགས་པའི་ཆ་རྐྱེན་བསྐྲུན་ཏེ་སློབ་གསོ་སྤྲོད་དགོས་པར་འདོད་དོ།།

ཨ་རིའི་ཁཱར་ནེལ་སློབ་ཆེན་གྱི་(Cornell University) སློབ་དཔོན་ཆེན་མོ་དང་། དངོས་ཁམས་རིག་པ་དང་རྩོམ་པ་པོ་སྒྲ་ཡན་ཨ་ཁཱར་མན་ (Diane Ackerman) མཆོག་གིས་རྩེད་མོ་ནི་འགྲོ་བ་མིའི་ཀླད་པས་ཆེས་དགའ་མོས་བྱེད་པའི་སློབ་སྦྱོང་གི་ཐབས་ལམ་ཡག་པོ་ཞིག་རེད་ཅེས་གསུངས་ཡོད་པ་ལྟར། བྱིས་པ་ལ་རྩེད་མོའི་གོ་སྐབས་སྤྲོད་པ་ནི་བྱིས་པའི་ཀླད་རྒྱ་ཆེ་རུ་གཏོང་བ་དང་བསམ་རྒྱ་ཡངས་སུ་གཏོང་བའི་བྱེད་ཐབས་ཆེས་ཡག་པོ་ཞིག་ཡིན་པ་ཚན་རིག་པ་ཚོས་དཔྱད་ཞིབ་ཁྲོད་དུ་ངེས་པ་རྙེད་པ་ཞིག་ཡིན་པ་ཡོངས་གྲགས་ཡིན།འཛམ་གླིང་ན་སྙན་གྲགས་ཆེ་བའི་ཚན་རིག་པ་ཨལ་བྷུར་ཊི་ཨ་ཡེན་སུ་ཐན(Albert Einstein) མཆོག་གིས་རྩེད་མོ་ནི་ཆེས་ཚད་མཐོ་བའི་དཔྱད་ཞིབ་བྱེད་ཐབས་ཤིག་རེད་ཅེས་གསུངས་ཡོད། རྩེད་མོ་ནི་བྱིས་པའི་འཇོན་ནུས་སྔོག་འདོན་བྱེད་པའི་ཆེས་བཟང་བའི་བྱེད་ཐབས་ཤིག་ཡིན་པ་དང་། མཚར་སྣང་ཆེ་ཞིང་ཤེས་འདོད་ཆེ་བའི་བྱིས་པའི་རང་གཤིས་གསོ་སྐྱོང་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན།རྩེད་མོའི་ཁྲོད་ནས་བྱིས་པའི་རང་གི་མི་གཤིས་ཀྱི་རང་བཞིན་སྟོན་ཐུབ་པ་དང་། ཕ་མ་དང་བྱིས་པ་གཞན་ལ་འབྲེལ་འདྲིས་ཀྱི་གོ་སྐབས་བརྒྱུད་དེ་བསམ་བློ་གཏོང་སྟངས་དང་སྐད་ཆ་བཤད་སྟངས། ལུས་ཀྱི་རྣམ་འགྱུར་སྟོན་སྟངས་ལ་སོགས་པའི་ཤེས་བྱ་གྲངས་མེད་པ་ཞིག་སྦྱོང་ཐུབ། ཨ་རིའི་རྩེད་མོའི་དགེ་མཚན་ཞིབ་འཇུག་གི་ཆེད་མཁས་པ་དང་སློབ་དཔོན་ཆེན་མོ་ཧྥུ་རེ་ཊི་ཊོལ་ནོལ་སིན། (Fred Donaldson) མཆོག་གིས་བྱིས་པ་ཚོས་རྩེད་མོ་རྩེ་ཞོར་དུ་སློབ་སྦྱོང་བྱེད་ཐུབ། དེ་ནི་ཧ་ཅང་གལ་ཆེ་བས། ཁོ་ཚོས་རྩེད་མོའི་ཁྲོད་ནས་ཇི་ལྟར་སློབ་སྦྱོང་བྱེད་པའི་ཐབས་ཤེས་ཧ་གོ་བ་ཡིན་ཞེས་གསུངས་ཡོད། དེ་ན་ཕ་མ་ཚོས་བུ་ཕྲུག་ལ་ཟརྩེད་མོའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ་བུ་ཕྲུག་གི་ལྷན་སྐྱེས་ཀྱི་རིག་སྟོབས་སྐྱེད་སྲིང་བྱེད་དགོས་པ་ཡིན། དེ་ལས་ལྡོག་སྟེ་བུ་ཕྲུག་གི་རྩེད་མོ་རྩེ་བའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་བཏང་སྟེ་བུ་ཕྲུག་ལ་རྩེད་མོ་རྩེ་བའི་དབང་ཆ་དང་ཐོབ་ཐང་མ་སྤྲད་པ་ཡིན་ན། བུ་ཕྲུག་གི་རྣམ་དཔྱོད་ལ་ཚོད་འཛིན་དང་གསར་གཏོད་བྱེད་པའི་འཆར་སྒོ་བཀག་པ་ཡིན། ཨ་རིའི་སྤྱི་ཚོགས་རིག་པའི་སློབ་དཔོན་ནེ་ཁཱ་ལ་སུ་ཁུ་རེ་ཀྲ་ཁཱས་(Nicholas Christakis) མཆོག་གིས་བྱིས་པར་རྩེད་མོ་རྩེ་རུ་མ་བཅུག་པ་ཡིན་ན། དེ་ནི་བྱིས་པའི་འཇིག་རྟེན་ལ་ཤེས་རྟོགས་བྱེད་པའི་ཐོབ་ཐང་མ་སྤྲད་པ་རེད་ཅེས་གསུངས་ཡོད། དེ་ན་ང་ཚོ་གངས་ཅན་པའི་ཕ་མ་ཚོས་ཀྱང་བོད་ཕྲུག་ཚོར་རྩེད་རིགས་སྣ་ཚོགས་ལ་འཇུག་པའི་ཆ་རྐྱེན་བསྐྲུན་ཏེ་གསོ་སྐྱོང་བྱེད་རྒྱུ་གལ་ཆེ་བར་སེམས་སོ།།

རྒྱལ་སྤྱིའི་སྟེང་ན་སྙན་གྲགས་ཆེ་བའི་ཨི་ཊ་ལའི་སློབ་ཁྲིད་རིག་པའི་ཆེད་མཁས་པ་མ་རེས་ཡ་མོན་ཊི་སོ་རེ (Maria Montessori) མཆོག་གིས་རྩེད་མོ་ནི་བྱིས་པའི་ལས་ཀ་རེད་ཅེས་གསུངས་ཡོད་པ་དང་། རྩོམ་པ་པོ་དང་སྙན་ངག་པ། རྩེད་མོའི་ཕན་ནུས་ཞིབ་འཇུག་པ་སྐུ་ཞབས་ཝེན་སུ་རྒུ་བ་མོན་(Vince Gowmon) མཆོག་གིས་རྩེད་མོ་ནི་བྱིས་པ་དང་བྱིས་པའི་གསར་གཏོད་ཀྱི་ནུས་པའི་བར་གྱི་ལམ་ཐག་ཉེ་ཤོས་དེ་རེད་ཅེས་གསུངས་ཡོད། དེ་ན་བྱིས་པ་ཞིག་ལ་མཚོན་ན་ལུས་སེམས་ཀྱི་འཚར་ལོངས་ལ་ཕན་པའི་འཚོ་བཅུད་ལྡན་པའི་ཟས་མཆོག་ལྟ་བུ་དེ་རྩེད་མོ་ཡིན་པ་དང་། རྩེད་མོའི་ཁྲོད་དུ་བྱིས་པ་རང་བཞིན་གྱིས་འཚར་ལོངས་འབྱུང་ཐུབ་པར་བཤད།རྩེད་མོ་རྩེ་བའི་སྐབས་སུ་བྱིས་སེམས་ཞི་བར་གནས་ཤིང་སྤྲོ་སྣང་རྒྱས་ཐུབ་པ་ཡིན། སྐབས་དེར་བྱིས་སེམས་ལ་དཀའ་སྣང་བྲལ་ཞིང་སུན་སྣང་མེད། རྣམ་རིག་དྭངས་ཞིང་བློ་རིག་གསལ། རིག་པ་རྩེ་གཅིག་ཏུ་སྒྲིམ་ཐུབ་ཀྱི་ཡོད་པར་བཤད། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་རྣམས་རང་དབང་གི་རྩེད་མོ་རྩེ་བར་ཧ་ཅང་དགའ་ཞིང་། རང་དབང་གི་རྩེད་མོའི་ཁྲོད་དུ་ཕྲུ་གུ་ཚོར་འཆར་སྣང་མང་ཞིང་སྤྲོ་སྣང་ལྡན་པའི་སྒོ་ནས་བྱ་དངོས་ངོས་འཛིན་དང་འབྲེལ་བའི་ཚོད་ལྟའི་བྱ་བ་སྣ་ཚོགས་ལ་འཇུག་པར་བཤད།  སྐབས་འདིར་ཕ་མའི་འོས་འགན་གཙོ་བོ་དེ་རྩེད་མོ་རྩེ་བར་དགའ་བའི་ཕྲུ་གུའི་སེམས་ཁམས་ཀྱི་རང་དབང་ལ་བརྩི་བཀུར་བྱེད་དགོས་ཤིང་། བུ་ཕྲུག་ལ་རང་མོས་ཡོད་པའི་རྩེད་མོ་རྩེ་རུ་འཇུག་དགོས་པ་དེ་ཡིན། དེ་དང་ལྷན་དུ་ཕ་མས་ཕྲུ་གུའི་ལུས་སེམས་འཚར་ལོངས་སུ་འགྲོ་བར་ཕན་པའི་རྩེད་ཆས་ངོ་སྤྲོད་བྱེད་པ་དང་། བྱིས་པ་དང་ལྷན་དུ་རྩེད་མོར་ཞུགས་ཏེ་བྱིས་པའི་དགའ་ཕྱོགས་འཚོལ་ཞིབ་བྱེད་དགོས། ཕྲུ་གུ་རེ་ལ་རྩེ་འདོད་ཡོད་པའི་རང་དབང་གི་རྩེད་མོ་རེ་ཡོད་པ་ཤེས་དགོས་ཤིང་། དེ་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན་དགོས།དེ་ན་ང་ཚོ་བོད་ཀྱི་ཕ་མ་ཚོས་ཀྱང་རང་གི་གཅེས་ཕྲུག་ཚོའི་རྩེད་མོའི་རང་དབང་མི་འཕྲོག་པ་དང་རྩེད་མོར་དགའ་བའི་རང་གཤིས་ལ་ཚོད་འཛིན་མི་བྱེད་པར། གང་ཐུབ་ཅི་ཐུབ་ཀྱིས་ཁོ་ཚོར་ཉེན་ཁ་མེད་པའི་རྩེད་མོའི་ཁོར་ཡུག་ཅིག་བསྐྲུན་ཏེ་ངང་བ་ཆུ་ལ་ཞུགས་པའི་ངང་ཚུལ་ལྟར་ཕྲུ་གུ་རྩེད་མོར་ཞུགས་སུ་འཇུག་རྒྱུ་གལ་ཆེ། དེ་ལྟར་ན་ཕ་མ་ཚོས་གོ་སྐབས་དམ་འཛིན་གྱིས་བུ་ཕྲུག་དང་ལྷན་དུ་རྩེད་མོར་ཞུགས་ཏེ་བུ་ཕྲུག་གི་སེམས་ཀྱི་འཆར་སྒོ་ཇེ་མང་དུ་འགྲོ་བ་དང་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་འགྲོ་བ། བྱིས་པའི་འཚོལ་ཞིབ་ཀྱི་རིག་པ་ཇེ་གསལ་དུ་འགྲོ་བ་དང་འགན་ཁུར་གྱི་འདུ་ཤེས་ཇེ་བརྟན་དུ་འགྲོ་བའི་བྱ་བཞག་སོགས་ལ་བརྩོན་དགོས་པར་སེམས་སོ།།

མདོར་བསྡུས་ན་བུ་ཕྲུག་རྣམ་དཔྱོད་དང་སྤོབས་པ་ལྡན་པ་ཞིག་གསོ་སྐྱོང་བྱེད་འདོད་པའི་ཕ་མ་ཞིག་ཡིན་ན། དུས་རབས་དང་ཡུལ་སྲོལ་ལ་མཐུན་པའི་བྱིས་པ་གསོ་སྐྱོང་བྱེད་ཐབས་ཀྱི་རྩེད་མོའི་སྐོར་ལ་མཉམ་འཇོག་བྱས་ཏེ་རང་གི་ཚེ་གཅིག་གི་འདུན་མ་བཅོལ་ས་དེར་བསམ་བློའི་ཁ་ཕྱོགས་ཡང་དག་པ་ཞིག་སྤྲོད་དགོས་པ་ཡིན། ལྷག་པར་དུ་རྩེད་མོ་ནི་བུ་ཕྲུག་གི་སེམས་ཁམས་ཞིབ་འཇུག་དང་དགའ་ཕྱོགས་ལ་འཚོལ་ཞིབ། བུ་ཕྲུག་གི་ལུས་ངག་ཡིད་གསུམ་ལ་བོད་པའི་ཆོས་དང་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཞག་རྩི་འཇོག་ཐབས་ཡག་པོ་ཞིག་ཡིན་པ་ཤེས་རྟོགས་དགོས། ལྷག་པར་དུ་ཕྱི་རྒྱལ་དང་རྒྱ་ནང་དུ་འཚོ་བ་སྐྱེལ་བཞིན་པའི་བོད་པའི་ཕ་མ་ཚོས་ཀྱང་ཁ་གཡར་ས་དང་ཁག་འཇོག་ས་མང་པོ་ཞིག་བཙལ་ནས་མི་སྡོད་པར། རང་འགན་རང་གིས་ཁུར་ཏེ་རང་གི་བུ་ཕྲུག་བོད་ཕྲུག་རྣལ་མ་ཞིག་ཏུ་གསོ་སྐྱོང་བྱེད་པའི་ལས་དོན་དེ་ཨང་དང་པོར་འཇོག་དགོས། དེ་ལྟར་ལག་ལེན་སྟེང་ནས་བུ་ཕྲུག་ལ་མིག་དཔེ་ཡག་པོ་ཞིག་སྟོན་ཐུབ་པ་ཡིན་ན། བུ་ཕྲུག་གིས་ཕ་མར་མིག་ལྟོས་དང་སློབ་སྦྱོང་བྱས་ཏེ་མི་རབས་ནས་མི་རྒྱུད་ལ་ལམ་སྲོལ་དེ་རྒྱུན་སྐྱོང་བྱེད་ཐུབ་སྲིད་པ་ཡིན། དེ་ན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་འདོད་པ་དང་བུ་ཕྲུག་ཚད་དང་ལྡན་པ་ཞིག་སྐྱེད་སྲིང་བྱེད་འདོད་མཁན་ཚོས་རྩེད་མོ་གཙོ་བོར་བྱས་པའི་བྱིས་པ་སྐྱོང་ཐབས་སྐོར་ལ་ཤེས་རྟོགས་བྱེད་དགོས་པར་སེམས་སོ།།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese