—-འབྲོག་མོ་དཀྱུས་མ་ཞིག་གི་ཀྱག་ཀྱོག་གི་མི་ཚེ་གླེང་བ།
སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ
—རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་ཕུལ་བ།
ང་ཚོའི་ཁང་པའི་ནང་དུ་ཁྲ་ཁྲ་ཟིང་ཟིང་གི་དངོས་རྫས་སྟོང་ཕྲག་ཁ་ཤས་ཡོད་པ་རེད། ང་ཚོའི་མི་ཚེའི་ནང་དུ་ང་ཚོར་གཉེན་ཉེ་དང་གྲོགས་པོ་ངོ་ཤེས་སྟོང་ཕྲག་ཁ་ཤས་ཡོད་པ་རེད། ཡིན་ན་ཡང་། ང་ཚོའི་མི་ཚེའི་ནང་དུ་ལུས་རྟེན་བསྐྱེད་པའི་ཨ་མ་གཅིག་མ་གཏོགས་ཡོད་མི་སྲིད། དེ་ནི་ཉེ་ཆར་སྐུའི་མེ་ཏོག་འཐོར་བའི་ངའི་དྲིན་ཆེན་གྱི་ཨ་མ་དེ་རེད་ལ། དེ་ནི་ཁྱེད་ཀྱི་གཤེགས་ཟིན་པའམ་ད་ལྟ་འཚོ་བཞུགས་གནང་བཞིན་པའི་དྲིན་ཆེན་ཨ་མ་དེ་ཡང་རེད།
ངའི་ཨ་མ་དྲིན་ཆེན་མ་དབང་མོ་ཞེས་པ་འདི་ནི་སྤྱི་ལོ་༡༩༤༠ བོད་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་མཚོ་སྔོན་མཚོ་ལྷོའི་མང་རྫོང་གི་ཁོངས་གཏོགས་གུང་བ་སྡེ་བར་འཁྲུངས། ཆུང་དུས་ནས་རང་གི་ཁྱིམ་དུ་འཁྲུངས་པའི་འཇའ་མོ་ཏྰ་བླ་མ་སྐུ་ཕྲེང་བཞི་པ་དང་གཉེན་ཚན་དགེ་བཤེས་རེ་ཟུང་གི་དྲུང་ནས་དམ་པའི་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་པོ་ཉན་ཏེ་ཉམས་ལེན་གྱི་གཞི་བཏིངས། མོ་རང་བུ་མོ་ཆུང་ཆུང་ཡིན་དུས་བླ་མ་དེ་ཚོས་མཚན་མོར་གཅོད་གསུང་སའི་རས་གུར་ནང་དུ་ཉལ་བར་སོང་ཚེ། གཟུགས་མེད་པའི་ལག་པ་མཐོང་རྒྱུ་ཡོད་ལ་སྒྲ་སྐད་སྣ་ཚོགས་ཀྱང་ཐོས་རྒྱུ་ཡོད་ཅེས་གསུངས་པ་དྲན།
སྤྱི་ལོ་ ༡༩༥༨ ལོའི་ཟིང་འཁྲུག་གི་སྐབས་སུ་འབྲོག་སྡེ་མང་པོ་དང་མཉམ་དུ་མང་འབལ་གཉིས་ཀྱི་ས་མཚམས་བཅུད་པར་རྫ་གསེང་དུ་བྲོས་ཤིང་། དེར་ཤིང་ཁྲི་དགོན་པའི་མཁན་པོ་འཇའ་ལུས་པ་ཚེ་དབང་རིག་འཛིན་ཚང་ཡང་ཉེན་བྱོལ་དུ་ཕེབས་པར་མཇལ་ལུགས་གསུངས།
ང་ཚོ་ཚང་མས་རང་གི་ཕ་མའི་འཁྲིས་ནས་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ཀྱི་སྐོར་མང་པོ་ཞིག་བསླབས་ཡོད་པ་རེད། ང་ལ་མཚོན་ན་ཨ་ཕའི་དྲུང་ནས་ཤེས་བྱ་ཡོན་ཏན་གྱི་སྐོར་མང་པོ་ཞིག་དང་། ཨ་མའི་དྲུང་ནས་བྱམས་སྙིང་རྗེ་དང་ཆོས་ཁ་ཏོན་མང་པོ་ཞིག་བསླབས་པ་ལགས། དེ་ཡང་བདག་ལོ་ངོ་ལྔ་ལ་སོན་ཙམ་གྱི་དུས་སྐབས་དེ་དྲན་པའི་ངོས་སུ་འཆར་ཐུབ་ཀི་འདུག་ལ། ངས་རང་གི་དྲིན་ཆེན་ཨ་མའི་ཞལ་རས་དང་གསུང་སྐད་ངོས་ཟིན་པའི་དུས་ནས་བཟུང་སྟེ། ཁོང་གིས་ཞོགས་པ་སྔ་བོར་ཡར་ལངས་པ་ནས་བཟུང་སྟེ་དགུང་མོ་འཕྱི་བོར་མར་མ་ཉལ་བར་དུ་ལས་ཀ་ཅི་ཞིག་ལས་བཞིན་ཡོད་ན་ཡང་ཞལ་ནས་སྒྲོལ་བསྟོད་ཉེར་གཅིག་དང་། ལྟུང་བཤགས། སྨན་བླ་མཆེད་བརྒྱད་ཀྱི་མཚན། གུ་རུའི་གསོལ་འདེབས་དུས་གསུམ་སངས་རྒྱས། གདུགས་ཐུང་དང་དམིགས་བརྩེ་མ། མ་ཎི་དང་ཏྰ་རེ་སོགས་རྒྱུན་ཆད་མེད་པར་གསུང་གིན་འདུག ཐ་ན་ཁོང་མཚན་དཀྱིལ་དུ་གཉིད་ལས་སད་པའི་སྐབས་སུའམ་ཡང་ན་རྨི་ལམ་རྨི་བཞིན་པའི་སྐབས་སུ་ཁ་ཏོན་ལ་ལ་ཞིག་འདོན་བཞིན་པ་བདག་གིས་ལན་ཧ་ཅང་མང་པོར་ཐོས་མྱོང་། ང་ཚོའི་སྡེ་བར་སྐྱེས་ཕོ་མོ་སུམ་བརྒྱ་མ་ཟིན་ཙམ་ཞིག་ཡོད་ཀྱང་ངས་རང་གི་ཨ་མ་ལྟ་བུའི་འབྲོག་མོ་ཁ་འདོན་དགེ་སྦྱོར་ལ་ཉིན་མཚན་མེད་པར་བརྩོན་པ་ཞིག་ནམ་ཡང་མཐོང་མ་མྱོང་། ཁོང་སེམས་ཅན་བྱ་བྱེའུ་འབའ་འབུ་དང་དུད་འགྲོར་ཧ་ཅང་བྱམས་སེམས་ཆེན་པོ་ཡོད་པ་ཞིག་རེད། ཁོང་གིས་ང་ཚོར། དུད་འགྲོ་སེམས་ཅན་ཁ་གྲགས་མི་ཤེས་པ་ཚོར་རྡུང་རྡེག་གཏོང་མི་ཉན་ཞེས་དང་། བྱེའུ་སྒོང་བཅགས་ན་བྱེའུ་མ་སེམས་སྡུག་གིས་འཆི་འགྲོ་ཞེས་དུས་རྒྱུན་དུ་ང་ཚོ་དམུ་རྒོད་འབྲོག་པའི་བྱིས་པ་ཚོར་ཁ་ཏ་བསླབ་བྱ་གནང་གིན་འདུག ཁོང་གིས་ཆོས་འདོན་མཁན་ཞིག་ཡིན་ཕྱིན་བླ་མ་གྲྭ་པ་བཙུན་མ་སྔགས་པ་རྒན་གཞོན་བྱིས་པ་སུ་ཡིན་ཡང་བྱིན་རླབས་ཡོད་པ་རེད་ཅེས་རྒྱུན་དུ་གསུངས། ཁོང་གིས་རང་གི་བྱིས་པ་ཚོ་མ་གཉིད་སྔོན་དུ་སྒྲོལ་མ་བཏོན་ནས་བྱིན་རླབས་ཀྱི་ཕུ་འདེབ་གནང་གི་རེད་ལ། སྐབས་རེར་ཁོང་སྙུང་དུས་ཀྱང་རང་གི་བྱིས་པ་ཚོར་སྒྲོལ་མ་བཏོན་ནས་ཁོང་ལ་ཕུ་འདེབ་འཇུག་གི་རེད། ངའི་ནུ་བོ་སྐལ་ལྡན་བྱིས་པ་ཡིན་དུས་ཅུང་ཟད་པྲ་ཚགས་ཤིག་ཡིན་པས། ངེད་སྤུན་རྒན་པ་ཚོས་སྡིགས་མོ་རེ་བྱེད་དུས་ཁོང་གིས། ཁོ་ལ་མ་སྡིགས། མི་ཞིག་ཡོད་ན་ཁྱིའི་གོང་མ་ཡིན་ཟེར་བས། འདིས་འུ་ཚང་ལ་ཕན་ཐོགས་པའི་ཉི་མ་གཅིག་ཡོད་ཅེས་ལན་གྲངས་དུ་མར་གསུངས་ཤིང་། རྗེས་སུ་སྐལ་ལྡན་ནར་སོན་ནས་ཐར་ཤུལ་དགོན་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་ལ་སྦྱངས་པ་བྱས་ཏེ་སློབ་བུ་མང་པོའི་དགེ་རྒན་བྱས་ཤིང་། ངེད་ཅག་གི་ཁྱིམ་ཚང་ལ་མཚོན་ན་ཡང་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ཞིག་ཏུ་གྱུར་སོང་།
སྤྱི་ལོ་༡༩༨༣ དེ་ཙམ་ཞིག་ལ་ཨ་མས་བླ་མ་ཞིག་གི་སྐུ་མདུན་ནས་དབང་ཞིག་ཞུས་ཏེ་ཕྱིར་ལོག་རྗེས། དགོང་མོ་རྟག་པར་མ་ཉལ་བའི་སྔོན་དེར་ངེད་ཅག་ཁྱིམ་མི་ཚོས་གོ་མི་ཉན་པ་ཞིག་འདོན་བཞིན་འདུག་ལ། རྗེས་སུ་བདག་གིས་ཁོང་ཡོངས་འཛིན་རིན་པོ་ཆེ་ལས་བདེ་མཆོག་གི་དབང་མོ་ཆེ་ཞུས་པའི་རྗེས་སུ། ད་གཟོད་ཨ་མས་མཁའ་སྤྱོད་མའི་དབང་ཞུས་ཏེ་དེའི་གཟུངས་སྔགས་འདོན་བཞིན་ཡོད་པ་རྟོགས་བྱུང་།
ང་ལ་དགེ་ལྡན་པའི་དགེ་བཤེས་ཚོའི་ཁྲོད་དུ་བཀའ་དྲིན་འཁོར་ཐབས་མེད་པ་མང་པོ་ཞིག་ཡོད་པའི་ཁྲོད་ཀྱི་གཅིག་ནི་གནས་ལྔ་རིག་པར་མཁས་པའི་པཎཌི་ཏ་ཆེན་པོ་རུ་མང་དགེ་བཤེས་བྱམས་པ་འཕྲིན་ལས་ཚང་ཡིན། ཁོང་གིས་ནམ་རྒྱུན་ངའི་ཨ་མ་ཁོང་གི་བཞུགས་ཤག་ཏུ་ཕེབས་དུས། དགེ་འདུན་ཆུང་བའི་སྲིང་མོ་བསླེབས་བྱུང་ཞེས་ཡར་བཞེངས་ཏེ་གུས་ཞབས་ཆེན་པོ་ཞིག་གནང་བཞིན་འདུག་པར་ཕྲན་ལ་དོ་སྣང་བྱུང་ལ། དགེ་བཤེས་ཚང་གློ་བུར་དུ་སྐུ་གཤེགས་པའི་ཕྱི་དྲོ་དེར་ཨ་མ་ཡང་དགོན་པར་ཡོད་ཅིང་མོས་མྱ་ངན་བཟོད་བླགས་བྲལ་བ་ཞིག་གནང་བ་ཡང་ད་དུང་དྲན་སོས་ཀི་འདུག
ངས་ཀ་ངོ་ཡིག་ངོ་མ་ཆོད་སྔོན་ནས་ཕ་རྒན་གྱིས་ཕ་ཡུལ་དུ་ཧྭ་པོ་རུ་འབོད་པའི་མུ་འབྲེལ་རི་མོའི་དེབ་ཆུང་བརྗོད་བྱ་ཀྲུང་རིའི་དམག་འཁྲུག་དང་ཨ་འགོག་ཁྲོ་རོགས་ལྟ་བུ་ཡིན་པ་གང་འཚམ་ཞིག་སྔ་རྗེས་སུ་ཉོས་ཡོང་ནས་ཁོང་གི་བུ་ཕྲུག་ཚོའི་ཤེས་རིག་གོང་འཕེལ་ལ་ཨེ་ཕན་བསམས་འདུག ཡིན་ན་ཡང་ཕ་རྒན་ཁོང་ང་ཚོའི་སྡེ་བའི་ནང་གི་ཤེས་ལྡན་པ་རྩེ་གྲས་སུ་འགྲོ་མིན་ལ་མ་ལྟོས་པར། ང་ལ་མཚོན་ན་མི་ཚེ་འདིར་ཆེས་ཐོག་མར་ཀ་ཁ་སུམ་ཅུ་ཡི་གེར་བྲིས་ཏེ་སློབ་མཁན་ནི་ངའི་ཨ་མ་དྲིན་ཆེན་མ་དེ་ཡིན། ལོ་དེར་ང་ལོ་དྲུག་ལ་སོན་ཡོད་པ་འདྲ། ང་ཚོའི་རུ་བ་དབྱར་ས་ནས་སྟོན་སར་བབས་ཡོད། དེ་ཡང་ང་ཚོའི་སྡེ་བའི་དབྱར་ས་ནི་ལུང་པ་རིང་པོ་གསུམ་གྱི་ཕུག་ཏུ་ཡིན་ལ་སྟོན་ས་ནི་ལུང་པ་དེ་ཚོའི་མདའ་རུ་ཡིན། སྐབས་དེར་ང་ཚོའི་ས་ཆའི་འབྲོག་པ་ཚོར་ནོར་ལུག་ཧ་ཅང་མང་ཞིང་རྩྭ་ས་ཆུང་བས། རུ་བ་དབྱར་སར་བབས་ནས་ཟླ་གཅིག་ཙམ་གྱི་རྗེས་སུ་དབྱར་རྩྭ་ཕལ་མོ་ཆེ་རྫོགས་འགྲོ་བས། ནམ་གུང་རེ་རེར་སྒོ་ཁའི་ནོར་ནག་ཕལ་ཆེ་བ་མུན་ཁྲོད་ནས་ལུང་མདའི་སྟོན་སའི་རྩྭ་བཀག་གི་ནང་དུ་ཤོར་འགྲོ་ཞིང་། ཞོགས་པ་རེ་རེར་ང་ཚོ་ནོར་རྫི་བྱིས་པ་དང་དར་མ་ཚོ་སྔ་བོར་ཡར་ལངས་ནས་ཞོགས་ཇ་མ་འཐུང་སྔོན་ལ་སྟོན་སར་བརྒྱུགས་ནས་ནོར་ཁྱུ་ཕྱིར་དེད་ཡོང་དགོས་ཤིང་། དེ་ལྟར་མ་བྱས་ཚེ་སྡེ་བའི་ནང་གི་རྩྭ་ས་དོ་དམ་བདག་གཉེར་བ་ཚོའི་ལག་ཏུ་ཤོར་ན་ཆད་པ་སྟེར་དགོས། དེ་དུས་ང་དང་ངའི་སྤུན་ཆེ་བ་དེ་དུས་ཀྱི་མིང་སྐར་མ་འབུམ་མམ་དེང་སང་གི་བླ་ནག་པ་ཡེ་ཤེས་བཟང་པོའམ་ལྡོང་ཕྲུག་དང་ངེད་གཉིས་ཞོགས་པ་སྔ་ལངས་བྱས་ནས་ངེད་ཚང་གི་ནོར་ནག་ཚོའི་རྨིག་རྗེས་སུ་བསྐྱོད་པ་ནམ་ཡང་བརྗེད་ཐབས་མེད་ལ། སྟོན་སར་རྩྭ་སྐྱེས་པ་བཟང་ཞིང་ཞོགས་པར་རྩྭ་ཐང་ཡོངས་རྫོགས་དྭངས་གཙང་གི་ཟིལ་བས་ཁྱབ་བསྡད་ཡོད་པས། ལྗང་མདོག་གི་རྩྭ་ཐང་དེར་གོམ་པ་སྤོས་པ་ཙམ་གྱིས་ངེད་གཉིས་ཀྱི་ལྷམ་ཆུང་དང་དོར་མའི་སྨད་ཕྱོགས་ཡོངས་རྫོགས་ཟིལ་ཆུས་སྦངས་འགྲོ་ལ། སྟབས་ལེགས་ན་མདང་དགོང་གློ་བུར་སྐྱེས་པ་ལྟ་བུའི་གསེར་མདོག་གི་ཤ་མོ་ཆེ་ཆུང་སྣ་ཚོགས་ཤིག་ཀྱང་རྙེད་ཐུབ་ཅིང་། ཤ་མོ་དེ་ཚོ་ཁྱིམ་དུ་ཁྱེར་ནས་མེ་མུར་གྱི་སྟེང་དུ་བཞག་པའི་སྟེང་དུ་མར་དང་རྩམ་པ་བྱུགས་ཏེ་ཅུང་ཚ་བོ་བཟོས་ནས་ཟོས་ན་ཞིམ་པ་ལ་ཚོད་མེད་པ་ཞིག་ཡོད། ནོར་ཁྱུ་ཕྱིར་སྦྲ་འདབས་སུ་དེད་ཡོང་རྗེས་ང་དང་ཕུ་ནུ་ཚོས་ཞོགས་ཇ་འཐུང་ཞོར་དང་ཨ་མས་ཧ་ཅང་སྙན་པའི་བཞོ་དབྱངས་འཐེན་ཞོར་འབྲི་མོ་དག་གི་འོ་མ་བཞོ་གི་རེད། ཨ་མས་ལན་གྲངས་དུ་མར་བཞོ་དབྱངས་ཅི་ཙམ་ལྷོད་ཅིང་སྙན་ན་འབྲི་མོ་ཚོར་འོ་མ་དེ་ལྟར་འབབ་ཀི་རེད་གསུངས་མྱོང་། དགོ་་་་་་དགོ་་་་་དགོ་ཞེས་པའི་འབྲི་མོའི་བཞོ་དབྱངས་སྙན་མོ་དེའི་འཕྲོར་ཨ་མས་ལྷ་མོ་ནོར་རྒྱུན་མའི་བསྟོད་པ་དང་གཟུངས་སྔགས་ཤིག་ཀྱང་ཆད་མེད་དུ་གྱེར་བཞིན་འདུག དེ་ནི། དཔལ་མོ་གཡང་གི་དབང་ཕྱུག་ནོར་རྒྱུན་མ། །སྙན་གྲགས་ཚེ་གཟུངས་བསོད་ནམས་རྗེས་འཛིན་མ། །འདོད་པའི་ཕུན་ཚོགས་མ་ལུས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་གསོལ་བ་འདེབས། །ཨོཾ་བ་སུ་དྷ་རི་ནི་སྭྰ་ཧྰ། ཞེས་པ་འདི་རེད་ལ། ངའི་ཨ་མ་སོགས་འབྲོག་མོ་ཚོས་ནོར་རྒྱུན་མའི་ནོར་ཞེས་པའི་ཚིག་འབྲུ་འདིའི་གོ་དོན་ནོར་ནག་ལ་འགྲེལ་བཞིན་འདུག
དེ་ལྟར་ང་དང་ངའི་ཕུ་ནུ་ཚོ་ཨ་མ་དང་མཉམ་དུ་ངེད་ཚང་གི་ནོར་ནག་དང་ལུག་ཁྱུ་ཆུང་ཆུང་དེའི་འཚོ་སྐྱོང་ལ་བྲེལ་བཞིན་ཡོད་པའི་སྟོན་ཁ་དེར། ངའི་ཕ་རྒན་ནམ་རྒྱུན་ལོ་རེ་རེའི་ཟླ་བ་མང་པོ་ཞིག་ལ་སྡེ་བའི་སྤྱི་ཁང་གསུམ་དགུན་སར་ཡོད་པ་དེར་བསྡད་ནས་སྡེ་བ་གཞན་པའི་རྩིས་གཉེར་བ་ཚོ་དང་མཉམ་དུ་སྡེ་བའི་ལོ་རེའི་ཡོང་འབབ་དང་འགྲོ་སྒོའི་རྩིས་ཁྲ་གཙང་བཟོའི་བྱ་བར་མགོ་འཁོར་ནས་སྡོད་དགོས་ཀྱི་ཡོད་མོད། ཉིན་ཞིག་ཁོང་རང་ཁྱིམ་དུ་ལོག་དུས་འབྲི་དེབ་ཅིག་དང་ཞ་སྨྱུག་ཅིག་ཁྱེར་ཡོང་འདུག སྤྱིར་བཏང་གི་འགྲོ་ལུགས་བཞིན་བྱས་ན་དེབ་དེ་དང་ཞ་སྨྱུག་དེ་ངའི་ཕུ་བོར་དབང་བ་ཞིག་ཡིན་མོད། རྒྱུ་རྐྱེན་ཅི་ཡིན་མ་ཤེས་པར་ངས་ཨུ་ཚུགས་ཆེན་པོས་འབྲི་དེབ་དང་ཞ་སྨྱུག་གཉིས་ཀ་བདག་གིར་བཟུང་བས་མ་ཚད། ཉིན་གུང་ཞིག་ལ་ཨ་མར་ང་ལ་ཀ་ཁ་སུམ་ཅུ་འབྲི་རོགས་ཞེས་ཨུ་ཚུགས་ནན་མོ་བྱས་པ་དང་། ཐོག་མར་ཨ་མས་དང་ལེན་མ་བྱས་ཀྱང་མཐའ་མར་མོ་ཡང་བྱ་ཐབས་ཟད་དེ་འབྲི་དེབ་དེའི་ཤོག་ངོས་དང་པོའི་ངོས་སུ་ཀ་ཁ་སུམ་ཅུ་བྲིས་ནས་ང་ལ་བསླབས་བྱུང་། འབྲི་དེབ་དེ་དང་སྨྱུ་གུ་དེའི་ཆེད་དུ་ང་དང་ངའི་ཕུ་བོ་གཉིས་དང་པོ་ཁ་རྩོད་དང་དེ་ནས་ལག་རྩོད་ཤོར་ཞིང་། ཨ་མས་ངའི་རྒྱབ་རྩ་བྱས་ཏེ་ཕུ་བོར་ཐལ་ལྕག་རེ་ཡང་གཞུས་ཡོད་སྲིད། དགོང་མོ་དེར་ཕུ་བོ་ངའི་ཨ་ཕའི་གཅེན་པོ་ཨ་ཁུ་བརྩོན་འགྲུས་ཚང་ལ་སོང་ནས་ཕྱིར་མ་ལོག ཡིན་ཡང་རྗེས་སུ་ངའི་ཕུ་བོས་ངས་སློབ་གྲྭ་ནས་ཁྲིམས་མཐུན་གྱིས་ཁྱེར་ཡོང་བ་དང་བརྐུས་ནས་ཁྱེར་ཡོང་བའི་བོད་ཡིག་གི་སློབ་དེབ་འདྲ་མིན་ལ་རང་སྦྱོང་བྱས་ནས། ༡༩༨༡ ལོར་ཀླུ་ཚང་དགོན་པར་འགྲོ་དུས་བོད་ཡིག་རང་མགོ་ཐོན་པ་ཞིག་ཆགས་ཡོད་ལ། རྗེས་སུ་ཁོང་ཐར་ཤུལ་དགོན་པར་སྡོད་དུས་རྒྱ་ཡིག་ཀྱང་རང་སྦྱོང་བྱས་ནས་རང་མགོ་ཐོན་པའི་ཚད་དུ་བསྐྱལ་སོང་། ཁོང་ནི་ང་བཞིན་ལྡ་ངེ་ལྡ་ངེ་ཞིག་མ་ཡིན་པར་བྱ་བ་ཀུན་ལ་ཧ་ཅང་ནན་ཏན་བྱེད་པ་ཞིག་ཡིན།
རྗེས་སུ་ང་ལོ་བདུན་ལ་སོན་པའི་སྟོན་མགོའི་ཉིན་ཞིག ང་དང་ངའི་ཕུ་བོ་གཉིས་ནོར་རྫི་ནས་ཕྱིར་ཁྱིམ་དུ་ལོག་དུས། ཨ་མས་དེ་རིང་སྡེ་བའི་ལས་བྱེད་གཉིས་ཡོང་སྟེ་འུ་ཚང་གི་བྱིས་པ་ཞིག་སློབ་གྲྭ་འགྲོ་དགོས་ཟེར་བས། ཁྱོད་གཉིས་ཀྱི་སུ་ཞིག་འགྲོ་གི་ཡིན་ཞེས་བརྗོད་མ་ཐག་ངས་ཕུ་བོར་ཁ་གྲག་ལོང་མ་བྱིན་པར་ལམ་སེང་ང་འགྲོ་གི་ཡིན་ཞེས་བརྗོད་པ་ཡིན། ཅུང་མ་འགོར་བར་ང་རང་སྡེ་བའི་སྤོ་སྐྱོད་དང་འགྲོག་པའི་སྦྲ་གུར་སློབ་ཆུང་དུ་ལོ་གསུམ་རིང་ཕྱིན་པ་ཡིན་ལ། དགེ་རྒན་ནི་ངེད་ཚོའི་སྡེ་བའི་གྲྭ་ཟུར་ཨ་རྒ་ཚུལ་བློ་ཞེས་པ་དེ་རེད། ཁོང་གིས་སྐབས་དེར་ངའི་ཨ་མ་སོགས་འབྲོག་མོ་ཁག་ཅིག་ལ་གཙོ་འཛིན་མའོ་ཡི་དེབ་ཆུང་དམར་པོ་ཞིག་ཟུར་ཁྲིད་བྱེད་བཞིན་འདུག དེ་ཡང་ཁོང་གིས་དེང་སྐབས་བླ་མ་ཚོས་གསུང་རབ་ག་གེ་མོ་ཞིག་གི་ལྗགས་ལུང་གསུང་བ་བཞིན། མའོ་ཡི་དེབ་ཆུང་ལས་ཚན་པ་གང་ཞིག་དལ་བུར་སྐྱོར་བ་དང་འབྲོག་མོ་ཚོས་ཀྱང་དེའི་རྗེས་ཟློས་བྱེད་དགོས་ཤིང་། རྗེས་ཟློས་དེ་ཡང་ཚར་མང་པོ་ཞིག་བྱས་ནས་བློར་འཛིན་དགོས་ཀྱི་འདུག་ལ། ཟླ་རེའི་དུས་ཚོད་ངེས་ཅན་ཞིག་ལ་འབྲོག་མོ་ཚོས་སྡེ་བའི་ལས་བྱེད་པ་ཚོའི་མདུན་ནས་མའོ་ཡི་དེབ་ཆུང་དེའི་ཚན་པ་རེ་རེ་བཞིན་རྒྱུགས་སྤྲོད་དགོས་ཀྱི་འདུག དེ་དུས་འབྲོག་མོ་ཕལ་མོ་ཆེས་འབྲོག་སློག་གྱོན་ཞིང་སྐྲ་ལོ་དུམ་བུ་ཆུང་ཆུང་མང་པོར་བསླས་ཡོད་ན་ཡང་། འབྲོག་མོ་སྔོན་ཐོན་གྱི་བསམ་བློ་ཅན་རེ་ཟུང་གིས་སྐྲ་ཐུང་ངུར་བཅད་ཅིང་རྒྱ་ལྭ་སྔོན་པོ་རེ་གྱོན་ཡོད་པ་ཡང་དྲན་སོས། སྐབས་དེ་ཤེད་ཅིག་ལ་ཨ་མ་ཁོང་ལ་མི་ཞིག་གིས་བོད་སྨན་ཁྱུང་ལྔ་ཡིན་ཟེར་བའི་རིལ་བུ་ཁ་ཤས་སྤྲད་འདུག་ཅིང་། ཨ་མས་རིལ་བུ་དེ་དག་སྲིན་བལ་རྡོག་པོ་ཞིག་གི་ཁུག་ཏུ་གཅུད་ནས་སྒྱེ་མོ་ཞིག་གི་ཁ་རུ་སྦས་འདུག་ལ། ཟླ་བ་གཅིག་ཙམ་གྱི་རྗེས་སུ་རིལ་བུ་དེ་ཚོ་འཕེལ་ནས་མང་པོར་གྱུར་འདུག་པ་བདག་གིས་དངོས་སུ་མཐོང་། ད་ལྟ་བསམས་ན་རིལ་བུ་དེ་ཚོ་ཁྱུང་ལྔ་མ་ཡིན་པར་བྱིན་རྫས་ཡིན་ངེས་ཤིང་། དེ་དུས་རིག་གསར་གྱི་དུས་ཡིན་པས་བྱིས་པ་ཚོར་བྱིན་རྟེན་ཡིན་ཟེར་མ་ཕོད་པ་ཞིག་ཡིན་ངེས་ཤིང་། ཨ་མ་མོ་རང་གི་དད་པའི་སྟོབས་ལ་བརྟེན་ནས་རིལ་བུ་དེ་ཚོ་ལས་རིལ་བུ་མང་དུ་འཕེལ་བ་ཞིག་རེད་བསམས་སོ།།
བོད་ཡུལ་དུ་ཆོས་སྒོ་མ་ཕྱེས་པའི་སྔོན་རོལ་ནས་ཨ་མ་ལགས་ཀྱིས་མོའི་གཉེན་ཉེར་འཁྲུངས་པའི་ཨ་ལགས་འཇའ་མོའི་ནང་ཆེན་དང་དགོན་པའི་འཚོ་བ་ཅི་ཙམ་སྐྱིད་པོ་དང་ཆོས་ལྡན་གྱི་མི་ཚེ་ཟེར་བ་དེ་ཅི་ཙམ་དོན་སྙིང་ལྡན་པ་ཞིག་ཡིན་ལུགས་སྐོར་ཐེངས་མང་པོ་ཞིག་ལ་བརྗོད་མྱོང་ན་ཡང་། དེ་དུས་དགོན་པ་གྲྭ་པ་ཞེས་པ་དེ་ཚོ་ནི་སྒྲ་སྤྱི་ཙམ་མ་གཏོགས་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་མིན། འབྲོག་མོ་ཞིག་ལ་མཚོན་ན་དབྱར་གཞུང་ཆར་ཆེན་དང་འགྲོག་པའི་འབྲུག་སྒྲ་དང་གློག་དམར་གྱི་ཁྲོད་དུ་ད་དུང་འབྲི་མོ་བཞོ་དགོས་མོད། ཨ་མ་ལགས་ཀྱིས་འབྲོག་མོ་ཞིག་གིས་མོའི་བྱིས་པ་ཚོ་ཁྱིམ་དུ་སྡོད་བཅུག་ནས་མོས་ནོར་ལྷས་སུ་འབྲི་མོ་བཞོ་སྐབས་ཐོག་གིས་བརྒྱབ་སྟེ་བསད་པའི་སྐོར་གསུངས་ཏེ། མོའི་བྱིས་པ་ཚོའི་མིག་སྔུན་ནས་གལ་སྲིད་མོ་ལ་དོན་རྐྱེན་དེ་འདྲ་ཞིག་བྱུང་ན་སྙམ་པའི་སྐྲག་སྣང་ཡང་ཡོད་ལུགས་ཡང་ཡང་བརྗོད་པ་དྲན། འབྲོག་མོ་ཞིག་གིས་ཕོ་མོ་གཉིས་ཀྱི་ལས་ཀ་མང་པོ་ཞིག་བྱེད་དགོས་པ་མ་ཟད། ལྷག་པར་དུ་འབྲོག་པའི་རྩམ་པ་འཐག་རྒྱུ་དེ་ནི་རྡོ་ཡི་རང་འཐག་ཆུང་ཆུང་ཞིག་བསྐོར་རྒྱུ་དེ་ཡིན་ཞིང་། དེ་མ་ཡིན་པའི་རྫོགས་རྒྱུ་མེད་པའི་ཁྱིམ་ལས་ཀྱིས་ངའི་ཨ་མ་ལགས་ཀྱི་གཟུགས་པོ་ནད་པ་ཆགས་ཡོད། དགུན་ཁའི་དུས་སྐབས་མང་པོར་ངེད་ཚང་གི་ནོར་ནག་ཚོ་རི་རྒྱག་ཅེས་པ་རི་སྒང་དུ་ཞག་གཅིག་རིང་བསྐྱུར་སྲོལ་ཞིག་ཡོད་ལ། དེ་དུས་ཨ་མས་ཁབ་རིང་པོ་ཞིག་སྦྲའི་ཁ་ཚུབ་ཀྱི་སྟེང་དུ་འཛེར་ཞོར་བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་རྒྱལ་པོས་ངེད་ཚང་གི་ནོར་ནག་ཚོ་སྲུངས་ཤིག སྤྱང་ཀའི་ཁ་ཆིངས། རྐུན་མའི་ལག་ཆིངས་སོགས་གསུང་གི་རེད་ལ། མོའི་བྱེད་ཐབས་དེས་དོན་ངོ་མར་ཡང་ནོར་ནག་ཚོའི་ཚེ་སྲོག་བདེ་འཇགས་ལ་ཁག་ཐེགས་བྱེད་ཐུབ། དེ་བཞིན་མོས་རིལ་མ་དགུ་བསྒྲུགས་པའི་ཁྲོད་ཀྱི་གཅིག་ལ་རྟགས་ཤིག་བརྒྱབ་སྟེ་མོ་བཏབ་ན་ཧ་ཅང་ཐིགས་པོ་ཞིག་ཡོད་པས། ཁྱིམ་མཚེས་གཡས་གཡོན་གྱི་མི་དག་ཀྱང་ཨ་མའི་སར་ཡོང་ནས་མོ་འདེབས་རོགས་ཟེར་མཁན་གང་འཚམ་ཞིག་ཡོད། ཨ་མས་ནམ་རྒྱུན་ཞ་ཞིས་ཚོར་ན་བ་ཚ་བ་རེ་མེད་པར་བསྡད་བཏང་ན་དེའི་ཡན་གྱི་སྐྱིད་ཅིག་གང་ན་ཡོད་ཅེས་ཡང་ཡང་གསུངས་པ་ཡང་དྲན། ཉིན་ཞིག་ཨ་མ་ཁྱིམ་མཚེས་ཚང་གི་ཁྱིམ་བདག་མོའི་མགོ་སྐྲ་བསླ་རུ་སོང་ཤུལ་དུས། ང་རང་གཅིག་བུ་ཁྱིམ་ནས་འདུག་མ་བཟོད་པར་ངེད་ཚང་གི་སྦྲ་སྒོ་རུ་གྱེན་དུ་བསླངས་ཡོད་པའི་ནས་སྒྱེ་ཞིག་ཡོད་པ་དེར་ཞོན་ནས་རྩེད་མོ་བརྩེས། སྐབས་ཤིག་ལ་ནས་སྒྱེ་དེ་མར་འགྱེལ་བ་དང་མཉམ་དུ་ང་ཡང་སར་ལྷུང་སོང་ལ། ངའི་རྐང་པ་གཡོན་པའི་སྟེང་དུ་ནས་སྒྱེ་དེ་ལྷུང་ནས་ལྗིད་ཀྱིས་མནན་བྱུང་བས། ངས་ཤེད་ཤུགས་ཅི་ཙམ་ཕྱུངས་ཀྱང་ནས་སྒྱེ་རྐང་པའི་སྟེང་ནས་ཕར་འདེད་ཐབས་རྩ་བ་ནས་མེད་པར་ཨ་མ་ཞེས་ལན་དུ་མར་བོས་ཀྱང་ཨ་མས་མ་ཐོས་པར་ཆུ་ཚོད་རེ་ཟུང་འདས། མཐར་ཨ་མ་སྐྲ་བསླ་ས་ནས་ཕྱིར་ཁྱིམ་དུ་ལོག་དུས་ད་དུང་ངའི་རྐང་པ་ནས་སྒྱེའི་འོག་ན་ཡོད་པ་མཐོང་སྟེ་འཚུབ་ཆ་དང་བཅས་ཚུར་བརྒྱུགས་ཡོང་ནས་ང་བསྐྱབས་པ་རེད།
ང་རང་ཆེས་ཐོག་མར་གྲུབ་དབང་སེམས་དཔའ་ཆེན་པོ་བླ་ནག་རི་ཁྲོད་པའི་དགོངས་གཞི་བཞིན་རང་ཁྱིམ་བཞག་སྟེ་དགོན་པར་གཞིས་ཆགས་པར་འགྲོ་སྐབས་སུ་ཡང་ཨ་མ་དང་འགྲོགས་ནས་སོང་བ་ཡིན། མོས་ཐབ་ཀའི་ནང་མེ་འབར་ལུགས་ལ་བརྟགས་ནས་ངའི་ཞི་ལིས་དགོན་པའི་ནང་མི་ཚེ་ཡག་པོ་ཞིག་སྐྱེལ་ཐུབ་རྒྱུ་རེད་གསུངས་ནས་ཧ་ཅང་དགའ་སྤྲོ་སྐྱེས་པ་ཡང་དྲན། ང་ལ་སྲིང་མོ་མེད་པས་དགོན་པར་སྡོད་དུས་ཀྱི་ཟ་མ་ཕལ་མོ་ཆེ་ནི་སྔར་བཞིན་ཨ་མའི་ལག་ཟས་ལ་བརྟེན་དགོས་པར་གྱུར། སྐབས་རེར་ཁྱིམ་དུ་ལོག་དུས་སྡེ་བའི་ཐག་རིང་སར་ཨ་མ་དང་མོ་ལས་ལོ་མང་པོས་ཆུང་བའི་གསར་མོ་ཚོས་ལྗིད་ཁོག་ཆེ་བའི་ཆུ་ཟོམ་ཁུར་ནས་འགྲོ་བ་མཐོང་དུས་ངའི་སྙིང་ལ་ཟུག་གཟེར་སྐྱེས་མྱོང་ལ། ང་རང་གིས་ཨ་མའི་ཚབ་ཏུ་ཆུ་ཟོམ་ཁུར་ནས་ཡོང་བ་ཡང་ལན་འགའ་བྱུང་། ང་ཁྱིམ་དུ་ལོག་ཐེངས་མང་པོར་ངེད་ཚང་གི་ཁྱི་རྒན་དེར་ལྟོ་དུས་ཐོག་ཏུ་སྟེར་དགོས་ཞེས་མངག་སྲོལ་ཞིག་ཡོད་ལ། སྐབས་དེར་ཨ་མས་ངའི་ཞི་ལིར་སྙིང་རྗེ་ཡོད་ཟེར་ནས་བསྟོད་པ་ཡང་ལན་མང་བྱེད་མྱོང་། ཟླ་བ་རེ་ཟུང་གི་ནང་ཁྱིམ་དུ་ལོག་སྐབས། དགོང་ཟས་ཟོས་རྗེས་ཁྱིམ་མི་ཚང་མ་གཉིད་དུ་ཡུར་ན་ཡང་། ཨ་མ་དང་ངེད་གཉིས་ཀྱི་གནའ་རབས་ད་ལུགས་ཀྱི་ཁ་བརྡ་སྣ་ཚོགས་བྱས་ནས་ནམ་གུང་ཡོལ་རག་བར་དུ་སྡོད་སྲོལ་ཡོད་ལ། ལན་རེར་ཨ་མས་ད་ཕོ་བ་ཡང་ལྟོགས་བྱུང་བས་ངེད་མ་བུ་གཉིས་ཀྱིས་ཐུག་པ་འཐུང་གསུངས་ནས་དགོང་ཟས་ཀྱི་ཐུག་ལྷག་དེ་ཡང་སྐྱར་ཚ་བོ་བཟོས་ནས་འཐུང་སྲོལ་ཡང་ཡོད།
ང་དགོན་པར་ཡོད་པའི་དུས་ཀྱི་དགུན་ཟླ་ཞིག་གི་མཚན་མོར། ཟླ་འོད་མག་མོག་ཅིག་འཕྲོས་པའི་ཀློང་ན་ཕྱོགས་བཞིའི་རི་ཚོགས་ཁུ་སིམ་མེར་གཉིད་དུ་ཡུར་བཞིན་ཡོད། ངེད་ཚང་གི་ཕ་རྒན་སྡེ་བའི་རྩིས་གཉེར་བའི་ལས་དོན་གྱི་ཆེད་དུ་སྡེ་དཀྱིལ་གྱི་ཁང་ཤར་དེ་ཚོའི་གཅིག་གི་ནང་དུ་རྩིས་གཉེར་བ་གཞན་པ་འགའ་དང་མཉམ་དུ་ཟླ་བ་རེ་ཟུང་ངམ་ཡང་ན་བདུན་ཕྲག་རེ་ཟུང་ལ་བསྡད་ཡོད།
ངའི་ཕུ་བོ་ཀླུ་ཚང་དགོན་པར་ཡོད་ཅིང་ང་ཡང་ཐར་ཤུལ་དགོན་པར་སོང་བས། དགོང་མོར་དེར་ངེད་ཚང་གི་སྦྲ་ནག་དེའི་ནང་དུ་ངའི་ལོ་ན་ཆུང་བའི་ནུ་བོ་གསུམ་དང་ཨ་མ་བསྡད་ཡོད་ལ། ནུབ་ཚ་འཐུངས་རྗེས་ཨ་མས་རང་གི་བུ་ཆུང་ཚོར་གནའ་གཏམ་ཞིག་བཤད་ཡོད་སྲིད་ལ་དམངས་གླུ་རེ་ཟུང་ཡང་ཁྲིད་ཡོད་སྲིད། དེ་ནི་ཨ་མ་དང་མོའི་བུ་ཆུང་ཚོའི་སྤྲོ་སྣང་ཆེ་བའི་ལྷིང་འཇགས་ཀྱི་མཚན་མོའི་གཏམ་རྒྱུད་ཀྱི་གྲུབ་ཆ་མཛེས་སྡུག་ལྡན་པ་ཞིག་ཡིན། ཕལ་ཆེར་ནམ་གུང་ལ་བསླེབས་པ་འདྲ་སྟེ་ཨ་མའི་གཏམ་རྒྱུད་བཤད་མཚམས་བཞག་ཟིན་ལ་བྱིས་པ་གསུམ་པོ་ཡང་གཉིད་ཀྱི་ཞིང་ཁམས་སུ་བགྲོད་བཞིན་ཡོད། གློ་བུར་དུ་ཨ་མས་སྦྲ་སྒོའི་གཡས་གཡོན་དུ་བཀྲམ་ཡོད་པའི་ནོར་ནག་ཚོའི་འགུལ་སྐྱོད་ཅུང་ཟད་རྒྱུན་ལྡན་མིན་པ་རྟོགས། མོས་ཐོག་མར་སྐད་གདངས་ཅུང་སྦོམ་པོས་གློ་ལུ་ཐེངས་འགའ་བྱས་ཏེ་ཁྱིམ་འདིར་སྐྱེས་པ་ཞིག་ཡོད་པའི་ཚུལ་བསྟན། ཨ་མས་ངེད་ཚང་གི་ཨ་ཕ་ཁྱིམ་དུ་མེད་པའི་མཚན་མོ་དེ་ཚོར་ཕྱི་རོལ་ན་གྲག་འགུལ་ཅུང་རྒྱུན་ལྡན་མིན་པ་རེ་ཐོས་ཚེ་དེ་ལྟར་བྱེད་པ་རྒྱུན་ལྡན་ཞིག་ཡིན་ཞིང་། ཨ་མའི་འཁྲབ་སྟོན་དེའི་ནུས་པ་ཡང་ལམ་སེང་ཐོན་ཏེ་ཕྱི་རོལ་གྱི་ཁོར་ཡུག་རྒྱུན་ལྡན་དུ་འགྱུར་འགྲོ། ཡིན་ན་ཡང་། དགོང་མོ་དེར་ཨ་མའི་གློ་ལུ་དེར་ནུས་པ་ཅང་མ་ཐོན་པ་འདྲ་སྟེ། ངེད་ཚང་གི་ནོར་ནག་ཚོ་ནོར་རྡང་གི་གཡས་གཡོན་དུ་འདྲོག་བཞིན་པ་ཅུང་ཛ་དྲག་ཏུ་གྱུར། ཨ་མ་ག་ལེར་ཡར་ལངས་ཏེ་ལྭ་བར་སྐེ་རགས་བཅིངས་རྗེས་སྦྲའི་ཕུག་གི་ཀ་ར་ཞིག་བླངས་ནས་སྒོར་བུད་དེ་སྐད་ཆེན་པོས་ཨ་རོགས་སུ་ཡིན་ཞེས་བོས་པར། ནོར་ལྷས་ཀྱི་ཕར་འདབས་དེར་རྐུན་མ་ནག་ལིང་བ་ཞིག་གིས་ངེད་ཚང་གི་གཡག་རྒན་ཞིག་དེད་ནས་བྱང་ཕྱོགས་སུ་འབྲོ་བཞིན་པ་དེས་གོམ་ཁ་ཇེ་མགྱོགས་སུ་བཏང་། ཨ་མས། ཨ་རོགས་སྡོད་དང་། ངའི་གཡག་རྒན་སྐྱུར་དང་། ཞེས་འབོད་ཞོར་རྐུན་མའི་ཕྱོགས་སུ་བརྒྱུགས། ཕལ་ཆེར་སྤྱི་ལེ་གཅིག་ཙམ་གྱི་སར་རྗེས་འདེད་བཏང་བས། མཐར་རྐུན་མ་དེས་དཔའ་ངར་ལྡན་ན་ཨུ་ཚུགས་ཆེ་བའི་འབྲོག་མོ་དེའི་ངོ་ཡ་མ་ལོན་པར་གཡག་རྒན་བསྐྱུར་ནས་མུན་ཁྲོད་དུ་བྲོས་སོང་། དགོང་མོ་དེའི་གནས་ཚུལ་ཟླ་ཤས་ཀྱི་རྗེས་སུ་ང་ཁྱིམ་དུ་ལོག་སྐབས་ཨ་མས་བརྗོད་བྱུང་།
ཨ་མ་ལོ་ན་སུམ་ཅུར་སོན་པའི་སྐབས་དེར། མོ་རང་གི་ན་མཉམ་ཚོས་ནམ་རྒྱུན་སྣང་བ་གང་སྐྱིད་གླུ་ལེན་རྩེད་འཇོ་སོགས་ལ་རོལ་བ་མཐོང་ཚེ། མི་འདི་ཚོས་རང་ཉིད་ལོ་ལོན་འདུག་པ་ཤེས་ཀྱི་མི་འདུག ད་ནི་ཆོས་ཤིག་བསྒྲུབ་རན་རེད་ཅེས་བརྗོད་པ་ཐེངས་མང་པོར་ཐོས་ཤིང་། ཨ་མ་དགུང་ལོ་ལྔ་བཅུར་སོན་པའི་སྐབས་ཤིག་ནས་བཟུང་སྟེ་ནད་གཞི་ངོས་མི་ཟིན་པ་ཞིག་གིས་ཟིན་ཏེ། ཁྱིམ་དུ་སྡོད་པ་མ་གཏོགས་སྒོའི་ཕྱི་རོལ་ཏུ་ཡེ་ནས་འགྲོ་དཀའ་བ་ཞིག་ཏུ་གྱུར་ཅིང་། དེའི་དབང་གིས་ངེད་ཚང་གི་ཕྱིའི་སྒོ་ཟོག་དང་ནང་གི་ཟ་མ། གསང་བའི་ཕྱྭ་གཡང་ཚང་མ་མར་ངོའི་ཟླ་བ་བཞིན་འགྲིབས་ཏེ་གང་ཅིར་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་བྱུང་། ངེད་ཚང་ལ་དཔགས་པའི་རིམ་གྲོ་སྣ་ཚོགས་ཤིག་བསྒྲུབས་ཀྱང་ཕན་སྐྱེད་མ་བྱུང་། ཨ་མ་ཇི་ལྟར་ན་བས་ཟིན་ན་ཡང་མོ་རང་གི་ཁ་འདོན་དེ་ཚོ་ཉི་མ་གཅིག་ལ་ཡང་མཚམས་མ་བཞག རྗེས་སུ་ལོ་ངོ་བཅུ་གྲངས་ཤིག་གི་རྗེས་སུ་རིམ་བཞིན་ཨ་མའི་ནད་གཞི་དེ་སངས་དྲགས་སུ་སོང་སྟེ་སྔར་ལྟར་དགེ་སྦྱོར་ལ་བརྩོན་ཐུབ་པ་ཞིག་བྱུང་སྟེ། ཕལ་ཆེར་ལོ་ངོ་བཅུ་ཙམ་གྱི་རིང་ལ་མོས་དཀའ་བ་སྤྱད་ནས་སཙྪ་འབུམ་ཕྲག་གཅིག་ལྷག་བཏབ་ཅིང་། གུས་པས་འདི་ནས་འགྲོ་སོང་བཏང་སྟེ་ཨ་མའི་སཙྪ་དེ་ཚོ་ནང་བཞུགས་ཀྱི་མཆོད་རྟེན་ཞིག་བཞེངས་པ་ཡིན།
ཨ་མས་དབང་ལུང་ཁྲིད་གསུམ་ཞུས་པའི་བླ་མ་ཁ་ཤས་ཤིག་ཡོད་ཀྱང་། མོའི་རྩ་བའི་བླ་མ་ནི་མདོ་སྨད་ཀྱི་རི་བོ་དགེ་ལྡན་པའི་བསྟན་པའི་རྒྱལ་མཚན་མཁས་ཤིང་གྲུབ་པ་བརྙེས་པའི་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ཚང་ཡིན་ཞིང་། ཨ་མས་ཁོང་རིན་པོ་ཆེའི་སྐུ་མདུན་ནས་དུས་འཁོར་དབང་ཆེན་གྱིས་གཙོས་པའི་དབང་ལུང་ཁྲིད་གསུམ་ཧ་ཅང་མང་པོ་ཞིག་ཞུས་ཡོད་ལ། དེ་བཞིན་འབའ་རྫོང་གི་རྙིང་མའི་རྫོགས་ཆེན་ཞི་བ་འཚོ་སྐུ་གོང་མ་དང་དུས་རབས་འདིའི་གསེར་རྟ་སོགས་ནས་ཕེབས་པའི་རྙིང་མའི་མཁན་སྤྲུལ་དེ་འདྲའི་མདུན་ནས་ཀྱང་གསུང་ཆོས་ཞུས་འདུག མོས་ཡོངས་འཛིན་རིན་པོ་ཆེ་ཚང་གིས་མོ་ལ་མངོན་ཤེས་ཐེངས་གཉིས་གསུངས་པའི་སྐོར་བརྗོད་པ་སྟེ། ཐེངས་ཤིག་མོའི་འགྲམ་སོ་ན་ནས་ཞག་གང་བོར་གཉིད་མ་ཡོང་ཞིང་། ཕྱི་ཉིན་དགོན་པར་སོང་སྟེ་ཁོང་རིན་པོ་ཆེས་དྲུག་ཅུ་བ་གསུང་བའི་འོག་ཏུ་བསྡད། དྲུག་ཅུ་བ་གསུངས་ཚར་རྗེས་རིན་པོ་ཆེ་ཚང་གིས་དེར་འདུས་པ་དག་ལ་ཞལ་བརྡ་གནང་བའི་སྐབས་ཤིག མོ་ལ་ཁྱོད་ངའི་ཐག་ཉེ་སར་ཤོག་གསུངས་པ་དང་། མོ་ཡར་ཙམ་དེར་བཅར་བ་ན། རིན་པོ་ཆེ་ཚང་གིས་ད་དུང་ཡར་ཤོག་གསུངས། མོ་དེ་ལས་ཐག་ཉེ་ཙམ་དུ་བཅར་བ་ན། ཁོང་ཚང་གིས་ད་དུང་ཡར་བཅར་ཤོག་གསུངས། མཐའ་མར་ཁོང་རིན་པོ་ཆེའི་སྐུ་མདུན་རང་དུ་བཅར་བ་ན། ཁོང་གིས་ཁ་གདོངས་གསུངས་ཏེ་ཁ་ནང་དུ་ཞལ་ཕུ་ཞིག་གནང་བྱུང་བས། མོ་རང་ཧ་ལས་ཏེ་ཁྱིམ་དུ་ལོག་ནས་དེ་ལུགས་ཁྱིམ་མི་ཚོར་བརྗོད་འདུག་ལ། ཡང་ཐེངས་ཤིག ངེད་ཚང་གི་རུ་བ་དགོན་པའི་ཐག་ཉེ་ཞིག་ཏུ་ཡོད་དུས། ཨ་མས་ཁོང་རིན་པོ་ཆེ་ཚང་ལ་འབུལ་རྒྱུའི་འོ་སྤྲི་རྐྱང་རྐྱང་གི་མར་རིལ་ཞིག་གི་ཆེད་དུ་འོ་མ་བསྲུབས་ནས་ནམ་གུང་བར་དུ་ལུས། མཐའ་མར་མར་རིལ་དེ་འོ་མ་ལས་འདོན་ཐུབ་ཙམ་བྱུང་བ་དང་། སང་ཉིན་ཞོགས་པར་མར་རིལ་དེ་ཁྱེར་ནས་ཁོང་རིན་པོ་ཆེ་ཚང་ལ་འབུལ་བར་བཅར་དུས། རིན་པོ་ཆེ་ཚང་བཞད་ཞོར་དུ། ཁྱོད་ཀྱིས་མདང་དགོང་མར་རིལ་དེའི་དོན་དུ་དཀའ་ངལ་མྱངས་སོང་ངམ། ཞེས་གསུངས་འདུག དུས་སྐབས་དེ་གཉིས་ཀར་ངའི་ཕ་རྒན་ཡང་མོའི་མཉམ་དུ་ཡོད་པས་དོན་དག་དེ་བདེན་པ་ཡིན་ཟེར། ངེད་ཚང་གི་རུ་བ་གླང་ཆེན་རྫ་རིའི་འདབས་སུ་སྤོས་ནས་རྗེས་ཀྱི་ཉིན་ཞིག ཨ་མས་ཙི་གུ་གསོད་སྤྱད་ཀྱི་སྨན་རིལ་འགའ་བྱིན་རྟེན་དུ་ནོར་ནས་ཟོས་འདུག་ཀྱང་ཁ་ལྕེ་སྦྲིད་པ་ཙམ་ཞིག་ལས་གནོད་པ་ཅི་ཡང་བྱུང་མི་འདུག་ཅེས་ནུ་བོ་སྐལ་ལྡན་གྱིས་བརྗོད། མོས་ཨ་ལགས་མ་ཎི་བ་ཞེས་པ་ཞིག་གི་དྲུང་ནས་ཤ་བཅད་དེ་མ་གྲོངས་བར་དུ་དམ་བཅའ་ལག་ལེན་དུ་བཏབ་འདུག ཐ་ན་མོའི་སྐེད་པའི་རྨ་ཁ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཆབ་ཆའི་སྨན་ཁང་ནང་གཤགས་བཅོས་ཆེན་པོ་ཞིག་བྱེད་དགོས་བྱུང་བའི་སྐབས་སུ། སྨན་པ་དང་གཉེན་ཉེ་ཚོའི་ཨུ་ཚུགས་དང་ངའི་ནན་སྐུལ་སོགས་ལ་ཡང་ཅི་མི་སྙམ་པར་ཤ་མཆོད་མ་སོང་། ནམ་རྒྱུན་བསྔོ་བ་སྨོན་ལམ་འདོན་འདུག ཤ་ཁྲག་ཟོས་པའི་དུད་འགྲོ་དྲིན་ཆེན་དེ་ཚོའི་དོན་དུ། ཨོཾ་མ་ཎི་པདྨེ་ཧྰུཾ། འོ་ཞོ་འཐུངས་པའི་མ་འབྲི་དྲིན་ཆེན་དེ་ཚོའི་དོན་དུ། ཨོཾ་མ་ཎི་པདྨེ་ཧྰུཾ། ཞེས་སོགས་གསུང་སྲོལ་འདུག
སྤྱི་ལོ་ ༢༠༡༢ ལོར་ངའི་ཕ་མ་གཉིས་ནུ་བོ་སྐལ་ལྡན་གསུམ་ལ་ཕྱི་སྐྱོད་ལག་ཁྱེར་ཞིག་དཀོན་མཆོག་གི་ཐུགས་རྗེས་ཐོབ་སྟེ། བདག་གིས་རང་གི་དྲིན་ཆེན་གྱི་ཕ་མ་གཉིས་བོད་ནས་རྒྱ་ནག་གི་གྲོང་ཁྱེར་སྐད་གྲགས་ཅན་ཧོང་ཁོང་དུ་གདན་འདྲེན་ཞུས་ཏེ་ལོ་ངོ་ཉི་ཤུའི་རྗེས་ཀྱི་ཕ་མ་བུ་ཕྲུག་ལྷན་འཛོམས་དེ་བྱུང་ཞིང་། ཁོང་ཚོ་ཆབ་ཆའི་ལག་ཁྱེར་སྤྲོད་སའི་ལས་ཁུངས་དེར་བསྐྱོད་པ་ན། བོད་མོ་ཞིག་གིས་ཨ་མའི་མདུན་དེར་ཡོད་པའི་རྒྱ་མོ་ཞིག་ལ་ལག་ཁྱེར་མ་སྤྲད་པ་དང་། དེ་ནས་ཨ་མའི་གདོང་ལ་བལྟས་ཏེ། ཧོང་ཁོང་ན་ཁང་བརྩེགས་རིང་པོ་འགའ་མ་གཏོགས་ཅི་ཡང་མེད་པས། ཁྱོད་འབྲོག་པའི་ཨ་མ་རྒན་མོ་ཞིག་དེར་འགྲོ་དོན་ཅི་ཡིན། ཞེས་དྲིས་པས། ཨ་མས་ལན་ཅི་ཡང་མ་བཏབ་པར་སེམས་ཁོང་ནས་རྗེ་བཙུན་སྒྲོལ་མར་གསོལ་བ་འདེབ་བཞིན་བསྡད་པ་ན། བོད་མོ་ལས་བྱེད་དེས་ཀྱང་དེ་ལས་མང་བའི་དྲི་བ་མ་དྲིས་པར་ཨ་མ་དང་མོའི་རྒྱབ་ཀྱི་ངའི་ཕ་རྒན་དང་ནུ་བོ་གསུམ་ལ་ཕྱི་སྐྱོད་ལག་ཁྱེར་དེ་སྤྲད་འདུག ངེད་ཅག་ཧོང་ཁོང་དུ་འཕྲད་དུས་ཨ་མ་དྲིན་ཆེན་མའི་སྐེད་པར་རྨ་ཁ་ཆུང་ཆུང་ཞིག་འདུག་པ་མ་གཏོགས་སྐུ་གཟུགས་ཧ་ཅང་བདེ་ཐང་དུ་འདུག་ཅིང་། ཧོང་ཁོང་གྲོང་ཁྱེར་གྱི་རྒྱབ་ཕྱོགས་ཀྱི་རི་སྐེད་ཅིག་ཏུ་ཡོད་པའི་དགོན་པ་ཆེན་པོ་དེའི་སྟོན་པའི་སྐུ་བརྙན་ལ་གནས་མཇལ་དུ་ཕེབས་སྐབས། ཨ་མ་ཁོང་དགུང་ལོ་བདུན་ཅུ་དོན་གཅིག་ཏུ་ཕེབས་ཡོད་ཀྱང་རྡོ་སྐས་རིང་མོ་དེ་ཚོར་འཛེག་རྒྱུར་སྐུ་ངལ་ཕྲན་བུ་ཙམ་ཡང་མེད་པར་ངེད་ཅག་ཚང་མ་ཧ་ལས་པ་ཞིག་བྱུང་ཞིང་། ཕ་རྒན་དང་ནུ་བོ་སྐལ་ལྡན། མི་རིགས་མན་ཇུ་ཡིན་པའི་སྲིང་མོ་འཇམ་དབྱངས་སྒྲོལ་མ། ཨ་ལགས་གཟན་དཀར་ཚང་གི་ཞབས་ཞུ་བ་རྒྱ་མོ་ལུའུ་སེ། དེང་སང་ཨ་ནི་ཡིན་པའི་རྒྱ་མོ་ཀྲུང་བཅས་ཀྱི་རོགས་རམ་འོག ངེད་ཅག་ཕ་མ་བུ་ཕྲུག་ཚོ་བདུན་ཕྲག་གཅིག་མ་ཟིན་ཙམ་གྱི་རིང་ཧ་ཅང་སྐྱིད་པོ་བྱུང་ཞིང་། ང་རང་ཕ་ཡུལ་དུ་ཡོད་དུས། ཨ་མས་ཀ་ངོ་ཡིག་ངོ་ཆོད་ཙམ་ཞིག་མ་གཏོགས་མི་ཤེས་ཀྱང་། ཨ་མ་ལོ་རྒན་དྲུག་ཅུར་སོན་པའི་རྗེས་སུ་གཞི་ནས་ཡི་གེ་ཀློག་སྟངས་བསླབས་ཏེ། ངེད་ཅག་ཧོང་ཁོང་དུ་མཇལ་དུས་ཨ་མས་བཟང་སྤྱོད་སྨོན་ལམ་སོགས་ཞལ་འདོན་མང་པོ་ཞིག་དཔེ་ཆའི་སྟེང་ནས་ཤར་ཤར་འདོན་ཐུབ་པས་ཁོ་བོ་ཧང་སངས་པར་བྱས་སོང་། ངེད་ཅག་ཁ་བྲལ་ཁར་བདག་གིས་ཕ་མ་གཉིས་དང་ནུ་བོར། གལ་སྲིད་ལོ་རྗེས་མར་ལམ་ཡིག་ཅིག་ལོན་ན་བོད་དུ་ཁྱེད་ཅག་ལ་འཕྲད་དུ་ཡོང་ངེས་ཡིན་ཞེས་བརྗོད་ན་ཡང་། དེ་འདྲའི་སྐལ་བ་ཞིག་ནམ་ཡང་མ་ལྡན་པ་ནི་ཇི་འདྲའི་ཕངས་པ་ལ་ཨང་། སྐབས་འདིར་བདག་གིས། ལོ་མང་སྔོན་བདག་གིས་ཁ་པར་གྱི་ལམ་ནས་ཨ་མར་ཁ་བརྡ་བྱེད་ཐེངས་ཤིག་ལ་ཁོང་གིས། གལ་སྲིད་འུ་མ་བུ་གཉིས་ཚེ་འདིར་མ་འཕྲད་པར་ང་ཤི་སོང་བ་ཡིན་ན་ཡང་། ཁྱོད་ཀྱིས་ངའི་ཨ་མ་དེའི་སེམས་པ་ང་ལ་ཆགས་ནས་ཤི་སོང་བསམ་མི་དགོས། ཨ་མས་དེ་ལྟར་བྱེད་ཀི་མ་རེད། ཅེས་གསུངས་པ་ཡང་དྲན་ཡོང་། ཨ་མའི་མགོ་རུ་འཇིག་རྟེན་གསར་རྙིང་དང་ནང་མི་དར་རྒུད་ཀྱི་སྐྱིད་སྡུག་སྣ་ཚོགས་ཤིག་འོངས་ཟིན་པ་དང་། ཨ་མ་རང་ཉིད་ཀྱིས་དམ་པའི་ཆོས་ཀྱི་དགོངས་དོན་གང་འཚམ་ཞིག་རྟོགས་ཡོད་པས། ཨ་མས་འཇིག་རྟེན་འདི་བཞག་ནས་ཕེབས་སྐབས་ཞེན་ཆགས་ཅི་ཡང་ཡོད་བཟོ་མི་འདུག ཨ་མས་གཞན་གྱིས་མོ་ལ་སྤྲད་པའི་དངུལ་ཉུང་ངུ་དེ་ཚོ་བསགས་ཏེ་བཤས་རར་འཁྲིད་པའི་འཆི་ངེས་ཀྱི་དུད་འགྲོ་མང་པོ་ཞིག་ལ་མི་འཇིགས་པ་སྲོག་གི་སྦྱིན་པ་ཡང་བཏང་འདུག་ལ། ནམ་རྒྱུན་དྲག་ཆར་རེ་འབབ་དུས་ཀྱང་ཆར་ཁ་ཁེལ་ཕྱོགས་ཀྱི་སྡེ་བ་དེ་དང་དེ་ཚོ་སྙིང་རྗེ་ཞེས་སྨོན་ལམ་འདོན་པ་དང་། ཡང་སྐབས་རེར་ང་བརྒྱད་དང་རིག་གསར་སྐབས་སུ་སྡིག་པ་ཚབས་ཆེན་བསགས་པའི་མི་དེ་ཚོའི་མིང་ནས་བོས་ཏེ་སྙིང་རྗེ་ཞེས་ཁོ་ཚོར་སྨོན་ལམ་འདེབས་ཀྱིན་འདུག་ཟེར།
བདག་གི་དྲིན་ཅན་གྱི་ཨ་མས་དེ་ལྟར་དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་མི་ཚེ་རིང་མོ་ཞིག་བསྐྱལ་པའི་རྗེས་ཏེ་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༨ ཚེས་ ༡༡ ཉིན་གྱི་ཞོགས་པར་སྐུ་ཞི་བར་གཤེགས་ཤིང་། དེའི་སྔོན་གྱི་བདུན་ཕྲག་གཉིས་ཀྱི་རིང་རྫོང་སྨན་ཁང་དུ་བཞུགས་པའི་སྐབས་སུ། མོས་གམ་དུ་ཡོད་པའི་མོ་རང་གི་བཟའ་ཟླ་དང་བུ་མནའ་མ་ཚ་བོ་ཚ་མོ་སོགས་ལ་མོའི་ཚེ་གང་གི་འདོད་པ་ཕལ་ཆེ་བ་ཞིག་ཡིད་བཞིན་དུ་འགྲུབ་སོང་ལ། འདོད་པ་གཅིག་མ་འགྲུབ་པ་ནི་མོ་རང་ཇོ་མོའམ་ཨ་ནེ་བྱེད་རྒྱུ་མ་བྱུང་བ་དེ་ཡིན་ཞེས་གསུངས་འདུག སྐབས་དེར། མོའི་བུ་བཞི་པ་སྟེ་བུ་དྲུག་པ་སྟེ་བདག་གི་ནུ་བོ་སྐལ་ལྡན་ར་རྒྱའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབྱར་གནང་སྐབས་ཕྱིར་རྫོང་སྨན་ཁང་དུ་འབྱོར་བ་ན། ཨ་མས་སྐལ་ལྡན་ལ་ཁྱེད་ཚོའི་ས་གནས་དེར་ལུས་རྩལ་ཐང་ཆེན་པོ་ཞིག་བརྒྱབ་འདུག ཁྱེད་རང་རི་སྒང་དེར་སོང་སྟེ་སྤྲོ་བསང་བྱེད་ཀིན་འདུག་ཅེས་ཕར་མ་ལབ་སྔོན་ཚུར་གསུངས་སོང་བས། ཁོས་ཨ་མས་དོན་དག་དེ་ག་འདྲ་བྱས་ནས་ཤེས་པ་ཡིན་ནམ་བསམས་སོང་ཟེར། ཡང་མོའི་བུ་ལྔ་བ་དང་ངའི་ནུ་བོ་གདུགས་དཀར་གྱི་ཆུང་མ་རྫོང་སྨན་ཁང་དུ་མོ་ལ་བལྟ་རུ་མ་ཡོང་སྔོན་གྱི་ཉིན་ཞིག མོ་རང་དང་སྐལ་ལྡན་གྱི་ཆུང་མ་གཡང་འཚོ་གཉིས་ཀྱིས་ཨ་མ་དང་ལྷན་དུ་སྔོན་ཆད་མཉམ་དུ་ཨོང་བ་འཐུས་ཏེ་སྤུངས་ཡོད་པ་ཞིག་གི་འཁྲིས་སུ་སོང་སྟེ་ཨོང་བ་ལེན་དུས། སྔོན་ཆད་ཨ་མའི་གཟུགས་གཞི་བདེ་ཐང་ཡིན་པའི་སྐབས་སུ་ཨ་མས་དེར་ཨོང་བ་ཅི་ལྟར་འཐུས་ཚུལ་དྲན་ནས་སེམས་སྐྱོ་སྟེ་ངུས་ཏེ་མཆི་མ་བཞུར་པ་དང་། མོ་སྨན་ཁང་དུ་འབྱོར་མ་ཐག་ཨ་མས་མོ་ལ་ཁྱེད་རང་ངེད་གཉིས་ཀྱིས་སྔོན་ཆད་ཨོང་བ་འཐུ་ས་དེར་སོང་ནས་སེམས་སྐྱོ་དགོས་ཀྱི་མ་རེད་ཅེས་ཚུར་གསུངས་སོང་ཞེས་བརྗོད་འདུག དེ་བཞིན་ངའི་སློབ་མ་ཝི་ནམ་ནས་ཡིན་པའི་བུད་མེད་གསུམ་ཨ་མ་མ་གྲོངས་སྔོན་གྱི་ཉིན་གཅིག་གི་སྔོན་དུ་ཨ་མར་ཐུག་འཕྲད་དུ་འབྱོར་བ་དང་། དེ་ནས་ཁོང་ཅག་ཨ་མ་ཡོད་སའི་འབྲོག་ས་ནས་མར་མང་རྫོང་དུ་ཡོང་སྟེ་མགྲོན་ཁང་ཞིག་ཏུ་སྡོད་སྐབས། ཨ་མ་འབྲོག་ས་ནས་གྲོངས་པ་མ་ཤེས་ཀྱང་དུས་ཚོད་ཏག་ཏག་དེར་ཁོང་ཅག་གི་མགྲོན་ཁང་གི་ཁང་མིག་དེར་དྲི་ཞིམ་ཁྱད་པར་བ་ཞིག་འཐུལ་བ་ཡོང་བ་དང་། ཡུལ་ནས་ཀྱང་ཨ་མ་གྲོངས་ཏེ་ཕུང་པོ་ཁྱིམ་དུ་ཉིན་གསུམ་བཞུགས་པའི་རིང་ཧྲིལ་བོ་དང་། དེ་བཞིན་ཕུང་པོ་སྦྱིན་སྲེག་བྱེད་ཡུལ་གླང་ཆེན་རྫ་རིའི་འདབས་ཞོལ་དུ་ཕུང་པོ་རླངས་འཁོར་དང་གདན་འདྲེན་བྱེད་རིང་ཧྲིལ་བོར་དྲི་ཞིམ་ཁྱད་པར་བ་ཞིག་བར་མེད་དུ་འཐུལ་ཡོང་འདུག སྐུ་ཕུང་སྦྱིན་སྲེག་གི་ས་གནས་སུ་འབྱོར་དུས་ཞོགས་པ་ཧ་ཅང་སྔ་བོ་ཡིན་ཞིང་། ནམ་མཁར་སྤྲིན་དམར་སེར་ཡིད་དུ་འོང་བ་ཞིག་འཁྲིགས་ཤིང་། ཕུང་པོ་སྦྱིན་སྲེག་གི་དུ་བ་ཡོངས་རྫོགས་ནུབ་ཕྱོགས་སུ་ཤད་ཀྱིས་འཐེན་སོང་ཟེར། ཨ་མའི་ཕུང་པོ་སྦྱིན་སྲེག་བྱས་གྲུབ་རྗེས། མོའི་བུ་གཉིས་པ་སྟེ་ངའི་ཕུ་བོ་དགེ་བཤེས་ལྡོང་ཕྲུག་ཡེ་ཤེས་བཟང་པོས་སྦྱིན་སྲེག་གི་ཐབ་ཁ་ཕྱེས་པ་ན། ཨ་མའི་ཐུགས་ལྗགས་སྤྱན་གསུམ་ལ་འབྱུང་བ་མེ་ཡིས་མ་གནོད་པར་ལྷན་ཅིག་ཏུ་འབྱར་ནས་ལུས་འདུག་ཅིང་། དེ་ཨ་མའི་ཕུང་པོ་སྦྱིན་སྲེག་གི་རྡོ་རྗེ་སློབ་དཔོན་དུ་སྤྱན་འདྲེན་ཞུས་པའི་ཀླུ་ཚང་དགོན་པའི་དགེ་བཤེས་བསོད་ནམས་ཚང་ལ་སྤྱན་འབུལ་ཞུས་པས་ཐུགས་ལྗགས་གཉིས་རེད་འདུག་ལ་དེའི་སྟེང་དུ་མིག་འདྲ་བོ་ཞིག་ཀྱང་འདུག་གསུངས་སོང་ཟེར། དེའི་བརྙན་དང་འདྲ་པར་ཁོ་བོར་བསྐུར་པ་ཐེ་ཝན་དུ་བཞུགས་པའི་བདག་གི་བླ་མ་ཀ་ཐོག་རིག་འཛིན་ཆེན་པོ་མཆོག་ལ་སྤྱན་འབུལ་གྱིས། ཨ་མའི་ཐུགས་ལྗགས་སྤྱན་གསུམ་ཡིན་མིན་ཞིབ་དཔྱོད་གནང་རོགས་ཞུས་པར། རིན་པོ་ཆེ་མཆོག་གིས་ཞིབ་གཟིགས་ཀྱིས་དེ་ཚོ་ཁྱེད་ཀྱི་ཨ་མའི་ཐུགས་ལྗགས་སྤྱན་གསུམ་ཡིན་པར་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་འདུག མི་འགྱངས་པའི་སྔོན་བལ་ཡུལ་དུ་སྔ་འགྱུར་བའི་བླ་མ་ཞིག་གི་སྐུ་གདུང་སྦྱིན་སྲེག་གི་རྗེས་སུ་ཐུགས་ལྗགས་སྤྱན་གསུམ་བབས་འདུག་ཟེར་ཡང་། དེ་ཚོ་ལས་ཁྱེད་ཀྱི་ཨ་མའི་ཐུགས་ལྗགས་སྤྱན་གསུམ་ཧ་ཅང་གསལ་བོར་བབས་འདུག་ཅེས་གསུངས་ན་ཡང་། ངེད་ཚད་འབྱོར་བ་ཞན་ཅིང་ནམ་རྒྱུན་ཁྱིམ་ཚང་གཉོམ་ཆུང་དཀྱུས་མ་ཞིག་ཡིན་པས། བོད་དུ་སྡོད་པའི་སྤུན་མཆེད་དག་གིས་འདི་ཚོ་ཡར་སྒྲོག་མར་སྒྲོག་མ་བྱེད་རོགས། འུ་ཚང་ལ་གཞན་གྱིས་འཕྱ་སྨོད་བྱེད་ཀི་རེད་ཅེས་བརྗོད་པས་ད་ལྟ་བར་དུ་གསང་རྒྱར་བཞག་པ་ཡིན།
ཨ་མའི་སྐུ་ཕུང་སྦྱིན་སྲེག་བྱས་པའི་རྗེས་ཀྱི་ཉིན་གཉིས་པ་དེར། མོའི་བུ་བཞི་པ་དང་ངའི་ནུ་བོ་ཟླ་བཟང་ཞེས་པ་འབྲོག་པ་དཀྱུས་མ་ཞིག་ཡོད་པ་དེ་ཉིན་གུང་གཉིད་ཉལ་ནས་བསྡད་ཡོད་སྐབས། ཁོའི་རྨི་ལམ་དུ་ལྷ་མོ་སྐུ་མདོག་དཀར་པོ་ལུས་ནས་འོད་འཕྲོ་བ་ཞིག་བྱུང་སྟེ། ལྟོས་དང་ཡ་གི་ན་འོད་འཕྲོ་གི་འདུག ཅེས་བརྗོད་པ་དང་མཉམ་དུ་ཁོ་རང་ཡང་གཉིད་ལས་སད་འདུག་ལ། དེར་སེམས་ནང་རྨི་ལམ་ཡ་མཚན་དེ་ག་རེ་ཡིན་ནམ་བསམས་ཤིང་། དེ་ནས་སེམས་ནང་ཨ་མ་དང་ཨ་མའི་སྐུ་ཕུང་སྦྱིན་སྲེག་བྱེད་ཡུལ་དེ་དྲན་ནས། ལམ་སེང་ཁང་པའི་ཕྱིར་བརྒྱུགས་ནས་སྟོད་ཕྱོགས་དེར་ཡོད་པའི་ཨ་མའི་སྐུ་ཕུང་སྦྱིན་སྲེག་བྱེད་ས་དེར་བལྟས་པ་ན། དེ་རུ་འོད་དཀར་པོ་ཆེན་པོ་ཞིག་འཚེར་བཞིན་ཡོད་འདུག་ལ། ཁོས་ཡ་མཚན་ངང་དེར་འཁྱུག་ཙམ་རིང་བལྟས་རྗེས་གློ་བུར་དུ་སེམས་ནང་ཁ་པར་ཤར་ཏེ་ཕྱིར་ཁྱིམ་དུ་བརྒྱུགས་ནས་ཁ་པར་ཁྱེར་ཡོང་སྟེ་ཡ་གིའི་ཨ་མའི་སྐུ་ཕུང་སྦྱིན་སྲེག་བྱེད་ཡུལ་དུ་དེ་རང་དུ་ཡོད་པའི་འོད་དཀར་པོར་འདྲ་པར་བླངས་འདུག སྐབས་དེ་རང་དུ། ཨ་མའི་བུ་དྲུག་པ་སྟེ་ངའི་ནུ་བོ་སྐལ་ལྡན་གྱིས་རླངས་འཁོར་བསྐོར་ནས་སྦྱིན་སྲེག་གི་གནས་དེའི་ཞོལ་དེར་འགྲོ་བཞིན་པའི་མུར། ཁོས་ཀྱང་མིག་གིས་བལྟ་ཕྱོགས་ཤིག་གིས་སྦྱིན་སྲེག་གི་ས་གནས་དེ་གར་འོད་དཀར་པོ་ཞིག་འཚེར་བཞིན་པ་མཐོང་བ་དང་། སེམས་ནང་དེ་གར་སྦྱིན་སྲེག་བྱེད་སྐབས་བསླེབས་པའི་མི་ཞིག་གི་དངོས་པོ་ཞིག་ལུས་པ་ཡིན་ནམ་སྙམ་ནས་དེ་གར་སོང་ཡང་འོད་འཚེར་བའི་དངོས་པོ་ཅི་ཡང་དེ་གར་ལྷགས་མི་འདུག་ཟེར། གང་ལྟར་ནུ་བོ་ཟླ་བཟང་གིས་བླངས་པའི་པར་དེའི་ངོས་སུ་འོད་གོར་ཞིག་ས་གནས་དེ་གར་འཚེར་བཞིན་པ་དང་། བར་སྣང་ནས་འོད་དཀར་པོ་ཀ་བ་ལྟ་བུ་གཉིས་སྦྱིན་སྲེག་གི་ས་གནས་དེ་གར་མར་བརྐྱངས་འདུག རྗེས་སུ་ཕ་རྒན་ལ་དེ་དག་གི་སྐོར་དྲིས་པ་ན། ཁོང་གིས་ཁྱོད་ཀྱི་ཨ་མ་དེ་འབྲོག་མོ་སྙིང་རྗེ་ཆེན་པོ་ཡོད་པ་ཐ་ན་དབྱར་ཁར་མེ་ཏོག་རེ་ཡང་བཏོག་མི་ཕོད་པ་དེ་འདྲ་ཞིག་ཡིན་ཞེས་གསུངས། ང་ལ་མཚོན་ན་ཨ་མ་དྲིན་ཆེན་མ་དེ་ལོ་ཆུང་དུས་རྗེ་མི་ལ་རས་པའི་མ་ཡུམ་མྱངས་ཚ་དཀར་རྒྱན་ལྟ་བུ་ཆགས་སྡང་གི་རུས་ཐོན་པ་ཞིག་ཡིན་པས། མི་དམུ་རྒོད་མ་རུངས་པ་དེ་ཚོར་ཚིག་རྩོད་ལག་འཛིང་ལྟ་བུ་བྱེད་དགོས་ཀྱང་ཐེ་ཚོམ་མེད་པ་ཞིག་ཡིན་ལ། རྗེས་སུ་ལོ་ན་བགྲེས་པའི་སྐབས་སུ་ཉམས་ལེན་གྱི་རིམ་པ་ཡང་ཇེ་མང་ཇེ་བརྟན་དུ་སོང་སྟེ་འགྲོ་བ་སེམས་ཅན་ཀུན་ལ་སྙིང་རྗེ་ཕྱོགས་མེད་དུ་སྒོམ་མཁན་ཞིག་ཆགས་འདུག
མ་རྒན་དྲིན་ཆེན་མ་དེ་འཇིག་རྟེན་པའི་གྱོན་ཆས་དང་རྒྱན་ཆ་སོགས་ཁྲ་ཁྲ་ཟང་ཟིང་ལ་ཆགས་ཞེན་མེད་མཁན་ཞིག་ཡིན་མོད། ནམ་རྒྱུན་སྐུ་གསུང་ཐུགས་རྟེན་སྤྱི་དང་ཁྱད་པར་དུ་ཕྲེང་བའི་རིགས་ལ་དགའ་མོས་ཆེན་པོ་བྱེད་མཁན་ཞིག་ཡིན་པས། ཕྲེང་བ་རྒྱུ་སྤུས་དང་ཁ་དོག་འདྲ་མིན་མང་པོ་ཞིག་ཡོད་ཅིང་། ནུ་བོ་སྐལ་ལྡན་བརྒྱུད་ནས་བདག་ལ་ཡང་མ་རྒན་གྱི་ཕྲེང་བ་སེར་པོ་ཞིག་དྲན་རྟེན་ནམ་བྱིན་རྟེན་དུ་བསྐུར་བྱུང་བས། སྒྲོལ་མ་འདོན་ཐེངས་རེ་རེ་བཞིན་ཨ་མའི་ཕྲེང་བ་དེ་བེད་སྤྱོད་གཏོང་གིན་ཡོད་ལ། དེ་དུས་ཨ་མ་ཁོང་དང་ལྷན་དུ་གྲངས་མེད་པའི་མ་རྒན་སེམས་ཅན་རྣམས་ཀྱི་བྱམས་བརྩེ་དང་བཀའ་དྲིན་ཡང་དྲན་ཨེ་ཐུབ་ལ་འབད་བཞིན་ཡོད། དེ་བཞིན་ཨ་མ་དྲིན་ཆེན་མའི་དབུ་སྐྲ་ཉག་མ་འགའ་ཁོང་མ་གྲོངས་སྔོན་བསྐུར་པ་འདི་ཡང་མི་ཚེ་འདིའི་ནང་གི་དངོས་པོ་རྩ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ལ། ངའི་ལུས་པའི་ཤ་ཁྲག་གི་གཏིང་རུམ་དུ་ཡང་ཨ་མ་དྲིན་ཆེན་མ་འདིའི་ཕྲ་རྡུལ་DNA མང་པོ་ཞིག་ད་དུང་རྒྱུ་བཞིན་ཡོད་པས། ཇི་སྲིད་ངའི་སྒྱུ་ལུས་ཀྱི་ཕུང་པོ་འདི་མ་འཇིག་བར་དུ་ངེད་མ་བུ་གཉིས་འབྲལ་མེད་དུ་འགྲོག་བཞིན་པ་ལོས་ཡིན།
མདོར་ན་སྐུ་ཚེ་ཧྲིལ་བོར་རྣམ་དཀར་དགེ་སྒྲུབ་ལ་ཅི་ནུས་སུ་འབད་པའི་བདག་གི་ཨ་མ་དྲིན་ཆེན་མ་འདི་གཉིས་ཀྱི་སྐུ་ཚེའི་ལོ་རྒྱུས་ཧ་ཅང་ཐུང་ངུ་འདི་ནི། ལོ་སྔོན་མར་ཕྲན་བུ་ཞིག་བྲིས་ཏེ་མཚམས་བཞག་ནས་དེ་རིང་བར་དུ་ལུས་འདུག་ཀྱང་། མཁའ་འགྲོ་བདེ་ཆེན་དཀར་མོས་གསུང་སྐུལ་གནང་བ་ལ་བརྟེན་ནས་མཇུག་ཡོངས་སུ་གྲུབ་པར་བྱས་པ་སྟེ། བོད་ཡུལ་གང་སར་བདག་གི་ཨ་མ་དྲིན་ཆེན་མ་ལྟ་བུའི་སྦས་པའི་ཉམས་ལེན་པ་གང་མང་ཞིག་ཡོད་པར་ཐེ་ཚོམ་ཕྲ་མོ་ཙམ་ཡང་མེད་མོད་ཀྱང་། ཉམས་ལེན་པ་འདི་དག་གི་ཁྲོད་ཀྱི་ཕལ་མོ་ཆེའི་སྐྱེས་ཁུངས་དམའ་ཞིང་རང་བཞིན་གཉོམ་པས། རང་རང་གི་ནང་མི་ཚུན་ཆད་ཀྱིས་མི་དཀྱུས་མ་ཙམ་ཞིག་ལས་ནང་གི་རྟོགས་པ་མཐོན་པོར་སོན་ཡོད་པ་ཤེས་རྒྱུ་ཧ་ཅང་དཀའ་ཞིང་། གྲུབ་རྟགས་དངོས་སུ་བསྟན་ཀྱང་ངོས་མི་ཟིན་པར་སྨྱོ་རྟགས་སུ་ངོས་འཛིན་པ་དང་། ཁོང་རྣམ་པས་ཀྱང་དུས་རྒྱུན་དམན་ས་ཤ་སྟག་བཟུང་སྟེ་བཞུགས་པས་སུས་ཀྱང་གསང་གསུམ་གྱི་ཡོན་ཏན་མི་མཐོང་བར་གྱུར་འདུག དེ་བས་བདག་གིས་རང་ཉིད་ཀྱི་ཨ་མ་དྲིན་ཆེན་མའི་ལོ་རྒྱུས་བྲིས་པ་འདི་ལ་བརྟེན་ནས། ས་གནས་གང་དུ་སྦས་པའི་ཉམས་ལེན་པ་སུ་ཞིག་བཞུགས་ཀྱང་དེ་དག་གི་རྣམ་ཐར་རྩད་གཅོད་ཀྱིས་ཡིག་ཐོག་ཏུ་འགོད་རྒྱུའི་སྐུལ་མ་ཕྲན་བུ་རེ་ཐེབས་ཀྱང་སྲིད་སྙམ་པ་ལགས་ཤིང་། མི་རིགས་ཤིག་གི་ལོ་རྒྱུས་འབྲི་བ་ལ་ཆེ་ཆེ་གཉན་གཉན་རྐྱང་རྐྱང་གི་ལོ་རྒྱུས་འབའ་ཞིག་འབྲི་རྒྱུ་མ་ཡིན་པར། བདག་གི་ཨ་མ་ལྟ་བུ་འཚོ་བའི་ཁུག་ཀྱོག་ན་བྱས་རྗེས་འོད་དུ་འཚེར་བ་འདི་རིགས་ཀྱི་ལོ་རྒྱུས་རེ་འབྲི་རྒྱུ་ཡང་ཧ་ཅང་གལ་ཆེ་བར་མཐོང་ངོ་།། །།
སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༢ ཚེས་༧ ལ་ནུབ་ཕྱོགས་ཨ་རིའི་དུས་བཞིར་མེ་ཏོག་བཞད་པའི་ཞིང་ཁམས་གསེར་ཡུལ་རོལ་དུ་གནས་བཅས་པའི་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་ནས།