མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོ་ནམ་པའི་བུ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

སྐུ༵་ཡི་ལང་ཚོ་གངས་རིའི་ལྗོངས་སུ་རྒྱས།།

གསུ༵ང་གི་མཛད་པ་འཛིན་མའི་ཡོངས་སུ་ཁྱབ།།

ཐུ༵གས་ཀྱི་མཛད་པས་འགྲོ་ཀུན་ཞི་བདེར་བཀོད།།

 གངས་རིའི་མགོན་པོའི་སྐུ་ཚེ་བརྟན་འགྱུར་ཅིག།།

ཅེས་སྨོན་ཚིག་སྔུན་བསུས་ཏེ་དེ་རིང་གླེང་བ་འདོད་པ་ནི་རང་རེའི་བོད་གཞིས་བྱེས་གཉིས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག།།ཚེ་འདི་གཉིས་ཀྱི་སྐྱབས་གནས། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་སོ་གཅིག་འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་འདིར་འཚམས་འདྲི་ཞུ་བ་དང་འབྲེལ་མི་ཆོས་གཙང་མ་བཅུ་དྲུག་ལས། བྱས་པ་དྲིན་དུ་གཟོ་བ་ཞེས་པ་ལྟར་མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པའི་དཔེ་ལྟར་ཡིད་སེམས་མདངས་མའི་སྒོ་ནས་བཀའ་དྲིན་རྗེས་དྲན་མཚོན་སླད་དུ་ཚིག་ཁ་ཤས་ཤིག་འབྲི་བར་འདོད།

དེ་ཡང་མདོ་སྨད་སྟར་འཚེར་ཞེས་པའི་ཁྱིམ་ཚང་ཞིག་ཏུ་༸རྒྱལ་ཡབ་ཆོས་སྐྱོང་ཚེ་རིང་དང་། ༸རྒྱལ་ཡུམ་ཆེན་མོ་བསོད་ནམས་མཚོ་མོའམ་ཡོངས་གྲགས་སུ་བདེ་སྐྱིད་ཚེ་རིང་རྣམ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༥ ཕྱི་ཟླ་ ༧ ཚེས་ ༦ ཉིན་མོར་སྐུ་བལྟམས། མཚན་ལ་ལྷ་མོ་དོན་འགྲུབ་ཞེས་གསོལ། ལྷ་མོའི་བླ་མཚོའི་གཟིགས་སྣང་དང་། བླ་ལྷ་ཁག་གིས་མོ་ལུང་རྩེ་མཐུན་བྱུང་དོན་ལྟར་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་དབུས་ཕྱོགས་ཆོས་ཀྱི་ཞིང་དུ་གདན་འདྲེན་ཞུས་ཤིང་། ཕྱི་ལོ་ ༡༩༣༩ ལོའི་བོད་ཟླ་ ༡༠ ཚེས་ ༡༣ ཉིན་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་མདུན་དུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གཙུག་ཕུད་བཞེས་ཏེ་མཚན་ལ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་གསོལ། ཕྱི་ལོ་ ༡༩༤༠ བོད་ཟླ་ ༡ ཚེས་ ༡༤ ཉིན་མོར་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲི་ཆེན་མོར་མངའ་གསོལ་མཛད་པ་དང་། ཕྱི་ལོ་ ༡༩༥༠ ལོར་བོད་འབངས་ཡོངས་ནས་གསོལ་འདེབས་ཞུས་པ་ལྟར་ལོ་དེའི་ཟླ་བ་ ༡༡ ཚེས་ ༡༧ ཉིན་མོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཆ་ཚང་བཞེས་གནང་མཛད། ལྷག་པར་ཡོངས་འཛིན་རྣམ་གཉིས་བསྟེན་ནས་ནང་པའི་གཞུང་ལུགས་ཁག་ལ་གསན་བསམ་མཐར་ཕྱིན་མཛད་ནས་དགུང་ལོ་ ༢༥ ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་སེ་འབྲས་དགེ་གསུམ་མཁས་དབང་བརྒྱ་ཕྲག་འཛོམས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་འཇོག་མཛད་ནས་ལྷ་མི་ཀུན་ཡིད་ཀྱིས་དབང་པོ་ཡོངས་སུ་འཕྲོག་ཅིང་བསྔགས་བརྗོད་ཀྱི་མེ་ཏོག་ས་གཞི་ཆེན་མོ་སྟེང་དུ་འཐོར།

ལྷག་པར་དགུང་ལོ་བཅུ་དྲུག་གསོན་སྐབས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུང་ཡོད་པ་རེད། དེ་ཡང་མཛད་རྣམ་ལས། “ཕྲན་ལོ་ན་ཆུང་ངུ་ཡིན་ཀྱང་། ཆུང་ངུའི་དུས་སྐབས་དེ་རྒྱབ་བསྐྱུར་ཐོག །རང་ངོས་ནས་གང་ཐུབ་ཀྱིས་རང་གི་ལུང་པའི་འགོ་འཁྲིད་ཐོག །ནུས་ཤུགས་ཅན་གྱི་རྒྱ་དམར་གྱི་ཁ་ཡ་བྱེད་པའི་འགན་ཁུར་དེ་བློ་གཡེང་དང་བཅས་ལེན་དགོས་བྱུང་”ཞེས་དང་། དུས་ཚོད་གཉན་འཕྲང་དེ་འདྲའི་སྐབས་སུ་སྙིང་སྟོབས་ཞུམ་པ་མེད་པའི་བོད་མི་རིགས་ཀྱི་དཀའ་སྡུག་གསལ་ཐབས་སུ་སྐུ་ལས་སྐྱོན་གནང་མཛད་ཡོད།

སྐབས་དེར་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་སྐབས་དེར་བོད་ཀྱི་འགོ་ཁྲིད་ནང་ཁུལ་མི་མཐུན་པས་ཆབ་སྲིད་ཉམས་རྒུད་ཀྱི་དུས་སྐབས་དེར་འགོ་ཁྲིད་ཕལ་ཆེ་བ་འགན་དབང་ལ་གཡོ་ཐབས་བྱེད་ཀྱི་ཡོད། མཛད་རྣམས་ལས། “ཏྭ་ལའི་བླ་མ་སྐུ་ཕྲེང་སོ་སོའི་དབར་རྒྱལ་ཚབ་ཀྱི་དུས་ཡུན་རིང་པོར་ང་ཚོའི་གཞུང་གི་ཆབ་སྲིད་ཉམས་དམས་སུ་ཕྱིན་ཡོད་པ་དང་། ཕྲན་ལོ་ན་ཆུང་སྐབས་ང་ཚོའི་གཞུང་ནང་མི་མཐུན་པའི་གནས་ཚུལ་བྱུང་ཞིང་”ཞེས་གསུང་དོན་ལྟར་བོད་ཀྱི་ཆབ་སྲིད་རྩ་ཧྲལ་གྱུར་ཟིན་པ་ཞིག་འགག་རྩར་ཐུག་དུས་ང་མིན་ཁོ་མིན་བརྗོད་དེ་མི་འདེགས་བཞིན་དུ་དགུང་ལོ་བཅུ་དྲུག་ཏུ་ཕེབས་པའི་གཞོན་ནུ་ཞིག་གི་ལག་ཏུ་རྩིས་སྤྲད་པ་རེད་ལ། བོད་མི་རིགས་གནས་མིན་གྱི་འགག་རྩ་དེ་འདྲའི་ཐུག་དུས་འགན་དབང་ལ་གཡོ་ཐབས་བྱས་པ་ནི་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་མ་རེད་དམ། ལྷག་དོན་ནོ་བེལ་ཞི་བའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོས་གསུང་བཤད་ལས། “དེའི་རིང་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་བཅུ་དྲུག་ལ་ཕེབས་པ་དང་དེ་ལྟའི་དུས་འགྱུར་ཛ་དྲག་གི་སྐབས། ཁོང་ལ་བོད་མིའི་སྲིད་ཀྱི་མཛད་འགན་ཆ་ཚང་འབུལ་བཞེས་མཛད་པ་རེད་”ཅེས་གསུང་བཤད་གནང་ཡོད་པ་རེད།

ལྷག་པར་སྐབས་དེ་དུས་བོད་ཀྱི་གནས་སྟངས་གང་འདྲ་ཞིག་ཏུ་འགྱུར་ཟིན་པ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་གཟིགས་པ་ཡིན་ན་རོབ་ཙམ་ང་ཚོའི་རྟོགས་ཐུབ་པ་ཞིག་ཀྱང་རེད། བོད་ཀྱི་ཆབ་སྲིད་དེ་འདྲའི་གནས་སྟངས་ཛ་དྲག་འགྱུར་ཡོད་རུང་བོད་ཀྱི་ཆབ་སྲིད་ཡོངས་རྫོགས་ཐུགས་འགན་བཞེས་ཤིང་། མཐུ་སྟོབས་ཞུམ་མེད་ཀྱི་མདུན་སྐྱོད་གནང་ཡོད་པ་རེད། འཛམ་གླིང་གི་རྒྱལ་ཁབ་གང་དུ་ཡང་དེ་འདྲའི་ལོ་ཆུང་གི་རྒྱལ་སྲིད་སྐྱོང་བའི་ལོ་རྒྱུས་ཡོད་རྒྱུ་མ་རེད་ལ། གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་ཉུང་ཤས་ལས་ཡོད་རྒྱུ་མ་རེད་སྙམ།

གང་ལྟར་དགུང་ལོ་ཆུང་ཆུང་དེ་འདྲ་ཞིག་ལས་ཕེབས་མེད་རུང་བོད་ཀྱི་ཆབ་སྲིད་སྐྱོང་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་དགོངས་པ་གཏིང་ཟབ་བཞེས་ནས་ཕྱག་ལས་དངོས་སུ་བོད་ས་རང་ནས་མགོ་བཙུགས་མཛད་ཡོད་པ་རེད། འོན་ཀྱང་སྐབས་དེ་དུས་ཕུང་རྒྱང་ཐུང་བའི་འགོ་ཁྲིད་མི་སྣ་འགའ་ཤས་ཀྱིས་མ་འདོད་པའི་རྣམ་འགྱུར་སྟོན་མཁན་བྱུང་ཡོད། སྐབས་དེ་དུས་བོད་ནང་དུ་རྒྱ་དམར་བཙན་འཛུལ་བྱས་པ་དང་། བོད་ཀྱི་འགོ་ཁྲིད་འགའ་ཤས་ཕྱོགས་རྟོགས་གང་དུ་ཡིན་མིན་ཡིད་ཆེས་བྱེད་དཀའ་བའི་གནས་སྟངས་དེ་འདྲའི་ཞིག་ཏུ་གྱུར་ཡོད།

ལྷག་པར་སྐབས་དེ་དུས་མི་བསོད་ཁྲག་སྦྱོར་མ་དགོས་པའི་བོད་རྒྱ་ཞི་འགྲིགས་ཡོང་བའི་ཐུགས་རེ་ཆེན་པོ་ཞིག་གནང་ཡོད་རུང་། རྒྱ་དམར་སྲིད་གཞུང་གིས་མཐར་ཐུག་གི་དམིགས་ཡུལ་གང་ཞིག་ཡིན་པ་རིམ་པས་མཁྱེན་རྟོགས་བྱུང་ཞིང་། དེ་ཡང་མཛད་རྣམ་ལས། “བོད་མི་ཚོས་ཏཱ་ལའི་བླ་མའི་སྐུ་སྲོག་ནི་ཤིན་ཏུ་རྩ་ཆེར་འཛིན་ཞིང་། ངས་རང་ཉིད་ལ་སྲུང་སྐྱོབ་བྱེད་རྒྱུའི་བསམ་པ་ལས་ཆེས་ལྷག་པ་མི་མང་ནས་བདག་གཅེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ངས་འགྲོ་རྒྱུའི་གྲ་སྒྲིག་བྱས་ཤིང་”ཞེས་གསུང་དོན་ལྟར། མཐར་བོད་མི་རིགས་དང་ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་ལ་ལུང་མང་པོ་བརྒལ་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། དེ་ཡང་མཛད་རྣམ་ལས། སྔ་དྲོ་ཚ་རྟིང་མཚམས་ཕྲན་འབྱུང་ལུས་མི་བདེ་བ་ཞིག་བྱུང་སྟེ་ཉིན་ཕྱེད་མཚམས་ནས་བཤལ་ནད་ཚབས་ཆེན་གྱི་ནད་བབས་ཇེ་ཐུར་སོང་ཞེས་དོན་ལྟར་ཕེབས་ལམ་དུ་བསྙུང་གཞི་བཞེས་ནས་དཀའ་ངལ་ཞེ་དྲག་ཕྲད་ཡོད་རུང་། བོད་སྐྱོང་ལྷ་མི་ཟུང་འབྲེལ་གྱིས་ནུས་སྟོབས་ལས་ཆུ་སྲིན་ཁ་ནས་ཐར་པ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་འབྱོར་ཐུབ་པ་བྱུང་ཞིང་། དེ་དག་ནི་ཆེས་ངོ་མཚར་ཆེ་བའི་གནས་སྟངས་ཤིག་ཀྱང་ལོས་ཡིན།

དང་ཐོག་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་བ་དང་། ངོ་ཤེས་པ་ནི་གནམ་དང་ས་ལས་མེད་རུང་། གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་སར་བཞག་ནས་སྐུ་ལས་སྐྱོན་གནང་མཛད་ནས་ཐོག་མ་གལ་གནད་ཆེ་ཤོས་ནི་ན་གཞོན་རྣམས་ལ་དེང་དུས་ཀྱི་སློབ་གསོ་སྤྲོད་རྒྱུ་དེ་ཡིན་པ་དགོངས་པ་རླབས་ཆེན་བཞེས་ནས་སློབ་གྲྭ་ཁག་གསར་འཛུགས་གནང་རྒྱུ་ཤུགས་སྟོན་མཛད་ཅིང་རིམ་པས་སློབ་གྲྭ་ཁག་གསར་འཛུགས་ཙམ་དུ་མ་ཟད། སྐབས་དེ་དུས་ལས་སླ་པོ་དགོངས་པ་མ་བཞེས་པས་བོད་མི་ཁེར་གཙང་གི་སློབ་གྲྭ་གསར་འཛུགས་གནང་བ་ནི་སྐབས་དེ་དུས་དེ་འདྲའི་དགོངས་པ་འཁོར་བ་དེ་ནི་ཆེས་ཕུལ་བྱུང་གི་རླབས་ཆེན་མཛད་བཟང་རྨད་དུ་བྱུང་བ་ཞིག་མ་རེད་དམ། སྐབས་དེར་ཆགས་ས་བརྟན་ས་གང་ཡང་མེད་པ་ཞིག་ཏུ་གྱུར་ནས་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་དེ་འདྲའི་སྐབས་སུ་མ་འོངས་པ་བོད་མི་རིགས་འདི་ཉིད་ཚོར་གནས་ཐུབ་ཐབས་སུ་ན་གཞོན་རྣམས་ལ་གནའ་དེང་ཡ་བྲལ་མེད་པའི་ཤེས་ཡོན་གྱི་སློབ་གསོ་སྤྲོད་རྒྱུའི་འདི་འདྲའི་དགོངས་པ་འཁོར་བ་ནི་གོང་ཞུས་ལྟར་རླབས་ཆེན་རྨད་བྱུང་ཞིག་ཡིན་པ་ནི་བཤད་མ་དགོས། དེ་ཡང་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེས་གསུང་བཤད་ལས། “མདོ་དོན་བོད་མི་རིགས་དང་། ཆོས་དང་རིག་གཞུང་། ལེགས་བྱང་། ཡུལ་གོམས་གཤིས་ལུགས་དང་བཅས་པ་ཆགས་འཇིག་གི་སོ་མཚམས་ལ་སླེབས་པའི་གཉན་འཕྲང་ཅན་གྱི་དུས་རབས་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་ཕྲུག་ཡོངས་ལ་གནས་ཡུལ་ཡུལ་མི་ལས་ཀྱང་ཆེས་ལྷག་པའི་སློབ་སྦྱོང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འདི་འདྲ་ཞིག་ཡོད།” ཅེས་གསུང་དོན་ལས་བོད་མི་རིགས་ལ་༸རྒྱལ་བ་རིན་པོ་ཆེ་ལས་བཀའ་དྲིན་ཆེ་བ་ཞིག་མེད་པ་ང་ཚོ་རྟོགས་ཐུབ་པས། ང་ཚོ་འཇིག་རྟེན་ཁ་དཔེ་ལ། ཐུད་སྣུམ་པ་མར་གྱི་བཀའ་དྲིན་རེད། མར་མེད་ན་ཕྱུ་རའི་སྦག་གོང་རེད་ཅེས་ཟེར་ཡོང་། ཁོང་གི་བཀའ་སློབ་ལམ་སྟོན་རྣམས་ང་ཚོའི་སྙིང་དབུས་སུ་བཟུང་ནས་མདུན་སྐྱོད་གནང་དགོས་པ་ཞིག་རེད། སྐབས་དེ་དུས་ང་ཚོར་རླབས་ཆེན་གྱི་དབུ་ཁྲིད་ཁོང་འདྲ་བ་ཞིག་མེད་ཚེ། ད་ལྟ་ང་ཚོ་སའི་གོ་ལའི་ཐོག་ཏུ་གནས་སྟངས་གང་ཞིག་གྱུར་ཡོད་མེད་རྟོགས་ཐུབ་པ་ཞིག་རེད།

དེ་བཞིན་མི་དམངས་རྣམས་ཀྱང་ཁ་ཐོར་དགུ་ཐོར་གནས་སྡོད་བྱེད་མ་དགོས་པ། བོད་མི་ཁེར་གཙང་གཞིས་ཆགས་གསར་འཛུགས་གནང་བ་དེས་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་ཆགས་མ་ཕྱིན་པ་རླབས་ཆེན་གྱི་ཕན་ཐོགས་བྱུང་ཡོད། སྐབས་དེ་དུས་ཕྱག་ལས་གནང་མཁན་དེ་དག་ད་ལྟ་ནང་བཞིན་ཤེས་བྱ་ཡོན་ཏན་མེད་རུང་། ལྷག་བསམ་དང་སེམས་ཤུགས་བཅས་ཀྱིས་ཐབ་ཆུང་ཆུང་ནང་དུ་མེ་ཚ་པོ་ཞེས་པ་ལྟར་བོད་མིའི་སྒྲིག་འཛུགས་འདི་ཉིད་གསར་འཛུགས་གནང་ཐུབ་པ་བྱུང་ཡོད། རྒྱལ་བ་རིན་པོ་ཆེས་བོད་མི་རྣམས་ལ་བཀའ་སློབ་གནང་དོན། འཛམ་གླིང་འདིའི་སྟེང་ལ་ཡར་རྒྱས་མང་པོ་བཏང་ཡོད། ཟླ་བའི་སྟེང་དུ་འགྲོ་བ་སོགས་དེ་ཙམ་བྱེད་ཀྱི་ཡོད་ན་ཡང་། སྐྱེས་ནས་མ་ཤི་བར་སྡོད་སའི་ལུང་པ་འདིའི་ནང་དུ་གཅིག་གིས་གཅིག་ལ་གུས་བརྩི་དགའ་ཞེན་དང་། ཤ་ཚའི་བསམ་བློ་དེ་བརླག་ན་མི་ཚེ་སྙིང་པོ་མེད་པ་ཆགས་རྒྱུའི་ཉེན་ཁ་འདུག། །གཞན་ལ་ཤ་ཚ་བྱེད་པའི་བསམ་བློ་བཟང་པོ་འདི་རིན་ཐང་བྲལ་བའི་དངོས་པོ་རེད། ཅེས་བླངས་འདོར་བཀའ་སློབ་ཡང་ཡང་གནང་གི་ཡོད་པ་རེད། དེ་བཞིན་བོད་མི་རྣམས་ཀྱང་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་དེ་དག་སྙིང་དབུས་སུ་བཅངས་ནས་བོད་མི་རིགས་ཀྱི་ཡ་རབས་བཟང་པོའི་གོམས་གཤིས་རྣམས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཡོང་བར་འབད་བརྩོན་གནང་དགོས་པ་དེ་རེད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དང་། ཡ་རབས་བཟང་པོའི་གོམས་གཤིས་སོགས་མ་བརླག་པ་བྱེད་དགོས་ཞིང་། སོ་སོའི་མི་རིགས་ཀྱི་ཁྱད་ཆོས་སྐད་ཡིག་དང་། ཡ་རབས་བཟང་པོའི་གོམས་གཤིས་སོགས་བརླག་པའི་ཉིན་མོ་དེ་ནས་མི་རིགས་དེ་བརླག་པ་རེད་ཅེས་བརྗོད་ན་མི་ཆོག་པ་ཅི་ཡང་མེད། ང་ཚོ་ས་ནག་པོ་འདོམ་ལ་འཇལ། སྤྲིན་དཀར་པོ་ཚད་ལ་བཙུགས་ནས་ལ་ལུང་མང་པོ་ཞིག་བརྒལ་ནས་བཙན་བྱོལ་དུ་ཡོང་དགོས་དོན་ཡང་སོ་སོའི་རྒྱལ་ཁབ་དང་མི་རིགས། དེ་བཞིན་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཆེད་དུ་ཡོང་བ་ཞིག་ཡིན་པ་ལས། གནས་སྐབས་ཀྱི་འཚོ་གོས་ཀྱི་ཆེད་དུ་ཡོང་བ་ནི་གཏན་ནས་མིན་པ་རེད།

རང་དབང་ལུང་པ་ནང་དུ་སླེབས་ནས་དུས་ཚོད་ཡུན་རིང་པོ་སོང་རྗེས་རྒན་པ་རྣམས་རིམ་གྱིས་རྫོགས་ནས་གཞོན་པ་རྣམས་ལ་ཚོར་བ་གང་ཡང་མེད་པ། ཉིན་རེའི་འཚོ་གོས་འགྲིགས་ཙམ་བྱུང་དུས་རང་སྣང་གང་ཤར་གནང་ནས་བསྡད་ན་འགྲིགས་ཐབས་གཏན་ནས་མེད་པ་ཞིག་རེད། ཡང་ངས་དེ་འདྲའི་ལབ་དུས་དེ་འདྲའི་གནང་གི་འདུག་གཏན་ནས་བརྗོད་ཀྱི་མེད། གལ་སྲིད་མ་འོངས་པ་འདི་འདྲ་ཡོང་མི་སྲིད་པ་མིན་དུས་ངེས་པར་ཡིད་གཟབ་དགོས་པའི་དོན་ཡིན་ལ། མི་ཡུལ་ལུང་པར་རྒྱུ་དཔལ་འབྱོར་དང་ཁ་རྗེ་དབང་ཐང་གང་འདྲ་ཞིག་ཡོད་རུང་། བཙན་བྱོལ་བ་ཞིག་ཡིན་བསམ་པའི་འདུ་ཤེས་དེ་མ་བརྗེད་པའི་ཐོག་ནས་ཁ་ལ་དཔག་པའི་སོ་ཞེས་པ་ལྟར་རང་རང་སོ་སོའི་ཤེས་ཚད་ལ་དཔག་པའི་བོད་དོན་ཐོག་ཏུ་འབད་བརྩོན་གནང་དགོས་པ་ཞིག་རེད།  ༸རྒྱལ་བ་རིན་པོ་ཆེ་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ཏུ་ཆིབས་སྒྱུར་གནང་དུས་ཕྱག་གཉིས་ཐལ་མོ་སྦྱར་ནས་ཕེབས་ཀྱི་ཡོད་ཅིང་། བོད་ཀྱི་གནས་སྟངས་ཞུ་སྐུལ་ཡང་ཡང་གནང་བའི་དྲིན་ལས་དེང་སྐབས་འཛམ་གླིང་ནང་བོད་མི་རིགས་མ་ཡལ་བ་གསོན་པོར་གནས་ཐུབ་པ་བྱུང་ཡོད། དུས་ཚོད་ལ་འཕོ་འགྱུར་ཇི་ལྟར་ཕྱིན་རུ་དེ་དག་གཏན་ནས་བརྗེད་མི་རུང་བའི་གནད་དོན་ཞིག་རེད། གོང་དུ་བརྗོད་པ་དེ་དག་འགོ་འོག་ཚང་མ་ལ་གལ་པོ་ཆེ་ལ་ནན་ཏན་ཏན་ཚུལ་དུ་དྲན་སྐུལ་ཙམ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད།

ལྷག་པར་རྒྱལ་བ་རིན་པོ་ཆེ་འཛམ་གླིང་གི་ཤར་ནུབ་གང་དུ་ཕེབས་རུང་བོད་རིགས་དང་ཡང་སྒོས་འཛམ་གླིང་ནང་ནད་མུག་འཁྲུག་རྩོད་མེད་པ་དང་། ཞི་བདེ་ལ་འབད་བརྩོན་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་གནང་གི་ཡོད་པ་དང་འབྲེལ་སྐྱེ་བོ་འབུམ་ཕྲག་དུ་མའི་སེམས་ཁམས་སུ་བདེ་སྐྱིད་སྐྲུན་གྱི་ཡོད་པ་རེད། དེང་ཡང་ཟམ་གདོང་རིན་པོ་ཆེས་གསུང་བཤད་ལས། “བོད་ཁ་བའི་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཟབ་བརླིང་དཀྱེལ་ཆེའི་མཛད་འཕྲིན་དང་། བྲེ་བྲག་བོད་མི་རིགས་ཀྱི་སྙིང་དུ་བརྣག་པའི་འདོད་དོན་བོད་ལྗོངས་རང་དབང་སླར་གསོའི་རྩ་དོན་བསྒྲུབ་བྱས་མཚོན་འགྲོ་བ་མི་ཡི་རིགས་སུ་གཏོགས་པའི་དཀའ་རྙོག་མཐའ་དག་འཚེ་མེད་ཞི་བའི་ཐམས་ལམ་འབའ་ཤིག་བརྒྱུད་སེལ་ཐབས་དོན་གཉེར་ཞུམ་པ་མེད་པར་མཛད་བཞིན་པའི་རྨད་བྱུང་མཛད་འཕྲིན་ལ་”ཞེས་གསུང་དོན་ལྟར། འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཞེས་འབུལ་བཞེས་མཛད་ཅིང་། འཛམ་གླིང་གི་སྐྱེ་བོ་རྣམས་ལ་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་གསར་པ་ཞིག་བཟོ་ཡོད་པ་རེད། དེ་ཡང་ནོ་བེལ་ཞི་བའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོས་གསུང་བཤད་ལས། “ཏྭ་ལའི་བླ་མ་མཆོག་ནི་ ༡༩༥༩ ལོ་ནས་བཟུང་བོད་མི་འབུམ་ཕྲག་གཅིག་ཙམ་དང་མཉམ་དུ་རྒྱ་གར་ནང་སྒྲིག་འཛུགས་ལྡན་པའི་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་ནང་བཞུགས་ཡོད། དེ་ནི་འཛམ་གླིང་ཐོག་བཙན་བྱོལ་གྱི་སྤྱི་ཚོགས་དང་པོ་ཞིག་མིན་ཀྱང་། དྲག་པོའི་དམག་འཐབ་ཀྱི་ལས་འགུལ་གང་ཡང་མ་བཙུགས་པའི་སྒོ་ནས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་ཨང་དང་པོ་དང་གཅིག་པུ་དེ་ཡིན་པ་ཏན་ཏན་རེད།” ཅེས་དང་། ཡང་”དེ་བཞིན་བོད་ཀྱི་བླ་ཆེན་རྣམ་པའི་གམ་ནས་གསན་བསམ་སློབ་གཉེར་ཚགས་ཚུད་གནང་བ་དེས་ཆབ་སྲིད་དང་ལས་དོན་གཞན་གྱི་ལག་ལེན་ངོ་མའི་ཐོག་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུང་གནང་དོན་ལྟར། དེ་དག་གཞི་རྩར་བཞག་ནས་འཚེ་མེད་ཞི་ལམ་གསར་བཏོད་གནང་བ་དང་། དེ་བརྒྱུད་ནས་བཙན་འཛུལ་མཁན་རྒྱ་དམར་ལ་གདོང་ལེན་གནང་རྒྱུར་ཐག་བཅད་པ་རེད་”ཅེས་གསུང་དོན་ལྟར་རེད།

ནོ་བེལ་ཞི་བའི་གཟེངས་རྟགས་བྱ་དགའ་འབུལ་བཞེས་སྐབས་༸རྒྱལ་བ་རིན་པོ་ཆེས་བསྩལ་བའི་བཀའ་སློབ་ལས། འཚེ་བས་འཚེ་བ་དང་སྡུག་བསྔལ་བསྣོན་མ་སྤེལ་བ་ཙམ་ལས་གྲུབ་འབྲས་ཐོན་རྒྱུ་མེད་སྟབས། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དེ་འཚེ་བ་དང་། ཞེ་སྡང་མེད་པའི་ངོ་བོ་ཞིག་ཏུ་གནས་དགོས། ཞེས་རིན་ཐང་བྲལ་བའི་བཀའ་སློབ་ཡང་ཡང་གནང་ཡོད་ཅིང་། དེ་བཞིན་ནང་པའི་གཞུང་ལུགས་ལས་ཀྱང་། འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང་།། འཇམ་པོས་རྩུབ་པོའང་འཇོམས་བྱེད་དེ།། འཇམ་པོས་མི་འགྲུབ་ཅི་ཡང་མེད།། དེ་བས་འཇམ་ཉིད་རྣོན་པོ་ཡིན།། ཞེས་གསུང་དོན་ལྟར་གནད་དོན་གང་འདྲ་ཞིག་ཡིན་ནའང་ཕན་ཚུན་སྔ་ཕྱི་མ་གཏོགས་སྐད་ཆ་བཤད་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་ཞིག་ལས་གཞན་ཡོང་ཐབས་མེད་པའི་གནས་སྟངས་ཤིག་རེད། ༸རྒྱལ་བ་རིན་པོ་ཆེས་བོད་རྒྱའི་དཀའ་རྙོག་དེ་དག་ཕན་ཚུན་ཞི་བའི་གྲོས་མོལ་ཐོག་ནས་སེལ་ཐབས་དགོས་པའི་འཚེ་མེད་ཞི་བདེ་རྒྱུན་ཁྱོན་གནང་ཞིང་། དེ་བཞིན་བོད་ཙམ་མ་ཡིན་པ་འཛམ་གླིང་གི་ཕྱོགས་མཚམས་མེད་པའི་སྐྱེ་བོ་ཀུན་ལའང་སྡུག་བསྔལ་མི་ཡོང་བའི་འབད་བརྩོན་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་གནང་གི་ཡོད་པ་རེད།

འདི་འདྲའི་རླབས་ཆེན་གྱི་དགོངས་བཞེད་དེ་དག་འཛམ་གླིང་གི་སྐྱེ་བོ་ཀུན་ཡིད་ཀྱི་དབང་པོ་འཕྲོག་ནས་འཛམ་གླིང་ནང་དུ་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་རེད་ལ། དེ་སྔོན་བོད་ཅེས་པའི་གོ་མྱོང་མེད་ཅིང་མཐོང་མྱོང་ཡང་ག་ལ་ཡོད། དེ་འདྲའི་བོད་མཐོ་སྒང་གི་ལུང་ཁུག་ཏུ་སྐུ་འཁྲུངས་པའི་སོ་ནམ་པའི་བུ་ཕྲུག་གཅིག་ལ་འཛམ་གླིང་ནང་དུ་ཆེས་སྐད་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་དག་ནི་རླབས་ཆེན་གྱི་བྱ་བ་བཟང་པོ་ཡིན་པ་ནི་འབྲེལ་བརྗོད་མ་དགོས་སོ།

ལྷག་དོན་ནོ་བེལ་ཞི་བའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཞོན་གྱིས་གསུང་བཤད་ལས། “ས་མཐོ་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་ཤིང་ཞི་བདེར་དགའ་བའི་དགེ་སློང་ཁོང་གིས་ཆོས་ལུགས་ཕན་ཚུན་དབར་བཟོད་བསྲན་སློབ་སྤེལ་གནང་བ་མ་ཟད། འགྲོ་བ་མིིའི་རིགས་ཕན་ཚུན་ཙམ་མ་ཡིན་པར། ཁམས་འདིར་གནས་པའི་སྲོག་ཆགས་ཀུན་གྱི་ནང་བཟོད་བསྲན་དགོས་པའི་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་རང་བྱུང་ཁམས་ལ་བདག་གཅེས་བྱེད་དགོས་པ་དང་། རང་ཉིད་གནས་པའི་འཛམ་གླིང་འདིར་ཐུན་མོང་ལ་འགན་ཁུར་ཇི་ལྟར་ཡོད་པ་དེ་ལས་གཡོག་ཐབས་བྱས་ན་མི་འགྲིགས་པའི་བཀའ་སློབ་ཀྱང་གནང་ཡོད། གནད་དོན་དེ་དག་གི་ཆ་ནས་ཀྱང་ནོ་བེལ་ཚོགས་ཆུང་གིས་ཁོང་ལ་གཟིགས་བསྟོད་ཞུས་པ་ཡིན་”ཞེས་གསལ་ཡོད་ཅིང་། དེ་བཞིན་ནོ་བེལ་གྲོས་ཚོགས་གཙོ་འཛིན་མཆོག་གི་གསུང་བཤད་ལས། “ཏཱ་ལའི་བླ་མ་མཆོག་ནི་ཆོས་དད་ཅན་གྱི་སྐྱེ་བུ་ཉམ་ཆུང་ཞིག་རེད། ཁོང་འདིར་ཕེབས་པ་ནི་ང་ཚོར་སྲུང་སྡོམ་སློབ་སྟོན་དང་། ང་ཚོའི་བསམ་བློ་འགྱུར་རྒྱུ་བཅས་ཀྱི་དོན་དུ་ཕེབས་པ་ཞིག་མ་རེད་ལ། ཏཱ་ལའི་བླ་མི་ས་ཆ་གསར་པ་ཞིག་དང་། ཡང་ན་གཞན་གྱི་ཐོག་དབང་ཆ་ཆེ་ཙམ་ཞིག་ཡོང་རེ་དང་། དེ་མཚུངས་དངོས་པོ་དང་། ཆོས་བཅས་པའི་ཐོག་ནས་དབང་བསྒྱུར་རེས་དམག་འཐབ་གནང་མཁན་ཞིག་མ་རེད། ཁོང་གིས་ཁོང་ཉིད་དང་། ཁོང་གི་མི་དམངས་ལ་སྔར་ཡོད་ཀྱི་ཐོབ་ཐང་དེ་ལས་ལྷག་པ་ཞིག་དགོས་ཞེས་གསུང་གི་ཡོད་པ་མ་རེད། ཁོང་ནས་རང་ཉིད་ཀྱི་ངོ་བོ་ཆོས་དང་རིག་གཞུང་དང་། དེ་བཞིན་རང་རེ་སྐྱེས་མ་ཐག་པ་ནས་རང་ཆས་སུ་ཡོད་པའི་ཐོབ་ཐང་ཞེས་བརྗོད་པ་འདི་བཅས་ཉར་ཚགས་གནང་རྒྱུ་ལས་དེ་ལས་སྤྲོས་པའི་ཁོང་ལ་དགོས་མཁོ་དགོས་ལུགས་གང་ཡང་གསུང་གི་མེད།” ཅེས་དང་། བཞུགས་སྒར་དུ་ཕེབས་དུས་མི་དམངས་ལ་བཀའ་སློབ་ལས། “ངས་བྱམས་པ་དང་། སྙིང་རྗེ། འཚེ་བ་མི་བྱེད་པ་ཞེས་པ་འདི་ཅི་ཐུབ་ཐུབ་ཀྱིས་ཉམས་ལེན་བྱས། ཅི་ཐུབ་ཐུབ་ཀྱིས་མི་ལ་བཤད་ཀྱི་ཡོད་པ་འདི་དེ་རིང་འཛམ་གླིང་སྤྱིའི་ཐོག་ནས་ངོས་འཛིན་བྱེད་པ་ཞིག་ཆགས་ཡོང་བ་ཡིན་དུས། འདིས་འཛམ་གླིང་འདིའི་སྒང་ལ་བྱམས་དང་སྙིང་རྗེ་དང་། འཚེ་མེད་ཞི་བའི་ལམ་ཞེས་པ་འདི་ལ་མཐོང་ཆེ་རུང་འགྲོ་རྒྱུ་དང་། སེམས་ཅན་མཐའ་དག་གི་རྒྱུད་ལ་སེམས་བཟང་པོའི་ས་བོན་ཞིག་ཐོག་མ་ནས་ཡོད་པ་རེད།” ཅེས་བཀའ་སློབ་ཕེབས་ཡོད་ཅིང་། འཛམ་གླིང་ནང་ནས་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་དུ་མ་ཞིག་འབུལ་བཞེས་མཛད་ཡོད་པ་རེད། བོད་ཅེས་པ་འདི་འཛམ་གླིང་ཐོག་ཏུ་མ་ཡལ་བ་གསོན་པོ་གནས་ཐུབ་པ་བྱུང་ཡོད། དེ་དག་ནི་༸རྒྱལ་བ་རིན་པོ་ཆེའི་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ཡིན་པས། གངས་ཅན་མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་འཇིག་རྟེན་གྱི་ལུགས་དང་མཐུན་པ་ཞིག་ཀྱང་རེད།

༸རྒྱལ་བ་རིན་པོ་ཆེ་དགུང་གྲངས་གྱ་དྲུག་ཕེབས་ཡོད་ཅིང་། ད་དུང་བོད་མི་རིགས་དང་། ཡང་སྒོས་སངས་རྒྱས་ཀྱི་བསྟན་པའི་དོན་དུ་སྐུ་ལས་སྐྱོན་གནང་མཛད་བཞིན་ཡོད་ཅིང་། ང་ཚོ་མགོ་འོག་ཚང་མས་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་ཁག་ཉིན་མཚན་དུས་དྲུག་སེམས་ནང་དུ་ཉམས་ལེན་གང་ཐུབ་གནང་དགོས་པ་ཞིག་རེད་སྙམ་ལ། ཁོང་གི་ཐུགས་རྗེའི་བཀའ་དྲིན་ལས་ང་ཚོ་བཙན་བྱོལ་བོད་མི་སྒྲིག་འཛུགས་འདི་ཉིད་སྲ་བརྟན་གནས་ཐུབ་པ་བྱུང་ཡོད། ཁོང་ལ་ང་ཚོའི་སྐུ་འདེབས་ཆ་ཤས་ཕྲ་མོ་ཙམ་ཡང་བྱ་མི་རུང་ཞིང་། ཁོང་ནི་ང་ཚོ་མི་རིགས་ཡོངས་རྫོགས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་ཞིག་ཡིན་པས། ཁོང་གི་བཀའ་སློབ་ལམ་སྟོན་ཁག་ང་ཚོ་སྙིང་དབུས་སུ་བཟུང་ནས་མདུན་སྐྱོད་གནང་དགོས་པ་ལས་ཐེ་ཚོམ་སྤུ་ཙམ་ཡང་བྱ་མི་རུང་བ་དེ་རེད།

མཐའ་དོན་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ནང་དུ་ཆེས་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་སོ་གཅིག་འཁོར་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། དེ་བཞིན་མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། ཐུགས་ཀྱི་དགོངས་གཞི་མཐའ་དག་བགེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་སྨོན་འདུན་ཤུགས་དྲག་དང་བཅས།

སྨས་པ།

རྒྱལ་ཀུན་སྙིང་རྗེ་རང་གཟུགས་སྤྱན་རས་གཟིགས།།  འགྲོ་ལ་ཉེ་རིང་མེད་པར་གཞན་ཕན་མཛད།།

ས་ཆེན་ཀུན་ལ་ཞི་བདེའི་ས་བོན་བསྐྲུན།། གངས་རིའི་མགོན་པོའི་སྐུ་ཚེ་བརྟན་འགྱུར་ཅིག།།

འགྲན་སེམས་རབ་ཏུ་འབར་བའི་དུས་རབས་འདིར།། རང་ལས་གཞན་གཅེས་རིན་བྲལ་ཐུགས་བརྩེ་ཡིས།།

འགྲོ་རྣམས་བདེ་སྐྱིད་གླིང་དུ་འཁྲིད་པར་མཛད།། གངས་རིའི་མགོན་པོའི་སྐུ་ཚེ་བརྟན་འགྱུར་ཅིག།།

ཁ་བའི་ལྗོངས་ཀྱི་བུང་བའི་ཁྱུ་ཚོགས་ལ།། དེང་རབས་མཐུན་པའི་ཤེས་བྱའི་སློབ་གླིང་བསྐྲུན།།

གངས་རིའི་མགོན་པོའི་༸བསྟན་འཛིན་རྒྱ་མཚོ་མཆོག །སྐུ་ཚེའི་ཡུན་རིང་བརྟན་པའི་སྨོན་ལམ་འདེབས།

མི་ཡུལ་ལུང་དུ་བཞུགས་དགོས་འགྱུར་ཡང་རུང་།། བོད་ལྗོངས་དེང་རབས་མཐུན་པའི་མང་གཙོའི་སྐྲུན།།

ས་གསུམ་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག །སྐུ་ཚེའི་ཡུན་རིང་བརྟན་པའི་སྨོན་ལམ་འདེབས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese