མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་གཅིག་དང་ལྔ་བརྒྱའི་རྩོད་གླེང་།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

—གདན་ས་ཁག་ལ་ཚན་རིག་གི་འབར་རྫས་འཐོར་བ།

ཀླུ་སྨྱོན་ཧེ་རུ་ཀ

ཁ་སང་དེ་རིང་ཕྱི་སྡོད་བོད་ཀྱི་སྐྱ་བོ་ཚོ་སྲིད་སྐྱོང་གསར་རྙིང་གི་རྩོད་རྙོག་གིས་ཉིན་མཚན་དུས་དྲུག་དང་ཆུ་ཚོད་ཉི་ཤུ་རྩ་བཞིར་ཁོམ་གྱི་མེད་པ་དང་། སེར་མོ་བའི་སྡེ་ཡི་དགེ་བཤེས་མང་པོ་ཞིག་ཀྱང་ལྟ་གྲུབ་ཀྱི་རྩོད་པས་མ་ཁོམ་པར་འདུག དེ་ཡང་དགོན་པའི་ཆོས་གྲྭའི་ནང་གི་རྩོད་པ་ལྟ་བུ་སྤྱི་ཚོགས་ཆུང་ཆུང་ཞིག་གི་དཀྱིལ་འཁོར་ལས་བརྒལ་ཏེ། འཛམ་གླིང་གི་སྤྱི་ཚོགས་དྲ་རྒྱ་ཆེ་ཤོས་ངོ་དེབ་དང་སྐད་འཕྲིན་སོགས་ཀྱི་བརྒྱུད་ལམ་བེད་སྤྱད་ནས་རྩོད་གླེང་བྱེད་བཞིན་འདུག་ལ། དཔེར་ན་དགེ་བཤེས་ངག་གི་དབང་ཕྱུག་གིས་བོད་སྡོད་དགེ་རྒན་ཆེན་མོའི་མིང་འཛིན་ཐུབ་བསྟན་ཕུན་ཚོགས་ལ་མགོ་ལྕག་ཐད་གཞུ་བྱེད་པའི་ཞོར་ལ། ཕྱི་སྡོད་དགེ་བཤེས་ཆེ་གེ་མོ་དང་ལོག་སྨྲ་ཚར་གཅོད་གཉིས་ལ་འགྲམ་ལྕག་ཞོར་གཞུ་བྱེད་ཀི་ཡོད་ཟེར་བའི་རྩོད་གླེང་གི་སྒྲ་འཇུག་དེ་ཚོར་ཉན་ན་རྟོགས་ཡོང་།

ཡིན་ན་ཡང་དེ་རིང་འདིར་གླེང་བྱ་ནི་དོན་དག་དམིགས་བསལ་བ་ཞིག་སྟེ། ཉེ་ཆར་ཕྱི་ཕྱོགས་ཀྱི་དགེ་ལུགས་པའི་གདན་ས་གསུམ་གྱི་ཡ་གྱལ་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ལོག་སྨྲ་ཚར་གཅོད་ཟེར་བ་ཞིག་གིས། ལུས་སེམས་རྫས་གཅིག་པ་སྟེ་རྡོ་དང་རྡོའི་རི་མོ་བཞིན་གཅིག་འཇིག་པ་ན་གཞན་དེ་ཡང་འཇིག་པའི་ལྟ་བ་འཛིན་པའི་མུ་སྟེགས་རྒྱང་འཕེན་པའི་འདོད་ཚུལ་བཟུང་སྟེ། རྣམ་ཤེས་དང་གཟུགས་པོའི་ཕྲ་ཕུང་གཉིས་རྫས་གཅིག་ཏུ་སྒྲུབ་པའི་ཚན་རིག་པའི་འདོད་ཚུལ་དུ་མ་ཞིག་གུང་བསྒྲིགས་ནས། ནང་པའི་སྐྱེ་བ་སྔ་ཕྱི་དང་ལུས་སེམས་ཐ་དད་ཀྱི་ལྟ་གྲུབ་ལ་མངོན་སུམ་འཛེམ་མེད་དུ་རྒོལ་རྡུང་ངམ་དྲག་རྒོལ་བྱས་པ་རེད།

སྤྱིར་ན་འདས་པའི་ལོ་ངོ་བཅུ་གྲངས་ལྷག་གི་རིང་ལ་རྒྱ་གར་གྱི་དགེ་ལུགས་པའི་གདན་ས་ཁག་གཙོ་བོར་བྱས་པའི་གྲྭ་ཚང་ཁག་ཅིག་ཏུ་ཚན་རིག་གི་སློབ་སྦྱོང་བྱེད་སྲོལ་ཞིག་མགོ་བཙུགས་པ་དང་། ཚན་རིག་གི་སློབ་གཞིའི་ཁྲོད་དུ་དབང་རྩའི་ཚན་རིག་དང་དངོས་ཁམས་ཚན་རིག ཚད་རྡུལ་དངོས་ཁམས་རིག་པ་དང་སྐྱེ་དངོས་འཕེལ་འགྱུར་རིག་པ་སོགས་ཡོད་ཚོད་འདུག་ལ། ལས་འགུལ་དེའི་རླབས་རྒྱུན་འཕེལ་ཚད་མགྱོགས་སུ་ཕྱིན་པ་དེའི་འབྲས་བུར་གདན་ས་ཁག་གི་གྲྭ་བཙུན་རྣམ་པའི་ཁྲོད་དུ་ཕྱི་རོལ་པའི་རིག་གཞུང་གི་ལྟེ་བ་ཚན་རིག་སློབ་གཉེར་དེ་དགེ་བཤེས་ཀྱི་བསླབ་ཚན་ཁྲོད་དུ་ཡང་བཅུག་པ་རེད། དེ་ནི་འདས་པའི་ལོ་ངོ་ཉིས་སྟོང་དྲུག་བརྒྱའི་ནང་པ་སངས་རྒྱས་པ་ཚང་གི་ལོ་རྒྱུས་ཁྲོད་དུ་སྔར་མེད་པའི་གསར་བརྗེའམ་གུ་བཤང་ཆེན་པོ་ཞིག་རེད། འདི་ནི་ཉེན་ཁ་ཆེན་པོ་ཞིག་མིན་ན་ཡང་ཧ་ཅང་གཟབ་ནན་བྱེད་དགོས་པ་ཞིག་རེད་འདོད་དེ། མཚོ་སྔོན་ཟི་ལིང་ཕྱོགས་སུ་ཨ་རི་སོགས་ནུབ་ཕྱོགས་ནས་བསླེབས་པའི་དབྱིན་ཡིག་དགེ་རྒན་ཁག་ཅིག་གིས་དང་པོར་བོད་རིགས་ན་ཆུང་ཚོར་ཤ་ཚ་མདོག་གིས་དབྱིན་ཡིག་བསླབས། ག་ལེར་དབྱིན་ཡིག་གི་སློབ་དེབ་དེ་ཚོར་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་སྒྲུང་སྤྲོད་ཀྱི་ཡོད་པ་དེ་དྲན་པར་གྱིས།

བདག་ལ་མཚོན་ན་ལོ་སྔོན་མར་ལོག་སྨྲ་ཚར་གཅོད་ཅེས་པ་ཞིག་གིས་བཤད་པའི་སྐྱེ་བ་སྔ་ཕྱི་མེད་པར་འདོད་པའི་གཏམ་བཤད་རེ་ཟུང་རྣ་ལམ་དུ་འོངས་མྱོང་ན་ཡང་། དེ་ནི་དུས་ངན་སྙིགས་མའི་ཐན་རྟགས་སུ་སྐྱེ་བ་སྔ་ཕྱི་གཞིར་བཞག་གི་ལྟ་གྲུབ་ཀྱིས་འཚོ་བའི་རྨང་གཞི་བྱེད་པའི་ཆོས་སྡེ་ཆེན་པོ་ཞིག་ཏུ་ལོ་དེ་སྙེད་ཅིག་ལ་འབྲས་ལྡ་ལི་ཟོས་པའི་འབྲས་རྟགས་སུ། མཐའ་མཇུག་ཏུ་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་རྗེ་ཙོང་པ་ཡབ་སྲས་སོགས་ཀྱི་ལེགས་བཤད་ཡོད་ཚད་ཕན་མེད་གད་སྙིགས་ཀྱི་ཁྲོད་དུ་འཕེན་ནུས་པའི་ཧམ་པ་ཆེན་པོ་དེ་འདྲ་ཞིག་སྐྱེས་འདུག་ཨང་བསམ་པ་ཙམ་ཞིག་བྱུང་ལ། རང་ཉིད་ཀྱིས་ཁ་གཏད་ས་བོད་ནང་གི་མི་སྐྱ་ཕོ་མོ་ཡིན་པའི་སྐད་འཕྲིན་གཏམ་བཤད་རེ་ཟུང་ནང་། དེང་སང་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་མེད་པའི་སྨྲ་བའི་ཁྲོད་དུ་དམར་ཕྱོགས་པ་ད་ལོས་ཡོད་དེ། བླ་མ་གྲྭ་པའི་ཁྲོད་ཀྱི་ལོ་དེ་སྙེད་ཅིག་ལ་ནང་པའི་གཞུང་ཆེན་ལ་སྦྱངས་པ་མཐར་སོན་པའི་དགེ་བཤེས་ཡིན་ཟེར་མཁན་དེ་འདྲ་ཡང་འདུག་ལ། སྙིང་རྗེ་ཆེན་པོ་གཞི་རྩར་བཞག་པའི་ཐེག་པ་ཆེན་པོའི་ཆོས་ལ་བརྟེན་ནས་ལྟོ་བརྒྱགས་རྒྱབ་དྲོའི་ངང་ནས་མི་ཚེ་སྐྱེལ་བཞིན་པའི་རབ་བྱུང་གི་སྡེ་ཡི་དགེ་བཤེས་མིང་ཅན་ཁྲོད་དུ་ཡང་། མ་རྒན་དུད་འགྲོ་སྐྱབས་མེད་མགོན་མེད་འདི་ཚོའི་ཚེ་སྲོག་ཅི་འདོད་དུ་གཅོད་པར་རྗེས་སུ་ཡི་རང་གིས་སྐུལ་འདེད་བྱེད་མཁན་ཡང་འདུག་པས། དེ་དག་ལ་ཧ་ཅང་གཟབ་གཟབ་བྱེད་དགོས་ཞེས་ལན་གྲངས་དུ་མར་བརྗོད་མྱོང་ཡོད།

ད་ལྟ་དགེ་བཤེས་མིང་ཅན་ལོག་སྨྲ་ཚར་གཅོད་ཀྱི་མུ་སྟེགས་རྒྱང་འཕེན་པའི་ལྟ་བ་བརྗོད་ཤུགས་ཆེ་རུ་སོང་བས། གདན་ས་གསུམ་གཙོ་བོར་གྱུར་པའི་དགོན་སྡེ་ཁག་གི་དགེ་བཤེས་ཚོ་ཡང་ལྷིང་འཇགས་སུ་བཞུགས་བཟོད་མ་བྱུང་བར། དགེ་བཤེས་ལྔ་བརྒྱས་སྐད་འཕྲིན་ནང་དགེ་བཤེས་གླིང་ཞེས་པའི་ཚོགས་པ་བཙུགས་ནས་ལོག་སྨྲ་ཚར་གཅོད་ཀྱི་གདོང་དུ་བཞེངས་ཏེ་ཧྰུཾ་ཤི་ཕཊ་འགྱེད་ཀྱིས་རྩོད་པ་སྐྱོན་དགོས་བྱུང་འདུག ལོག་སྨྲ་ཚར་གཅོད་ཀྱིས་རང་བྱུང་བཀོད་སྒྲིག་ཅེས་པའི་ཐ་སྙད་ཅིག་བེད་སྤྱོད་བཏང་སྟེ། གཟུགས་པོས་བྱ་བ་བྱེད་པ་ཐམས་ཅད་རྡུལ་རྫས་ཀྱི་ནུས་པ་མ་གཏོགས་རྣམ་ཤེས་དང་དེས་བསྐྱེད་པའི་ལས་འབྲས་ཀྱི་བྱེད་རྩོལ་ཡིན་པར་ཁས་ལེན་མ་བྱས་པ་དང་། དེའི་རྒྱབ་རྟེན་དུ་གོང་གསལ་ཚན་རིག་གི་སྡེ་ཚན་འདྲ་མིན་ནས་བཤད་པའི་རྡུལ་རྫས་སམ་ཕྲ་ཕུང་གིས་ཇི་ལྟར་རིགས་རྒྱུན་ཕྱི་མ་བསྐྱེད་ཚུལ་དྲངས་པ་རེད།

སྤྱིར་ན་བཅོམ་ལྡན་འདས་ཀྱིས་ཤྰ་རིའི་བུ་ལྟ་བུའི་ཤེས་རབ་ཆེན་པོའི་གྲས་ཀྱིས་མ་གཏོགས་ཕྱི་རོལ་པའི་གཞུང་ལུགས་ལ་ལྟ་ཀློག་བྱེད་མི་རུང་ཚུལ་གསུངས་ཡོད་ལུགས་ཡང་ཡང་ཐོས་མོད་དེའི་ཁུངས་ངོ་མ་དེ་ད་བར་མ་མཇལ་ན་ཡང་། ད་ཐེངས་ཀྱི་དགེ་བཤེས་མིང་ཅན་ལོག་སྨྲ་གཅོད་ཟེར་བ་འདིའི་བྱེད་སྟངས་འདི་ཡིས་གོང་གི་བསླབ་བྱ་དེ་འདྲ་ཞིག་བཅོམ་ལྡན་འདས་ཀྱིས་གནང་ཡོད་པར་ཐེ་ཚོམ་མི་དགོས་པ་ཞིག་ཆགས་སོང་ལ། ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ལ་བལྟ་ཉེས་ན།།  ཤེས་རབ་ཆུང་རྣམས་ཕུང་བར་འགྱུར།། ཞེས་གསུངས་པ་ལྟར། དེང་སང་གི་གདན་ས་ཁག་ལ་མཚོན་ན། ཚན་རིག་སློབ་སྦྱོང་བྱེད་ཉེས་ན།། དགེ་བཤེས་ལ་ལ་ཕུང་བར་འགྱུར།། ཞེས་ཞུ་ཆོག་པ་ཞིག་ནི་འདུག

སྐབས་འདིར་ངས་རག་ར་ཐུབ་བསྟན་ཆོས་དར་གྱིས་བྲིས་པའི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལས།“ང་ཚོའི་འཛིན་གྲྭའི་ནང་རྩོད་རིག་འགྲན་ཟླ་བྲལ་བ་མང་པོ་ཡོད། དེའི་ནང་ནས་དཔེ་ཆ་བ་ཆེ་གེ་མོ་ཁོའི་རྩོད་རིག་འདྲ་བོ་ངས་མ་མཐོང་། དེ་དུས་ནི་ཁོ་རྩོད་རིག་བཟང་བ། སངས་རྒྱས་ལ་དད་པ་ཆེ་བ། སྐབས་རེ། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།། དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།། ཞེས་སོགས་ཟེར་ནས་མིག་ཆུ་གཏོང་ལ་ཁད་བྱེད་མཁན་ཞིག་ཡོད་པ་ལ། ཕྱིས་སུ་ཁོས་རྒྱ་སྐད་ཀྱང་བསླབས་ནས་སྟོན་པ་དང་ཆོས་ལ་ཁ་གཏོང་མཁན་ཞིག་ཆགས་འདུག་ཟེར་བས། བདེན་ན་ནི་ཡ་མཚན་རེད་ཅེས་གསུངས། ཞེས་དང་། ཡང་། ལན་ཅིག དེ་དུས་ངས་ཕྱི་རོལ་པའི་འདོད་ཚུལ་ལྟར་གྱི་ཁས་ལེན་ཁ་ཤས་གང་མཁྲེགས་མཁྲེགས་བཟུང་ནས་ལན་འདེབས་དང་རྩོད་པ་བྱེད་སྐབས། གྲོགས་པོ་དཔེ་ཆ་བ་ཁ་ཤས་ནས། དགེ་འདུན་ཆོས་འཕེལ། ཁྱོད་འདི་འདྲ་རང་མ་བྱེད་ཟེར་མཁན་བྱུང་ཡང་། ང་ཕྱི་རོལ་པ་ལ་དད་པ་མིན། ཡིན་ན་ཡང་ང་རང་རྩེད་མོ་ལ་དགའ་དྲགས་ནས་འཁྱག་འཁྱག་བྱས་པ་ཡིན། ཅེས་གསུངས། རྗེས་སུ་འབྲས་སྤུངས་སུ་བཞུགས་སྐབས། ཧོར་མི་ཚན་གྱི་དཔེ་ཆ་བ་ཞིག་ཡོད་པས། ཁོང་གིས་དགེ་ཆོས་རིན་པོ་ཆེའི་མདུན་ནས་དཔེ་འཁྲིད་ཞུས་ཏེ། ཁོང་ལ་གྲངས་ཅན་པའི་འདོད་ཚུལ་ཁས་ལེན་བཟུང་སྟངས་དང་། སྒྲུབ་ངག་ཡ་མཚན་པ་མང་པོ་ཞིག་བསླབས་གནང་ནས། ཁོང་གིས་ཀྱང་རྩོད་པའི་སྐབས་ལ་དེ་ལྟར་བྱས་པས། གདན་ས་གཞན་དང་གྲྭ་ཚང་གཞན་པའི་དཔེ་ཆ་བ་ཚོས་ཁོང་ལ་གྲངས་ཅན་མཁན་པོ་ཞེས་ཀུ་རེ་མཛད་པ་ཡོངས་གྲགས་ཡིན།” ཞེས་པ་ཞིག་ཡོད་པ་ཡང་སེམས་སུ་དྲན་ཡོང་།

ཁོ་བོས་ལོ་ངོ་ཉི་ཤུའི་སྔོན་རྒྱ་གར་གྱི་རྩ་ཁྲིམས་ཟིན་བྲིས་འགོད་པ་པོ་མཁས་དབང་བྷ་བྷ་ཨམ་བྷེ་ཀར་གྱི་མི་ཚེའི་ལོ་རྒྱུས་ཤིག་བཀླགས་པ་དང་། དེའི་ནང་དུ་ཁོང་གིས་ནང་པའི་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་སྐོར་ལ་ཡོངས་གྲགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དང་རྒྱན་དྲུག་སོགས་ཀྱི་གསུང་དང་མི་མཐུན་པ་ཞིག་བྲིས་ཡོད་པ་རོབ་ཙམ་དྲན་ཡོང་ཞིང་། ལོག་སྨྲ་ཚར་གཅོད་ཀྱི་ལོག་བཤད་དེའི་ཁུངས་གཏུགས་ས་ཡང་ཨམ་བྷ་ཀར་གྱི་འདོད་ཚུལ་དེ་ཡིན་ལུགས་དགེ་བཤེས་གླིང་གི་དགེ་བཤེས་ཚོའི་རྩོད་གླེང་གི་ཁྲོད་དུ་རྗོད་བཞིན་འདུག ཨམ་བྷེ་ཀར་ལ་མཚོན་ན་ནང་པའི་ལྟ་གྲུབ་མཁས་པ་ཅི་ཡང་མ་ཡིན་ཞིང་། ཁོའི་མི་ཚེའི་ལོ་རྒྱུས་ཁྲོད་དུ་ཡང་ནང་པའི་ལྟ་གྲུབ་ལ་མཁས་པའི་བླ་མ་དགེ་བའི་བཤེས་གཉེན་ཚད་ལྡན་དེ་འདྲ་བསྟེན་པའི་སྐོར་ཅི་ཡང་མི་གསལ་བས། ཁོ་རང་གིས་སྟོན་པ་སངས་རྒྱས་ལ་དད་པ་ཡོད་པ་ཙམ་ཞིག་གཞིར་བཞག་གིས། ནང་པའི་ལྟ་གྲུབ་ཀུན་གྱི་རྨང་གཞི་སྐྱེ་བ་སྔ་ཕྱིའི་སྐོར་ལ་རང་བཟོའི་ལྟ་གྲུབ་བརྩམས་པ་ནི་ངོས་ལེན་རྩ་བ་ནས་བྱེད་མི་ཐུབ་པ་ཞིག་ཡིན་པ་མ་ཟད། ལོ་ངོ་སྟོང་ཕྲག་གི་སྔོན་དུ་མདོ་སྡེ་གང་ཞིག་སྟོན་པའི་བཀའ་ཡིན་མིན་བརྩད་ནས་ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་གྱེས་པ་ཇི་ལྟར། ང་ཚོའི་ནང་བསྟན་བསམ་བློའི་རྨང་གཞི་ཧ་ཅང་སྐྱོ་བའི་ཆོས་སྡེ་དག་གིས་བསམ་བློ་ཞིབ་ཏུ་བཏང་ནས། བྷ་བྷ་ཨམ་བྷ་ཀར་གྱི་ལྟ་གྲུབ་ངན་པ་འདི་དང་སྐྱེ་བ་སྔ་ཕྱི་མི་འདོད་པའི་ཚན་རིག་པའི་ལྟ་གྲུབ་འདི་ཚོ་སློབ་ཚན་གྱི་ཁོངས་སུ་གདམ་གསེས་ཡང་དག་པ་ཞིག་བྱས་ནས་བཞག་ན་མ་གཏོགས། གོང་གསལ་ལྟ་གྲུབ་འདི་གཉིས་ལ་འདོར་ལེན་བྱེད་མ་ཤེས་པའི་དབང་གིས། ནང་པའི་ལྟ་གྲུབ་ལ་ཤེས་ནས་ཐོབ་པའི་ཡིད་ཆེས་བརྟན་པོ་ཞིག་མ་རྙེད་པའི་སྔ་རོལ་ཏུ་ཚན་རིག་ལ་སློབ་གཉེར་ཐན་ཐུན་རེ་བྱས་པ་དེའི་འབྲས་བུར། ལོག་སྨྲ་ཚར་གཅོད་མིང་ཅན་པ་ལྟ་བུ་ཇེ་མང་ལ་སོང་བ་ཡིན་ན། ནང་པའི་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་ལྟ་གྲུབ་གསེར་ཞུན་བཙོ་མ་ལྟ་བུ་དཔྱད་པ་གསུམ་གྱིས་ཡང་དག་པའི་གཏན་ལ་ཕབ་པ་འདི་ཉིད་ཀྱང་ཚོང་འདུས་ཀྱི་འོ་མ་ལྟ་བུར་བསྒྱུར་མི་སྲིད་པ་ཞིག་མ་རེད་སྙམ་སྟེ། དཔྱོད་ལྡན་རྣམས་ཀྱིས་ཞིབ་མོའི་བློ་ཡིས་དཔྱད་པར་འཚལ་ལོ།།

ཁ་ཤས་ཀྱིས་འོ་ན་ཁྱོད་ཀྱིས་གདན་ས་ཁག་ཏུ་ཚན་རིག་ལ་སློབ་གཉེར་བྱེད་པ་འདིར་དགག་པ་རྒྱག་གི་ཡོད་དམ་ཟེར་ན། དེ་འདྲ་མ་ཡིན་པར་ལུས་ལ་ཆོས་གོས་རྣམ་གསུམ་གྱོན། ལག་ཏུ་དགེ་བཤེས་ཀྱི་ལག་ཁྱེར་བཟུང་སྟེ་ཚན་རིག་པའི་ལྟ་གྲུབ་ཁྱེར་ཡོང་ནས་ནང་པའི་ལྟ་གྲུབ་ལ་དགག་པ་བརྒྱབ་ན་བསམ་བློའི་ན་སོ་མ་སྨིན་པ་མང་པོ་ཞིག་ལོག་ལམ་དུ་འཁྲིད་པའི་ཉེན་ཁ་འདུག་ཅེས་པ་དང་།  དེ་ནི་ལོ་བཅུ་གྲངས་སྔོན་བོད་ནང་དུ་ཞོགས་དུང་སོགས་ཀྱིས་གསར་བརྗེའི་ལས་འགུལ་བསླངས་པ་ལ་བརྟེན་ནས་ཐང་ཀ་མེ་རུ་འབུད་མཁན་དང་བསང་ཁྲི་རྡུལ་དུ་བཤིག་མཁན་བྱུང་བ་དེ་འདྲ་ང་ཚོའི་སྤྱི་ཚོགས་སུ་འབྱུང་མགོ་རྩོམ་བཞིན་འདུག་སྙམ་པའི་སེམས་ཁྲལ་ཞིག་གིས་ལགས་སོ།།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༧ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 4

  1. རྟག་མྱོས། says:
    ལོ་ 5 སྔོན།

    རི་བོང་གི་མགོ་ལ་རི་ལུག་པའི་སེམས་ཁྲལ་ལས་མ་འདས་སོ། །

    Reply
  2. ཚེ་དཔག་རིག་འཛིན། says:
    ལོ་ 5 སྔོན།

    དཔེ་ཡག་པོ་གསུང་འདུག གོ་རྒྱུ་ཟབ་མོ་འདུག།

    Reply
  3. དོལ་ཚེ་དགའ། says:
    ལོ་ 5 སྔོན།

    དགའ་མོ་གསུངས་འདུག ཡི་རང་ཞུ།

    Reply
  4. ཨོ་རིག says:
    ལོ་ 5 སྔོན།

    རི་བོང་གནམ་རྡིབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese