ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཕྱི་ལོ་ ༡༩༦༧ ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་། ས་གནས་སུ་གཞི་རིམ་སློབ་གྲྭ་ཆ་ཚང་འགྲིམས་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་ ༡༢ ཀྱི་ཡིག་རྒྱུགས་སྟེང་བོད་པའི་སློབ་གྲྭ་ཁག་གི་རྒྱུགས་འབྲས་ཁྲོད་ཨང་རིམ་དང་པོ་སོན་ཡོད་ཅིང་། སློབ་གྲྭའི་སྐབས་ལོ་ ༣ ལྷག་གི་རིང་སྤྱི་ཁྱབ་རྒན་བདག་གནང་། ཕྱི་ལོ་ ༡༩༨༤ ནས་ ༡༩༨༨ བར་མ་དྷ་ར་སི་ཡེ་ཤུའི་མཐོ་སློབ་ནང་དཔལ་འབྱོར་རིག་པའི་ཐོག་སློབ་གཉེར་གནང་བ་མ་ཟད། སློབ་ཞོར་དུ་ས་གནས་རང་བདེན་ཚོགས་ཆུང་གསར་འཛུགས་དང་བོད་དོན་ལས་འགུལ་རིགས་མང་པོ་སྤེལ། ཕྱི་ལོ་ ༡༩༩༤ ནས་ ༡༩༩༧ བར་མདོ་སྨད་དབུས་རྒྱུན་གྱི་དྲུང་ཆེའི་ལས་འཁུར་ཞུས་ཤིང་། ཕྱི་ལོ་ ༡༩༩༦ ལོར་མདོ་སྨད་སྤྱི་འཐུས་སུ་ཐོག་མར་བདམས་ཐོན་བྱུང་སྟེ། སྐབས་བཞི་བསྟུད་མར་སྤྱི་འཐུས་སུ་འོས་འདེམས་བྱུང་བ་མ་ཟད། སྐབས་གཉིས་ལ་སྤྱི་འཐུས་ཚོགས་གཙོའི་འགན་འཁུར་ཞུས། ཕྱི་ལོ་ ༢༠༠༡ ནས་ཁྱོན་ལོ་བདུན་ལྷག་གི་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༦ ལོར་ཁོང་སྲིད་སྐྱོང་འོས་མིར་བཞེངས་ཏེ། དངོས་གཞིའི་འོས་བསྡུའི་ཁྲོད་འོས་ཤོག་ ༢༤༨༦༤ ཐོབ། ལོ་དེའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་དོན་གཅོད་དུ་བསྐོ་གཞག་བྱུང་སྟེ་ལོ་ ༡ ལྷག་རིང་འགན་འཁུར་ཞུས་ཡོད་པ་རེད།
དྷ་སར་གནས་སྡོད་དགེ་ཐོག་ཚང་ངག་དབང་ཆོས་དར།
གལ་སྲིད་སྐུ་ངོ་ལགས་སྲིད་སྐྱོང་དུ་འཁོད་སོང་ན། གཞིས་བྱེས་བོད་མི་ཡིས་སྐུ་ངོ་ལགས་ཀྱི་བཀའ་ཤག་ལ་སྤོབས་པ་དང་ཡིད་ཆེས་སྐྱེ་བའི་ཆེད་དུ་གོམ་པ་གལ་ཆེ་ཤོས་དང་པོ་གསུམ་དེ་ག་རེ་ཆགས་ཀྱི་རེད།
ལན། བཀའ་ཤག་ལ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ཡིད་ཆེས་རྙེད་དང་མ་རྙེད་ཟེར་བ་དེ། དང་པོ་ཕྱོགས་ལྷུང་རྩ་བ་ཉིད་ནས་མེད་པར་བློ་གཟུ་བོར་གནས་པའི་ཐོག་ནས་མི་དེས་ལས་ཀ་ག་རེ་བྱས་ཡོད་མེད་ཚང་མ་ཤེས་པར་བྱ་རྒྱུ་གལ་ཆེན་པོ་རེད། སྤྱི་ཚོགས་ནང་ལ་དཀྲོག་གཏམ་མང་པོ་བརྒྱབ་ཡོང་བའི་གནས་ཚུལ་ལ་གཞི་བཞག་ན། ང་ཚོའི་སྤྱི་ཚོགས་འདི་ནམ་ཡང་ལྷིང་འཇགས་ཡོང་གི་མ་རེད། གཉིས་པ་དེ་འཛིན་སྐྱོང་བཀའ་ཤག་གི་འགན་འཁྱེར་མཁན་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་ཚོར་ཡིད་ཆེས་འཕེར་དང་མ་འཕེར་ཟེར་བ་དེ་ལས་ཀ་བྱེད་སྟངས་ཀྱི་ཐོག་ནས་ཡོང་གི་ཡོད། དཔེར་ན་ང་ལྟ་བུ་ཞིག་ཡིན་ན། དམངས་གཙོའི་ལྟ་གྲུབ་རྩ་ཆེན་པོར་ངོས་འཛིན་བྱེད་མཁན་ཞིག་ཡིན། ལྷག་པར་དུ་༸སྤྱི་ནོར་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་དམངས་གཙོ་ཡི་འཕེལ་རིམ་དེ། ལོ་ ༥༠ ནང་ལ་རིམ་པ་བྱས་ནས་མི་མང་གི་གོ་རྟོགས་དང་མི་མང་གིས་འགན་འཁྱེར་རྒྱུ་དེ་ཚོ་ག་ཚོད་འཁྱེར་ཐུབ་རྒྱུ་ཡོད་མེད་ལྟ་གིན་ལྟ་གིན་བྱས་ཏེ། ཕྱི་ལོ་ ༡༩༦༠ ནས་ ༡༩༩༠ དང་། ༡༩༩༡ ནས་ ༢༠༠༡ དང་། དེ་ནས་ ༢༠༠༡ ནས་ ༢༠༡༡ དང་། ཕྱི་ལོ་ ༢༠༡༡ ནས་ད་ལྟ་བར་དུ་བཅས་རིམ་པ་བཞི་ཙམ་ཕྱིན་པ་རེད། དེར་བརྟེན་༸གོང་ས་མཆོག་ནས་ད་ལྟ་བར་དུ་དམངས་གཙོའི་འགྲོ་ལུགས་ཙོག་ཙོག་བྱས་ནས་བཟོས་གནང་པ་འདི་ཡར་རྒྱས་བཏང་མ་ཐུབ་ནའང་། མ་འཐོར་བ་བྱས་ཏེ་གནས་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་སྟབས། ང་ཚོས་ལས་ཀ་ག་རེ་བྱས་པ་ཡིན་ནའང་དེར་གཞིར་བཞག་ནས་བྱ་དགོས། དེ་ནས་དམངས་གཙོ་ཟེར་དུས་རང་བཞིན་གྱིས་ཁྲིམས་ཀྱི་དབང་བསྒྱུར་སླེབས་ཡོང་གི་ཡོད་སྟབས། ཁྲིམས་དང་སྒྲིག་གཞི་ལ་གལ་ཆེར་བརྩི་དགོས། དམངས་གཙོའི་ཀ་བ་གསུམ་གྱི་ལྗིད་སྙོམས་སྟངས་འཛིན་ཞེས་པའང་གཅིག་གིས་གཅིག་ལ་གུས་བརྩི་ཡོད་པའི་ཐོག་ནས་བྱ་དགོས། གཞན་ཡང་རང་དབང་ཅན་གྱི་སྡེ་ཚན་ཁག་དེ་ཚོ་ལ་རང་དབང་གི་ཐོག་ནས་ལས་ཀ་བྱ་ཐུབ་རྒྱུ་དང་། འཛིན་སྐྱོང་གི་ངོས་ནས་མཐུན་རྐྱེན་སྦྱར་རྒྱུ། ལས་བྱེད་ཁྲོད་དུའང་དབྱེ་བ་མེད་པར་ཚང་མའི་ཉམས་མྱོང་ཡར་སྤུངས་དགོས། གང་ཡིན་ཟེར་ན། འཛིན་སྐྱོང་བཀའ་ཤག་ལ་སྲིད་བྱུས་དང་ལས་གཞི་ག་ཚོད་ཡག་པོ་ཡོད་པ་ཡིན་ནའང་། ལས་བྱེད་ཀྱི་མཐུན་འགྱུར་མེད་ན་ཡོང་རྒྱུ་ཡོད་པ་མ་རེད། དེ་ལས་གལ་ཆེ་བ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བསམ་ཚུལ་གང་འདྲ་ཞིག་འབྱུང་གི་ཡོད་ནའང་། དེ་ཚོ་ཚང་མ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་བྱེད་ཐུབ་ཐབས་བྱེད་དགོས། གང་ལྟར་ང་ཚོས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་མི་མང་ལ་འགན་ཁྱེར་བ་ཡིན་ན། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་འཛིན་སྐྱོང་བཀའ་ཤག་ལ་ཡིད་ཆེས་མི་བྱེད་པའི་གནས་སྟངས་རྩ་བ་ཉིད་ནས་ཆགས་ཀྱི་མ་རེད། ཁྱེད་རང་ཚོས་ང་ལ་ཡིད་ཆེས་བྱས་ནས་བདམས་པ་ཡིན་ན། ངའི་ངོས་ནས་དེ་འདྲ་དང་འདི་འདྲ་བྱེད་ཀྱི་ཡིན་ཟེར་བ་ཚང་མ་ལྷག་བསམ་རྣམ་དག་གི་སྒོ་ནས་བཤད་ཀྱི་ཡོད་རེད་མ་གཏོགས། དེའི་ནང་སྤེན་པ་ཚེ་རིང་གིས་བཤད་པའི་སྐད་ཆ་འདི་ཧམ་པ་དང་རྫུན་མ་རེད་འདུག འདི་དངོས་ཡོད་གནས་ཚུལ་དང་འཚམ་གྱི་མི་འདུག བྱ་མ་ཐུབ་པ་དེ་འདྲ་ཁས་ལེན་བྱེད་ཀྱི་འདུག་ཟེར་རྒྱུ་དེ་འདྲ་ཡོད་པ་ཡིན་ན་གནས་ཚུལ་ཁ་ཁ་རེད། ངས་ད་བར་བཤད་པ་རྣམས་དངོས་ཡོད་གནས་ཚུལ་དང་མཐུན་པ། ངོ་དགའ་ཕྱོགས་ལྷུང་མེད་པར་དྲང་བདེན་གྱི་སྒོ་ནས་ལས་ཀ་བྱེད་ཀྱི་ཡིན་ཞེས་བཤད་ཡོད། དེ་ལྟར་འགྲུབ་པ་ལ་བོད་ཕྱི་ནང་གཉིས་ཀྱི་ནུས་པ་མཉམ་སྤུངས་བྱེད་དགོས་ཀྱི་རེད་ལ། ང་ཚོ་བོད་ཕྱི་ལོགས་ལ་ཡོད་པའི་སྤྱི་ཚོགས་དང་སྒྲིག་འཛུགས། གང་ཟག་སོགས་མང་པོ་ཞིག་གི་ཐོག་ནས་ནུས་པ་མཉམ་སྤུངས་བྱེད་དགོས་ཀྱི་རེད། དེ་ནས་གོམ་པ་མདུན་སྤོས་བརྒྱབ་ཀྱི་ཡིན་ཞེས་ངའི་བསྒྲགས་ཚིག་གསུམ་དེ་ལ་གཞིར་བཟུང་སྟེ། ཁྱེད་རང་ཚོས་ང་ལ་འགན་བསྐུར་པ་ཡིན་ན་ངས་གང་བཤད་པ་རྣམས་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་བསྟར་རྒྱུ་ཡིན་སྟབས། ཡིད་ཆེས་མ་འཕེར་རྒྱུ་རྩ་བ་ཉིད་ནས་མེད། ཡིད་ཆེས་འཕེར་བ་བཟོ་ཐུབ་ཀྱི་རེད། ང་ཚོ་བོད་ཕྱི་ནང་གཉིས་ཀྱིས་ནུས་པ་མཉམ་སྤུངས་བྱེད་ཐུབ་ཀྱི་རེད། བཙན་བྱོལ་ནང་ལ་ང་ཚོར་ད་ལྟ་ཕྲ་ལ་ཕྲན་བུ་གནས་ཚུལ་ཡོད་པ་དེ་དག་རྩ་བ་ནས་མེད་པར་བཟོ་ཐུབ་ཀྱི་རེད་ཟེར་ན་ཧམ་པ་རེད་དེ། ཞེ་དྲགས་ཉུང་དུ་གཏང་ཐུབ་ཀྱི་རེད་ཞུ་རྒྱུ་ཡིན།
དུས་བབ་གསར་འགོད་པ།
ཚོགས་ཟུར་ལགས་ཀྱི་སྲིད་བྱུས་བསྒྲགས་གཏམ་དང་གཏམ་བཤད་ཁག་ནང་། གལ་སྲིད་སྲིད་སྐྱོང་དུ་བསྐོས་ན། བཀའ་བློན་བདུན་ཀ་བསྐོ་གཞག་གནང་རྒྱུ་ཡིན་པ་དང་། དེའི་ནང་ནས་ཀྱང་ཉུང་མཐར་བུད་མེད་བཀའ་བློན་གསུམ་བསྐོ་གཞག་གནང་རྒྱུ་ཡིན་ཞེས་གསུངས་འདུག འདས་པའི་བཀའ་ཤག་རིམ་པའི་ནང་གྲོས་ཚོགས་ནས་རྒྱབ་སྐྱོར་མ་ཐོབ་པའི་དབང་གིས་བཀའ་བློན་བདུན་ཀ་བསྐོས་མ་ཐུབ་པའི་གནས་སྟངས་བྱུང་བ་རེད། གལ་སྲིད་ཚོགས་ཟུར་ལགས་ཀྱི་སྐབས་སུ་དེ་འདྲ་ཞིག་བྱུང་བ་ཡིན་ན། གང་འདྲ་གནང་རྩིས་ཡོད།
ལན། རྩ་བའི་ང་ཚོ་བཙན་བྱོལ་སྒྲིག་འཛུགས་གཅིག་པུར་ཆ་འཇོག་གི་ཡོད་ན། མི་འབུམ་གཅིག་དང་ཁྲི་བཞི་ཙམ་གྱི་འགན་འཁུར་དགོས་ཀྱི་ཡོད་པ་དེ་ཆེན་པོ་གང་ཡང་མ་རེད། ང་ཚོའི་མི་འབོར་གྱི་ཐོག་ལ་ཆ་བཞག་ན། རྒྱ་གར་གྱི་རྫོང་གཅིག་གི་ Panchayat (གྲོང་སྡེ་ལྷན་ཚོགས་)གྲོང་གསེབ་ཀྱི་ལས་ཁུངས་གཅིག་དང་འདྲ་བོ་ཆགས་ཡོད། ཡིན་ནའང་འཐབ་རྩོད་ཀྱི་ངོ་བོའི་ཐོག་ནས་བཤད་ན། བོད་ནང་ལོགས་ཀྱི་བོད་མི་ཚོར་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་ང་ཚོས་སྙོབ་ཐབས་སོགས་ཚང་མར་བསམ་བློ་གཏོང་དགོས་ཀྱི་ཡོད་སྟབས། ང་ཚོ་སྤྱི་འཐུས་ཡིན་དུས་བཀའ་བློན་བདུན་བཟོས་དགོས་དོན་དེ། ལྷན་ཁང་བདུན་གྱི་བཀའ་བློན་བདུན་སོ་སོས་རང་གི་ལྷན་ཁང་གི་ལས་དོན་ཏག་ཏག་འཁྱེར་ཐུབ་ཆེད་བཟོས་པ་རེད། དེར་བརྟེན་ངས་བཀའ་བློན་བདུན་ཆ་ཚང་གི་འོས་མི་འདོན་གྱི་ཡིན། གྲོས་ཚོགས་ཀྱིས་དེ་ལ་མོས་མཐུན་གནང་མིན་དེ་དཔེར་ན་ངས་སྤྱི་འཐུས་སྐབས་བཞི་བྱེད་རིང་ལོ་ ༢༠ ནང་ལ། འོས་མི་སུ་བཏོན་པ་ཡིན་ནའང་ངས་རྒྱབ་སྐྱོར་བྱས་ཡོད། སོ་སོའི་འདོད་པ་ལ་ལྟ་ཡི་མེད། གང་ཡིན་ཟེར་ན། སྲིད་སྐྱོང་འདི་མི་མང་གིས་བདམས་པའི་མགོ་འཁྲིད་ཅིག་རེད། སྲིད་སྐྱོང་གིས་ང་ལ་ལས་ཀ་དེ་དག་བྱ་ཆེད་ང་ལ་རོགས་པ་འདི་འདྲ་དགོས་ཀྱི་འདུག་ཅེས་བཀའ་བློན་ལས་རོགས་ཀྱི་འོས་མི་འདོན་གྱི་ཡོད་པ་རེད། བཀའ་བློན་ལས་རོགས་དེ་སྲིད་སྐྱོང་གིས་དགོས་ཀྱི་འདུག་ཟེར་རྒྱུ་དེ་ཕུལ་མ་ཐུབ་པ་ཡིན་ན། མ་འོངས་པར་ཁྱེད་རང་གིས་ལས་དོན་བསྒྲུབས་མ་སོང་ཞེས་ལབ་ཁག་པོ་རེད། སོ་སོའི་འདོད་པ་ཡོད་པའི་མི་དེ་བསྐོ་མ་བཅུག་པ་རེད། ལས་འགན་གྱི་ཆ་ནས་བཤད་པ་ཡིན་ན། བཀའ་ཤག་གིས་གྲོས་ཚོགས་ལ་བཀའ་བློན་འོས་མིའི་མིང་སྤྱན་འབུལ་ཞུ་དགོས་པ་རེད། སྤྱན་འབུལ་ཞུས་ནས་གྲོས་ཚོགས་འཐུས་མི་རྣམ་པས་དེ་ལ་འོས་འདེམས་བྱེད་དགོས་ཀྱི་ཡོད། སྔོན་མར་ང་ལ་སྐད་ཆ་དྲི་མཁན་བྱུང་སོང་། དེར་ངས་རྩེད་མོ་དང་མཉམ་དུ། གལ་སྲིད་སྲིད་སྐྱོང་གིས་འོས་མི་བཏོན་པ་དེར་གྲོས་ཚོགས་ཀྱིས་གཅིག་ལའང་མོས་མཐུན་མ་གནང་བ་ལྟ་བུ་བྱུང་ན། འཛིན་སྐྱོང་རང་གི་ལས་དོན་སྒང་ལ་ཁྱད་པར་ཤུགས་ཆེན་པོ་དེ་ཙམ་འགྲོ་ཡི་མ་རེད། ང་ཚོའི་སྒྲིག་འཛུགས་ཀྱི་རྒྱ་ཆེ་ཆུང་གི་ངོ་བོའི་ཐོག་ནས་སྲིད་སྐྱོང་གཅིག་པུས་འགན་འཁུར་མ་ཐུབ་པ་དེ་འདྲ་གང་ཡང་ཡོད་པ་མ་རེད། གཙོ་བོ་གྲོས་ཚོགས་ལ་ཚད་དང་ལྡན་པའི་ལན་འདེབས་ཞུ་དགོས་ཀྱི་ཡོད་རེད། དེར་བརྟེན། ངས་རེ་བ་ག་རེ་ཞུ་ཡི་ཡོད་ཟེར་ན། མི་གང་འདྲ་ཞིག་སླེབས་པ་ཡིན་ནའང་། མི་དེའི་རྒྱབ་ལྗོངས་ཀྱི་གནས་སྟངས་ཀྱི་ཐོག་ནས་བོད་སྤྱི་པར་ལ་ཞབས་ཕྱི་ཞུ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ན་མ་གཏོགས། གཞན་གང་ཟག་ལ་དགའ་མི་དགའ་དང་ཕྱོགས་ལྷུང་གི་གནས་སྟངས་ཀྱི་འོག་ནས་རྒྱབ་སྐྱོར་མ་བྱས་ན། བོད་སྤྱི་པ་ལ་གྱོང་རག་རྒྱུ་རེད་མ་གཏོགས་སྲིད་སྐྱོང་གཅིག་པུ་ལ་གྱོང་རག་རྒྱུ་ཡོད་པ་མ་རེད། དེར་བརྟེན་རྩ་བས་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་མི་འདུག་སྟེ། ང་རང་གི་ད་བར་དུ་བསམ་བློ་གཏོང་སྟངས་དེ་འདྲ་ཞིག་ཡིན། མ་འོངས་པར་དེ་འདྲའི་དཀའ་ངལ་འཕྲད་ན། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ལ་དཀའ་ངལ་དུས་ནམ་ཡང་འཕྲད་ཀྱི་མ་རེད།
ཐའེ་ཝན་དུ་གནས་སྡོད་བསྟན་འཛིན་རྣམ་དག
ཐའེ་ཝན་འདི་ཆབ་སྲིད་དང་ཆོས་དང་རིག་གཞུང་། གོམས་གཤིས་བཅས་ཀྱི་ཐོག་ནས་རྒྱ་ནག་སྐམ་ས་ཆེན་མོ་དང་འབྲེལ་བ་ཟབ་པོ་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་རང་གི་སྐབས་སུ་བབ་པའི་ལངས་ཕྱོགས་དབུ་མའི་ལམ་གྱི་སྐོར་ལ། ཐའེ་ཝན་གྱི་གཞུང་དང་མི་མང་ལ་ངོ་སྤྲོད་དང་དྲིལ་བསྒྲགས་བྱེད་ཕྱོགས་ཐད་ལ་འཆར་གཞི་དང་ལམ་སྟོན་ག་རེ་ཡོད་མེད་ཅིག་གསུང་རོགས།
ལན། ཐའེ་ཝན་ནང་བར་སྐབས་ནས་ང་ཚོའི་ཆོས་དང་རིག་གཞུང་དང་འབྲེལ་བའི་སྒྲིག་འཛུགས་ཤིག་ཆེད་མངགས་བཙུགས་ནས་བཞག་ཡོད་པ་རེད། དེའི་ནང་སྔ་རྗེས་ཀྱི་དོན་གཅོད་ཁག་འགའ་ཤས་ཤིག་གིས་ཕྱག་ལས་གནང་བ་རེད། ད་ལྟ་ཟླ་བ་ཚེ་རིང་ལགས་ཕལ་ཆེར་ལོ་བདུན་བརྒྱད་འགྲོ་ཡི་ཡོད་པ་རེད། ང་རང་སྔོན་མ་ཐའེ་ཝན་ལ་བཅར་རྒྱུའི་གོ་སྐབས་བྱུང་བ་རེད། དེར་སླེབས་པའི་སྐབས་ལ་དུས་རྒྱུན་ང་ཚོ་རྒྱ་གར་ནང་བསྡད་ནས་རྒྱ་ནག་ལ་སྒེའུ་ཁུང་གཅིག་ནས་ལྟ་སྡོད་ཀྱི་ཡོད་པ་རེད། ཐའེ་ཝན་ནས་བལྟས་ཡོང་དུས། རྒྱ་ནག་ལ་སྒེའུ་ཁུང་གཞན་པ་ཞིག་ནས་ཕར་བལྟས་བསྡད་པའི་བཟོ་འདྲ་བོའི་ཚོར་བ་བྱུང་། རྒྱ་ནག་དང་ཐའེ་ཝན་དབར་གྱི་འབྲེལ་བ་དེ་བཟང་དུ་འགྲོ་ཡི་ཡོད་པའི་བཟོ་ལྟ་བུ་དང་སྐྱོ་རུ་འགྲོ་ཡི་ཡོད་པའི་བཟོ་ལྟ་བུ་རེད། ད་ལྟའི་གནས་སྟངས་ལྟ་བུ་ཡིན་ན། རྒྱ་ནག་ལ་འབྲེལ་བ་ཤུགས་ཆེ་བ་དང་ཉེ་བའི་ཆབ་སྲིད་ཚོགས་པ་དེ་ཚོ་བསླེབས་པའི་སྐབས་ཀྱི་འབྲེལ་བ་དང་། ད་ལྟའི་དམངས་གཙོ་ཚོགས་པ་ DPP (དམངས་གཙོ་ཡར་ཐོན་ཚོགས་པ་)ཡི་གཞུང་འཛིན་དབར་གྱི་འབྲེལ་བ་ལ་ཁྱད་པར་ཤུགས་ཆེན་པོ་ཡོད་པ་རེད། ངས་ཟེར་རྒྱུ་གཅིག་དེ། ང་ཚོས་ད་བར་རྒྱ་ནག་ལ་ཕར་བོད་རྒྱ་འབྲེལ་མོལ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐོག་ལ་འབྲེལ་བ་ཞུ་དགོས་པ་ཆ་ཚང་ཞུས་པ་རེད། དེ་ཡང་༸སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་འོག་ནས་བརྟན་པོ་བྱས་ནས་བསྡད་པ་རེད། ཡིན་ནའང་དེ་ལ་ཡ་ལན་ཚད་དང་ལྡན་པ་ཞིག་མ་གནང་བ་ཡིན་ན། བོད་མི་ཚོས་དབུ་མའི་ལམ་ལ་ཡ་ལན་ཚད་ལྡན་ཞིག་ཡོང་གི་མེད་པའི་རྒྱུ་མཚན་ལ་བརྟེན་ནས་རང་བཞིན་གྱིས་གདམ་ཀ་གཞན་ཐོག་ལ་འགྲོ་ཡི་ཡོད། དཔེར་ན་ང་ཚོར་དཀའ་ངལ་ཆེ་ཤོས་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཟེར་ན། དུས་ཚོད་ཀྱི་དཀའ་ངལ་ཆགས་ཀྱི་ཡོད་པ་རེད། འདས་པའི་ལོ་དྲུག་ཅུའི་ནང་བོད་རྒྱ་ཡུལ་ལ་བསྒྱུར་ཆེད་རྒྱ་ནག་གིས་སྲིད་བྱུས་ག་རེ་བཟུང་ཡོད་མེད་དང་། དེ་འདྲའི་སྲིད་བྱུས་འཛིན་སྟངས་ཀྱི་ཐོག་ནས་ད་ལྟ་ནས་བརྩིས་པའི་ལོ་བཅུ་ཉི་ཤུ། སུམ་ཅུའི་ནང་ལོགས་ལ་ང་ཚོའི་གནས་སྟངས་གང་འདྲ་ཆགས་མིན་དེ་ལ་ང་ཚོས་ཞིབ་འཇུག་ཚད་ལྡན་ཞིག་བྱེད་དགོས་ཀྱི་ཡོད་པ་རེད། དེར་གཞི་བཅོལ་ནས་བོད་ནང་ལོགས་སུ་ཡོད་པའི་བོད་མི་དང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོའི་རེ་བ་དེ་གང་ཆགས་མིན་དང་། ང་ཚོ་འུ་ཐུག་མ་ཐུག་གི་གནས་སྟངས་རེད་མ་གཏོགས། དཔེར་ན་འདས་པའི་ལོ་རྒྱུས་ནང་ལ་བོད་པ་ཙམ་དུ་མ་ཡིན་པར། ཡུ་གུར་དང་སོག་པོ། ཐའེ་ཝན། ཧོང་ཀོང་བཅས་ཚང་མས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་མཉམ་སྤུངས་བྱས་ན་ཞེས་པའི་སྐད་ཆ་མང་པོ་བྱུང་བ་རེད། ཡིན་ནའང་།
ད་ལྟ་བར་དུ་སོ་སོའི་འཐབ་རྩོད་ཀྱི་ངོ་བོའི་ཐོག་ནས་བསྡད་ཡོད་པ་རེད། དེར་བརྟེན་མ་འོངས་པར་གནས་སྟངས་སྡུག་པོ་ཆགས་པ་ཡིན་ན། མཉམ་སྤུངས་བྱ་རྒྱུའི་གནས་སྟངས་ཡོང་མི་སྲིད་པ་མིན་སྟབས། ད་ལྟ་ནས་ཐའེ་ཝན་མཉམ་དུ་འབྲེལ་བ་གཏིང་ཟབ་པ་ཡོང་སྲིད་པ་རེད་བསམ་གྱི་འདུག དེ་མ་གཏོགས་ཆེད་མངགས་ང་ཚོས་ཐའེ་ཝན་དང་ང་ཚོའི་གནས་སྟངས་གཉིས་སྦྱར་ནས། དཔེར་ན་སྔོན་མ་རྒྱ་ནག་གཞུང་གིས་ཆ་རྐྱེན་གསར་པ་ལྟ་བུ་ཞིག་བཞག་སྟེ། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་གསུང་དགོས་རེད་ཅེས་པ་དེ་ཚོ་ང་ཚོར་ཇུས་གཏོགས་ཡོད་པ་མ་རེད། ཐའེ་ཝན་གྱི་གནས་སྟངས་མི་འདྲ་བ་ཞིག་རེད། གཙོ་བོ་ཐའེ་ཝན་ནང་ལོགས་ལ་སོ་སོའི་ས་གནས་ཀྱི་གདོད་མའི་མི་རིགས་ཡོད་པ་རེད། ཡིན་ནའང་། དམར་ཤོག་དང་སྔོན་གྱི་རྒྱལ་ཞེན་གྱི་ Nationalist Movement ལྟ་བུའི་ཅང་ཀེ་ཤེག་གིས་སྣེ་ཁྲིད་པའི་གཞུང་དེ་ཚོས་དབང་ཆ་འཐབ་རྩོད་བྱས་རྐྱེན་ཅང་ཀེ་ཤེག་ཐའེ་ཝན་ལ་བྲོས་དགོས་བྱུང་བ་རེད། དེའི་མཉམ་དུ་རྒྱ་རིགས་མང་པོ་ཕྱིན་རྗེས་དེར་ཡོད་པའི་གདོད་མའི་མི་རིགས་དེ་གྲངས་ཉུང་བཟོས་པ་རེད། དེར་བརྟེན་ཐའེ་ཝན་གྱི་མི་རིགས་དེ་དག་གཙོ་བོ་རྒྱ་རིགས་རང་ཆགས་བསྡད་པ་རེད། ང་ཚོ་བོད་པ་དེ་ཚོ་བོད་མི་རིགས་རང་རེད། ཐའེ་ཝན་དང་ཧོང་ཀོང་།
མེ་ཁའོ་བཅས་ཀྱི་གནས་སྟངས་དང་ང་ཚོ་བོད་ཀྱི་གནས་སྟངས། དེ་བཞིན་ཡུ་གུར་དང་སོག་པོའི་གནས་སྟངས་ལ་ཕྲན་བུའི་ཁྱད་པར་ཡོད་པ་ང་ཚོས་ཤེས་དགོས་ཀྱི་རེད་ལ། ཡང་གལ་སྲིད་དགོས་མཁོ་བྱུང་བ་ཡིན་ན། ནུས་པ་མཉམ་སྤུངས་བྱེད་དགོས་པ་དེ་ཡང་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ཐའེ་ཝན་མཉམ་དུ་ང་ཚོས་མུ་མཐུད་ནས་འབྲེལ་བ་བཞག་རྒྱུ་དང་། ལྷག་པར་དུ་ནང་ཆོས་ཀྱི་ཐོག་ནས་ཐའེ་ཝན་ཙམ་དུ་མ་ཟད། རྒྱ་ནག་དང་ཀོ་རི་ཡ། ཉི་ཧོང་། ཝི་ཐི་ནམ་བཅས་ཚང་མ་ང་ཚོའི་གཞུང་ལུགས་སཾཀྲི་ཏ་གཅིག་པ་ཡིན་པའི་ཆ་ནས། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྔོན་མ་ཆིབས་བསྒྱུར་གནང་པའི་སྐབས་ལའང་ཐའེ་ཝན་མི་མང་ཚོའི་དད་པ་བྱེད་སྟངས་ཧང་སང་དགོས་པ་རེད་འདུག དེར་བརྟེན་དེ་ཚོའི་གྲས་ལ་ང་ཚོས་ངོས་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། ཡིན་ནའང། ཆབ་སྲིད་ཀྱི་གནད་འགག་སྒང་ལ་ང་ཚོས་ལྟ་གིན་ལྟ་གིན་བྱེད་དགོས་པ་ཞིག་རེད།
དུས་བབ་གསར་འགོད་པ།
ཚོགས་ཟུར་ལགས་ཀྱི་བོད་དོན་འཐབ་རྩོད་དང་འབྲེལ་བའི་སྲིད་བྱུས་བསྒྲགས་གཏམ་ནང་། དུས་ཐུང་། དུས་འབྲིང་། དུས་རིང་ལབ་ནས་དུས་ཡུན་གསུམ་ལྟ་བུ་བགོ་བཤའ་བརྒྱབ་འདུག དུས་རིང་ནང་གི་མང་ཚོགས་ནས་ཕྱི་འབྲེལ་འཛུགས་ཐབས་ཞེས་པའི་ནང་མི་མང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་སྒེར་དེ་ཚོ་ལ་རྒྱ་རིགས་མི་མང་དང་རྒྱ་ཁྱབ་ཏུ་འབྲེལ་གཏུག་བྱ་རྒྱུའི་སྐུལ་འདེད་གནང་གི་ཡིན་ཞེས་གསུངས་འདུག གལ་ཏེ་དེ་འདྲའི་དབང་དུ་བཏང་ན། རྗེས་ཕྱོགས་གཞུང་འབྲེལ་རང་གི་ཕྱི་འབྲེལ་གྱི་ཐབས་བྱུས་དང་མི་མང་གི་ཐབས་བྱུས་བར་ལ་འགལ་ཟླའམ། ཡང་ན་བར་ཐག་འབྱུང་རྒྱུའི་ཉེན་ཁ་ལྟ་བུ་གཟིགས་ཀྱི་མེད་དམ།
ལན། འདས་པའི་ལོ་ ༦༠ རིང་གཙོ་བོ་༸སྤྱི་ནོར་གོང་ས་སྐྱབས་མགོན་རིིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་ང་ཚོའི་གནས་ཡུལ་རྒྱལ་ཁབ་དང་རོགས་ཚོགས་མང་པོ་ཞིག་གིས་རྒྱབ་སྐྱོར་བྱས་ནས། ང་ཚོ་བཙན་བྱོལ་ནང་ཡོད་མཁན་བོད་མི་དེ་ཚོ་ལ་ཤེས་བྱ་མི་ཉུང་བ་ཞིག་རག་བསྡད་ཡོད། བོད་ནང་ལོགས་ཀྱི་བོད་མི་ཚོའི་གནང་སྟངས་ལ་དངོས་གནས་དྲང་གནས་ཧང་སང་རྒྱུ་རེད། ཁོང་ཚོའི་གནང་ཕྱོགས་རེ་རེ་ལ་བསམ་བློ་གཏོང་དུས་གནས་སྟངས་དཀའ་ངལ་ཆེན་པོ་དེ་འདྲ་ཞིག་གི་འོག་ལ། སོ་སོའི་སྲོག་ལ་ཉེན་ཁ་ཡོད་ནའང་འཛེམ་ཟོན་མེད་པར་སོ་སོའི་བྱ་དགོས་རྒྱུ་ཚང་མ་བྱས་བསྡད་ཡོད་པ་རེད། སྔོན་མ་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་ལ་ཡོད་པའི་བོད་མི་ཚོའི་སྐུ་ཚབ་མཚོན་ཐུབ་པ་བྱེད་དགོས་ཀྱི་རེད་ཅེས་གསུངས་པ་དེ་རེད། དཔེར་ན་ཨ་རི་དང་ཁེ་ན་ཌའི་ནང་མི་གཅིག་སྟོང་སྤོ་རྒྱུ་དེ་ཚོ་དང་། དེ་བཞིན་ཡུ་རོབ་ཀྱི་ཌེན་མག་དང་ནོར་ཝེ། སི་ཝེ་ཌན། སུད་སི། ཧྥ་རན་སི་བཅས་ནང་སྤོས་པའི་དགོངས་པ་གང་རེད་ཟེར་ན། བོད་པ་རྣམས་ཕྱིའི་རྒྱལ་ཁབ་ལ་སྤོས་ནས་བོད་མིའི་སྐུ་ཚབ་མཚོན་ཐུབ་པ་བྱེད་དགོས་ཀྱི་རེད་གསུང་རྒྱུ་དེ་རེད། གཙོ་བོ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་འདིའི་ནང་ལ་བོད་པའི་གནས་ཚུལ་དེ་སྒང་ལ་བཏེགས་བསྡད་པ་འདྲ་བོ་ཆགས་བསྡད་ཡོད་པ་རེད། ང་ཚོ་འདིར་སླེབས་པའི་སྐབས་ལ་གནས་སྟངས་དཀའ་ངལ་ཆེན་པོའི་འོག་ནས་སྤྱི་ཚོགས་གཞི་ནས་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད་དུས། ཤེས་ཡོན་དང་མཐོང་རྒྱ་ཐོས་རྒྱས་མ་འདང་བ། སོ་སོའི་འཚོ་བ་ལ་དུས་ཚོད་སྐྱེལ་དགོས་པ་སོགས་མང་པོའི་རྐྱེན་པས། མི་རབས་རྒན་པ་ཚོ་ཐུགས་ཁག་ཡོད་པ་མ་རེད། ཁོང་ཚོའི་བསམ་བློའི་ནང་ང་ཚོ་བཙན་བྱོལ་ལ་ལོ་འདི་ཙམ་མང་པོ་བསྡད་དགོས་ཐུག་གི་བསམ་པ་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད།
ད་ལྟ་ང་ལྟ་བུ་ལོ་ན་ ༥༦ སོན་བསྡད་པའི་མི་རབས་ཚོ་ཡིན་ནའང་། ཤེས་ཡོན་ཞིག་རག་ནས་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དཔོན་རིགས་གང་འདྲ་ཞིག་དང་ཐུག་ནས་བཀའ་མོལ་ཞུ་དགོས་ཀྱང་ཞུ་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་གཞོན་སྐྱེས་ཚོས་བོད་ལོ་རྒྱུས་ཀྱི་ཐོག་དང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་སོགས་བོད་དོན་སྐོར་ཆ་ཚང་རྒྱུས་ལོན་ཐུབ་དགོས། དེ་བཞིན་ང་ཚོས་གཞོན་སྐྱེས་ཚོ་ལ་ང་ཚོས་རྒྱལ་སྤྱིའི་ཐོག་རེ་བ་ག་རེ་འདོན་གྱི་ཡོད་མེད་ཚང་མ་ཁ་གསལ་པོ་ངོ་སྤྲོད་བྱས་ན། ང་ཚོའི་ཆབ་སྲིད་ཀྱི་ལས་འགུལ་དེ་ཁ་ཕྱོགས་གཅིག་གི་སྒང་ལ་འགྲོ་ཐུབ་རྒྱུ་དང་། དེའི་སྒང་ལ་བོད་པ་དེ་ཚོ་འཛམ་གླིང་གི་ལུང་པ་ ༣༧ ནང་སླེབས་ཏེ་མང་ཆེ་བ་ཞིག་ལུང་པ་དེའི་མི་སེར་ཆགས་བསྡད་ཡོད་སྟབས། དམངས་གཙོའི་འགྲོ་ལུགས་གཞིར་བཟུང་གིས་འོས་བླུག་རྒྱུའི་ཐོབ་ཐང་ཡོད་ལ། སོ་སོས་འོས་བླུག་ས་དེར་བོད་དོན་གླེང་རྒྱུ་དང་། བོད་དོན་སྐོར་ལ་ཤུགས་རྒྱག་རྒྱུའི་རེ་སྐུལ་ཞུ་རྒྱུའི་རང་དབང་ཡོད་པ་རེད། དཔེར་ན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་ལྟར་བྱས་ནས། ད་ལྟ་བར་དུ་ང་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མགོ་འཁྲིད་མི་སྣ་ཚོ་ལ་བོད་དོན་སྐོར་ལ་འགྲེལ་བཤད་བརྒྱབ་ཐུབ་པ་བྱུང་ཡོད། གཞོན་སྐྱེས་སོ་སོར་བཟང་ངན་གྱི་དབྱེ་བ་འབྱེད་ཐུབ་པའི་བློ་དགོས་ཀྱི་འདུག་ཟེར་བ་དེ་རེད། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་འབུལ་དགོས་པའི་ཡོ་བྱད་ལྟ་བུ་ཆ་ཚང་ཕུལ་ན། ཁོང་རང་ཚོས་ག་རེ་བྱས་པ་ཡིན་ན་ང་ཚོའི་ཁ་ཕྱོགས་གཉིས་ལ་འགྱུར་གྱི་མ་རེད། ཡང་གལ་ཏེ་ཁྱེད་རང་གི་དྲི་བ་དེ་རང་བཙན་དབུ་མའི་ཐོག་ནས་བཤད་ཀྱི་ཡོད་ན་གནས་ཚུལ་ཁ་ཁ་རེད། དེ་ངས་ག་དུས་ཡིན་ནའང་ཞུ་ཡི་ཡོད། རང་བཙན་དབུ་མ་ཟེར་བ་དེ་ང་ཚོའི་སྲིད་བྱུས་ལངས་ཕྱོགས་དམངས་གཙོ་རེད། ཡོད་ཆོག་གི་རེད་ལ་ཡོད་དགོས་ཀྱི་རེད། འོན་ཀྱང་། ང་ཚོའི་ནུས་ཤུགས་དེ་ཆ་ཚང་ཞིག་རྒྱ་ནག་ལ་ཕར་ཁ་གཏད་དགོས་ཀྱི་རེད་མ་གཏོགས། ང་ཚོ་ནང་ཁུལ་ལ་རྩོད་པ་རྒྱག་པའི་ཆེད་དུ་ལྟ་བ་ལངས་ཕྱོགས་མི་འདྲ་ཟེར་ན་ཕན་རྒྱུ་གང་ཡང་ཡོད་པ་མ་རེད།
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས་ནུབ་ཕྱོགས་ལ་ཡོད་པའི་བོད་པ་དེ་ཚོས་དཔྱ་ཁྲལ་ལག་དེབ་འབུལ་ཐབས་ཐོག་ལེགས་བཅོས་དང་། སྔར་ལས་མི་མང་ཙམ་གྱིས་དཔྱ་ཁྲལ་འབུལ་ཐུབ་པའི་ཐོག་ལ་དམིགས་བསལ་གྱི་ལས་འཆར་གང་ཡོད།
ལན། དེ་སྔ་ང་ཚོས་ཕྱི་རྒྱལ་ཁག་ནང་དཔྱ་ཁྲལ་འབུལ་ཐབས་ཐད་ལ་བཀའ་མོལ་མང་པོ་བྱུང་ཡོད་ལ། སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་བོད་མི་མང་པོས་དཔྱ་ཁྲལ་འབུལ་ཆེད། ༢༠༠༨ ལོ་བར་དཔྱ་ཁྲལ་ཆག་ཡང་བཏང་བ་དང་། ལོ་རེ་རེར་འབུལ་ཆད་བྱུང་ན་ཉེས་ཆད་གཏོང་རྒྱུ་སོགས་བཟོས་ཏེ། གང་ལ་གང་འཚམ་ཡར་རྒྱས་ཕྱིན་པ་རེད། ཡིན་ནའང་། ག་ཚོད་ཀྱིས་སྤྲད་ཀྱི་ཡོད་མེད་ཀྱི་གནད་འགག་དེ་གང་ལ་ཐུག་གི་ཡོད་ཅེ་ན། ང་ཚོགས་གཙོ་ཡིན་པའི་སྐབས་ལ་ང་ཚོས་ཚོགས་ཆུང་བཙུགས་ཏེ་དེང་སང་གི་དུས་ཚོད་ལ་བྱང་ཨ་མེ་རི་ཁའི་ནང་བོད་པ་ ༢༢༠༠༠ ཆགས་ཀྱི་འདུག ང་ཚོའི་སྤྱི་འཐུས་ཀྱི་གྲུབ་ཆ་ཡིན་ནའང་རྒྱ་བལ་འབྲུག་གསུམ་ནས་ཆོལ་ཁ་རེར་འཐུས་མི་ ༡༠ རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་ ༢ རེ། སྐབས་དེར་ཡུ་རོབ་ནང་བོད་མི་མང་བ་ཡོད་པའི་རྒྱུ་མཚན་གྱིས་ཡུ་རོབ་ནས་གཉིས་བཟོས་པ་རེད། ཕྱི་ལོ་ ༡༩༩༡ ལ་ཨ་རིའི་ནང་ང་ཚོའི་མི་ ༡༠༠༠ དེ་གཞིས་སྤོས་བྱས་པའི་ཐོག་ཕྱིས་སུ་མང་དུ་ཕྱིན་པའི་རྐྱེན་གྱིས། སྤྱི་འཐུས་མང་དུ་གཏོང་ཐབས་ཐད་ཚོགས་ཆུང་ཞིག་བསྐོས་པ་རེད། དེ་དུས་བྱང་ཨ་རིའི་ནང་བོད་པ་ཉིས་ཁྲི་བརྒལ་བའི་དབང་དུ་བཏང་ནའང་། དཔྱ་ཁྲལ་འབུལ་མཁན་དཔེ་ཉུང་ཉུང་ཡིན་པ་དང་། གལ་ཏེ་དཔྱ་ཁྲལ་འབུལ་མཁན་དེ་ཙམ་མ་གཏོགས་མེད་པ་ཡིན་ན། ཞབས་བཀྱག་མང་པོ་ག་རེ་བྱས་ནས་སྤྲོད་དགོས་ཀྱི་ཡོད་པ་རེད་ཅེས་བརྗོད་པ་རེད། ང་བྱང་ཨ་རིའི་དོན་གཅོད་ཡིན་པའི་སྐབས་སུ་མི་འབོར་ལེན་ཐབས་བྱས་པ་རེད། ཡིན་ནའང་དེ་ཚད་དང་ལྡན་པ་བྱུང་མེད། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་འཆར་འགོད་འོག་སྲིད་བྱུས་ཉམས་ཞིབ་ཁང་གིས་ཕྱག་དཔེ་ཞིག་བཏོན་པའི་ནང་། བྱང་ཨ་རིའི་ནང་བོད་མི་སྟོང་ཕྲག་ ༣༦ ལྷག་དང་། ཡུ་རོབ་དང་ཨོ་གླིང་ཁུལ་དུ་སྟོང་ཕྲག་ ༢༦ ཞེས་ཁྱོན་ཕྱི་རྒྱལ་ཁག་ནང་བོད་མི་སྟོང་ཕྲག་ ༦༢ ལྷག་ཡོད་པ་གསུང་གི་ཡོད་པ་རེད། འོན་ཀྱང་དེའི་ནང་ལ་ལོ་ ༦ མན་ཆད་དང་ཡན་ཆད་ག་ཚོད་ཡོད་མེད་དང་། ལོ་ ༦ ནས་ ༡༨ བར་ལ་དཔྱ་ཁྲལ་འབུལ་མཁན་ག་ཚོད་ཡོད་མེད་སོགས་དང་། ཕྱི་རྒྱལ་ཁག་ཡིན་ན་ལས་ཀ་ཡོད་ན་ཨ་སྒོར་ ༥༠ འཕར་མ་ཞིག་འབུལ་དགོས་ཀྱི་ཡོད་པ་རེད། ང་ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་དོན་གཅོད་དུ་བསྐོས་པ་རེད། ལོ་དེར་འོས་བསྡུའི་རྐྱེན་པས་དཔྱ་ཁྲལ་འབུལ་མཁན་གང་འཚམ་གྱིས་མང་བ་བྱུང་བ་རེད། དེ་བཞིན་ད་ལོར་འོས་བསྡུ་ཡོང་གི་ཡོད་སྟབས། ལོ་རྗེས་མའི་དངུལ་རྩིས་ནང་དཔྱ་ཁྲལ་སྐོར་ཏན་ཏན་མང་བ་ཡོང་གི་རེད། མང་ཚོགས་ཀྱིས་མཁྱེན་དགོས་པ་གང་རེད་ཟེར་ན། འོས་བསྡུའི་ཁེ་ཕན་བླང་རྒྱུ་ཙམ་མིན་པར། དཔེར་ན་ལོ་བསྟར་ཆགས་སུ་ཕུལ་བ་ཡིན་ན་དཔལ་འབྱོར་ལས་ཁུངས་ནང་དངུལ་རྩིས་བཟོ་མཁན་ཚོར་སྟབས་བདེ་པོ་ཡོང་གི་རེད།
འོས་བསྡུའི་སྐབས་ཡར་འཕར་བ་དང་དེ་ནས་མར་ཆག་ན་དངུལ་རྩིས་བཟོ་མཁན་ཚོར་ཁག་པོ་ཡོད། དེར་བརྟེན་ད་ལྟ་གྲངས་ཀ་ངེས་ཅན་ཞིག་ལབ་ཐུབ་ཀྱི་མི་འདུག་ཀྱང་། བྱང་ཨ་རིའི་ནང་བོད་པ་སྟོང་ཕྲག་ ༣༦ ཡོད་པའི་དབང་དུ་བཏང་ན། དེའི་ནང་ནས་འོས་བསྡུར་དེབ་སྐྱེལ་བྱེད་མཁན་སྟོང་ཕྲག་༡༢ ལྷག་རེད། ཡང་དེའི་ནང་ནས་ལོ་ ༦ ནས་ ༡༨ བར་དབྱེ་བ་འབྱེད་དགོས་པ་རེད། དེར་བརྟེན་ང་ཚོས་ལོ་སྔ་ཕྱི་ལ་དཔྱ་ཁྲལ་ཇི་ཙམ་སྤྲད་ཡོད་མེད་ཀྱི་རེའུ་མིག་བཟོ་སྟངས་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྟངས་འཛིན་འོག་དོན་གཅོད་ཁྱབ་ཁོངས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་བཀོད་མངགས་གནང་སྟངས་སོགས་ཀྱི་ཐད་ཡར་རྒྱས་གཏོང་དགོས་པ་མང་པོ་འདུག གལ་ཆེ་ཤོས་དེ་མང་ཚོགས་ཁྲོད་དཔྱ་ཁྲལ་འབུལ་མཁན་མང་དུ་གཏོང་ཆེད་སྐུལ་སློང་བྱ་རྒྱུ་རེད། ང་སྔོན་མ་སུད་སི་དང་ཡུ་རོབ་ལ་ཕྱིན་སྐབས། མི་མང་གིས་ང་ཚོའི་དཔྱ་ཁྲལ་གྱི་འགྲོ་སོང་གང་ལ་འགྲོ་ཡི་ཡོད་མེད་དྲིས་སོང་། དཔྱ་ཁྲལ་གྱི་དངུལ་འབབ་དེས་བོད་མིའི་སྒྲིག་འཛུགས་ཀྱི་ཕོགས་དང་འཛིན་སྐྱོང་གི་འགྲོ་སོང་སོགས་ཀྱི་བརྒྱ་ཆ་ ༡༠ ཡང་ལོངས་ཀྱི་མེད་པ་རེད། དེར་བརྟེན་བརྒྱ་ཆ་ ༩༠ ཐམ་པ་གཞན་ལ་བརྟེན་དགོས་ཀྱི་ཡོད་པ་རེད། དེའི་ཐོག་དམིགས་བཀར་ནང་གི་ལས་གཞི་དང་ལས་འཆར་གྱི་འགྲོ་སོང་དེ་རྒྱུན་གྲོན་ལས་ལྡབ་མང་པོ་རེད། ང་ཚོར་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ཐོག་ཞིབ་འཇུག་བྱེད་མཁན་ཉུང་ཉུང་རེད། ཐ་ན་བོད་པའི་སུད་ཚོང་བ་ཚོས་ལོ་རེར་ཚོང་ག་ཚོད་རྒྱག་གི་ཡོད་མེད་ཐོག་རོབ་རྩིས་བྱ་རྒྱུའང་ཁག་པོ་ཡོད། འདི་ཚོའི་ཐོག་ལ་གཞོན་སྐྱེས་དང་ས་གནས་ཀྱི་མི་ཚོས་འགན་ཁྱེར་ནས་ཉམས་ཞིབ་བྱ་རྒྱུ་དང་། ལྷག་པར་དཔལ་འབྱོར་རིག་པའི་ཐོག་འབུམ་རམས་པ་བྱེད་མཁན་ཚོས་ཞིབ་འཇུག་བྱས་ན་འགྲིག་གི་རེད། དེས་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་ཡག་པོ་ཡོང་གི་རེད། ང་ལ་སྲིད་སྐྱོང་གི་འགན་བསྐུར་བ་ཡིན་ན། ངས་དང་པོ་ང་ཚོར་གྲངས་ཐོ་ཡག་པོ་ཞིག་དགོས་ཀྱི་འདུག དེ་ནས་མི་མང་ལ་སྐུལ་སློང་བྱེད་སྟངས་དེ་གང་འདྲ་རེད་ཟེར་ན། མི་མང་ཚོར་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་ཀྱི་འགྲོ་སོང་དང་། མང་ཚོགས་རང་གིས་ཕུལ་བའི་ཡོང་འབབ་ཉུང་ཉུང་ཡིན་པ། མ་འོངས་པར་ཆབ་སྲིད་ཀྱི་གནས་སྟངས་ཇི་ཆགས་ཤེས་ཐབས་མེད་སྟབས། ང་ཚོས་རང་ཁ་རང་གསོ་ཁ་ལ་འཁྱེར་བ་ཙམ་མིན་པར་ཕུགས་རྒྱང་རིང་པོའི་ཐོག་དངོས་སུ་ལག་བསྟར་བྱ་དགོས་ཚེ། ད་ལྟ་ནས་ལས་ཀ་བྱ་དགོས་པའི་གནས་སྟངས་མང་པོ་ཡོད་པ་འགྲེལ་བརྗོད་བྱ་རྒྱུ་དེ་རེད།
ལྡེ་ར་རྡུན་དུ་གནས་སྡོད་སྤེན་པ་ཚེ་རིང་།
ང་ཚོ་བཙན་བྱོལ་དུ་སླེབས་ནས་མི་ལོ་ ༦༠ ལྷག་འཁོར་གྱི་ཡོད་པ་རེད། མི་ལོ་ ༦༠ ཡི་བརྒྱུད་རིམ་ནང་ང་ཚོའི་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞི་དང་འཆར་གཞི། ལྟ་གྲུབ་བཅས་པ་ཚང་མ་ནུབ་ཕྱོགས་ལ་ཁ་ཕྱོགས་ནས་ཡོད། ད་ལྟའི་དུས་རབས་ཉེར་གཅིག་འདིར་༸གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་ལྟར་ཤར་ནུབ་ཀྱི་ལྟ་གྲུབ་གཉིས་ཟུང་འབྲེལ་ཐོག་ནས་ཤེས་ཡོན་སྲིད་བྱུས་ཤིག་བཟོ་དགོས་གལ་ཆེ་བས། དེའི་ཐད་ལ་སྐུ་ངོ་ལགས་ལ་དགོངས་འཆར་གང་ཡོད་མེད་གསུང་རོགས།
ལན། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུའི་དགོངས་པ་དེ་འདས་པའི་སློབ་སྦྱོང་སྤྲོད་སྟངས་དེ་ཚད་ལྡན་བྱུང་ཡོད་མེད་ལ་ཁྱད་པར་འགྲོ་ཡི་ཡོད་པ་རེད། རྒྱ་གར་ནང་གནས་པའི་བོད་རིགས་མང་ཆེ་བ་ཞིག་རྒྱ་གར་གཞུང་གི་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་འགྲིམ་བཞིན་ཡོད་ལ། བསླབ་གཞི་དེ་ཚོ་ཡང་ཁོང་རང་ཚོས་གཏན་འབེབ་བྱེད་ཀྱི་ཡོད་པ་རེད། བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་རྒྱ་ཆེན་པོ་རེད་ལ། དེར་ཡང་བསླབ་གཞི་རྣམས་རྒྱ་གར་ནས་ཡོང་གི་ཡོད་པ་རེད། དེར་བརྟེན་རྒྱ་གར་གྱི་སློབ་གྲྭའི་ཤེས་ཡོན་གནང་སྟངས་དེ། སྔོན་མ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ་ལྟར། རྒྱ་གར་ནང་མེ་ཁོ་ལི་(Macaulay)ཟེར་བའི་སྲིད་བྱུས་ཤིག་གཏན་འབེབ་བྱས་ཡོད། མེ་ཁོ་ལི་སྲིད་བྱུས་དེ་གཏན་འབེབ་བྱེད་སྐབས་ཀྱི་དགོས་མཁོ་དེ་རྒྱ་གར་ལྟ་བུའི་དབྱིན་ཡུལ་གྱི་མངའ་འོག་ཏུ་ཡོད་པའི་རྒྱལ་ཁབ་ནང་དབྱིན་ཇིའི་གཡོག་རྒྱུག་རྒྱུའི་དགོས་མཁོ་ག་རེ་ཡོད་མེད་ལ་བལྟས་ནས་བཟོས་པ་ཞིག་ལས། རིག་པ་བེད་སྤྱོད་བཏང་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་དེ་སྤྲད་ཡོད་པ་མ་རེད། དེར་བརྟེན་ང་ཚོས་མ་འོངས་པའི་གཞོན་སྐྱེས་ཚོ་ལེགས་ཉེས་དབྱེ་བ་འབྱེད་ཐུབ་པའི་རྣམ་དཔྱོད་ལྡན་པའི་མི་ཞིག་བཟོ་ཆེད་ཤེས་ཡོན་སྲིད་བྱུས་ཤིག་བཏིང་པ་རེད། དེའི་མཉམ་དུ་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་དང་ནང་ཆོས། རིག་གཞུང་བཅས་ངོ་བོ་སྲུང་སྐྱོབ་བྱ་ཆེད་རེད། ང་ཚོས་ཚང་མ་ནུབ་ཕྱོགས་ཀྱི་འདོད་པ་ལྟར་བྱས་ན་གཞོན་སྐྱེས་དེ་ཚོས་ནུབ་ཕྱོགས་ཀྱི་ལྟ་བ་འཁྱེར་འགྲོ་རྒྱུ་མ་གཏོགས། ང་ཚོ་བོད་པ་ལྟ་བུའི་གདོང་པ་གཅིག་པ་མང་པོ་ཡོད་པ་རེད། ཏོག་ཙམ་དཀར་བ་ཡིན་ན་ཉི་ཧོང་དང་ཀོ་རི་ཡ་རེད་ལབ་སྲིད་པ་དང་། ང་ལྟ་བུ་ཏོག་ཙམ་ནག་པོ་ཡོད་ན་ལའོ་སི་དང་ཁེན་བྷོ་ཌི་ཡ་ཡང་ལབ་སྲིད་པ་རེད། གང་ལྟར་ང་ཚོ་ལྟ་བུ་མང་པོ་ཡོད་རེད་དེ། ཁྱད་པར་དེ་བསམ་བློའི་འཁྱེར་སྟངས་དང་ཀླད་པ་བེད་སྤྱོད་གཏོང་སྟངས་ཀྱི་ཐོག་ནས་རེད། དེར་བརྟེན་འདབ་གཤོག་གཉིས་ལྡན་ཞེས་གནའ་དེང་གི་ཤེས་ཡོན་ཡོད་པ་དང་། བོད་དབྱིན་གཉིས་ཀ་ཤེས་པ་སོགས་གང་ལྟར་མདོར་བསྡུས་ན་མིའི་རིན་ཐང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ལ། ང་རང་ཚོའི་བཟང་སྤྱོད་དེ་སྲུང་སྐྱོབ་བྱེད་ཐུབ་པ་དགོས་ཀྱི་ཡོད་པ་རེད། ལྷག་པར་དུ་འདས་པའི་ལོ་ ༢༥ དང་ ༣༠ ནང་མི་འབོར་མང་པོ་ཞིག་ཕྱི་རྒྱལ་ལ་སྤོས་པའི་རྐྱེན་གྱིས་ད་ལྟ་མི་འབོར་བརྒྱ་ཆ་ ༥༠ ཟིན་འདུག་ཟེར་གྱི་ཡོད་པ་རེད། ལྔ་བཅུ་ཟིན་ཡོད་མེད་དེ་གནས་ཚུལ་ཁ་ཁ་རེད་དེ། ཟིན་ལ་ཉེ་བ་རེད་ལ་མ་འོངས་པར་མང་དུ་འགྲོ་རྒྱུ་རེད། དེ་ལྟ་བུའི་ཁོར་ཡུག་གསར་པའི་ནང་ང་ཚོའི་ན་གཞོན་རྣམས་དང་། ལྷག་པར་དེ་ནས་སྐྱེས་ཏེ་འཚར་ལོངས་བྱུང་བ་རྣམས་ལ་དཀལ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་སྟབས། དེ་ཚོ་ལ་གཟའ་མཇུག་ཏུ་བོད་པའི་སྐད་ཡིག་ཙམ་མིན་པར། བོད་པའི་བཟང་སྤྱོད་ཀྱི་ཐོག་ལ་སློབ་སྦྱོང་སྤྲད་དགོས་པ་གལ་ཆེན་པོ་རེད། དེ་མ་གཏོགས་ཕྱི་རྒྱལ་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོར་བདུན་ཕྲག་གཅིག་ནང་གཟའ་སྤེན་པ་ཉི་མའམ། ཡང་ན་ཆུ་ཚོད་འགའ་རེར་སློབ་སྦྱོང་བྱས་ཏེ་བོད་ཡིག་མཁས་པ་ཆགས་རྒྱུ་ཁག་པོ་རེད།
ང་ཚོ་རྒྱ་བལ་འབྲུག་ནང་ཡོད་མཁན་ཚོར་ཉིན་རེར་བོད་ཡིག་གི་འཛིན་གྲྭ་རེ་ཡོད་ནའང་། དེའི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ཐོག་ང་ཚོས་བསམ་བློ་གཏང་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་དེང་དུས་དང་གནའ་རབས་གཉིས་ཀ་ཟུང་དུ་སྦྲེལ་ནས་འགྲོ་དགོས་ཀྱི་ཡོད་ན། ད་ལྟའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུ་དེ་མེད་དུ་མི་རུང་བ་རེད། དེ་ནས་ང་ཚོ་ཁག་ཅིག་གིས་ནོར་འཁྲུལ་ག་རེ་ཡོང་གི་འདུག་ཟེར་ན། ཕྲུ་གུ་ལོ་ཆུང་ཆུང་ལ་དབྱིན་ཇི་མ་བསླབས་ན་དབྱིན་ཇི་ཤེས་ཀྱི་མི་འདུག་ཅེས་དཀའ་ངལ་བཤད་ཀྱི་འདུག ཕྲུ་གུར་སོ་སོའི་མ་སྐད་བོད་ཡིག་སློབ་དུས་འཛེམ་ཟོན་བྱེད་ཀྱི་འདུག དེར་སེམས་ཁྲལ་བྱ་དགོས་དོན་མེད། ཕྲུ་གུ་ལ་སྐད་ཡིག་གཞན་པ་སློབ་སྦྱོང་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་མ་རེད། གལ་ཆེ་ཤོས་དེ་ཕྲུ་གུའི་བསམ་བློའི་འཁྱེར་སོ་དེ་ཏག་ཏག་བྱུང་བ་ཡིན་ན། ནུབ་ཕྱོགས་ཀྱི་སེམས་ཁམས་ཚན་རིག་པ་ཚོས་ཕྲུ་གུར་གོམས་གཤིས་སྦྱར་བར་ལོ་ ༣ ནས་ ༥ བར་འགོར་གྱི་ཡོད་སྐོར་བཤད་ཀྱི་ཡོད་པ་རེད། དེར་བརྟེན་ཆུང་ཆུང་ནས་གསོ་སྐྱོང་བྱེད་སྟངས་དེ་ཡག་པོ་བྱས་ན། ནང་པའི་ཆོས་ཀྱི་རིན་ཐང་དང་བཟང་སྤྱོད་ཉར་ཐུབ་པའི་ཐོག་ལ། དེང་དུས་ཀྱི་འཛམ་གླིང་ལ་སྙོབ་ཐུབ་པ་ཡོང་གི་རེད། དཔེར་ན་ང་ཚོའི་དུས་ཚོད་ལ་ད་ལྟ་ནང་བཞིན་མཐུན་རྐྱེན་ཡོད་པ་མ་རེད། འོན་ཀྱང་ང་ཚོས་རིམ་པས་སློབ་སྦྱོང་དང་ཉམས་མྱོང་གསོག་གིན་བྱེད་སྐབས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་དེ་ཚོ་དངོས་གནས་ཧང་སང་རྒྱུ་རེད་འདུག་སྙམ་སྟེ་སོ་སོས་གཅིག་བྱེད་ཡོང་དུས་རྗེས་མ་ཟིན་པ་ཡོང་གི་མི་འདུག
གལ་སྲིད་སྐུ་ངོ་ལགས་སྲིད་སྐྱོང་དུ་འོས་འདེམས་བྱུང་ཚེ། རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་དང་ཡུལ་མི་དབར་གྱི་རྙོག་དྲ་སེལ་ཐབས་དང་། འབྲེལ་ལམ་ཡར་རྒྱས་ཡོང་ཐབས་ལ་གང་གནང་འཆར་ཡོད་དམ།
ལན། ང་ཚོས་འབྲེལ་བ་ཡར་རྒྱས་གཏང་མ་གཏང་ཟེར་བ་དེ། དཔེར་ན་ཨ་རུ་ན་ཅལ་ཁུལ་ལ་ཡིན་ན་ཀྲི་ཀྲང་དེ་གཞིས་ཆགས་གཞན་དང་མི་འདྲ་བར་མཉམ་སྡོད་ཡོད་པ་མ་རེད། ང་ད་ལོ་དེར་བཅར་ན་བསམ་བྱུང་། འོན་ཀྱང་ནད་ཡམས་ཀྱི་རྐྱེན་པས་བཅར་ཐུབ་མ་སོང་། ཏེ་ཛུ་དང་མེའོ་ལ་ང་ཐེངས་འགའ་ཤས་སླེབས་ཡོད་ལ་གནས་སྟངས་ཤེས་ཀྱི་ཡོད། གཞིས་ཆགས་དེ་ཚོའི་སྐོར་ལ་བསམ་བློ་གཏོང་དུས་སེམས་འཚབ་ལྟ་བུ་ཡོང་གི་འདུག དེ་ནས་བར་ལམ་གནས་སྟངས་ཀྱི་རྐྱེན་པས་ང་རང་སྦེལ་ཀོབ་ལ་ཏོག་ཙམ་སྡོད་རྒྱུ་བྱུང་བ་རེད། ང་བསླེབས་པ་དང་ཕྱི་ཉིན་དེར་ངས་སྦག་སྦག་བཏང་ནས་གཞིས་ཆགས་ཀྱི་གྲོང་སྡེ་ཆ་ཚང་ལ་སྐོར་བ་བརྒྱབ་པ་ཡིན། དེའི་རྗེས་ལ་མོ་ཊ་ཞིག་བཏང་ནས་དེའི་གཡས་གཡོན་གྱི་རྒྱ་གར་གྱི་གྲོང་གསེབ་ཆ་ཚང་ལ་ལྟ་རུ་ཕྱིན་པ་ཡིན། གང་ཡིན་ཟེར་ན། ས་ཆ་འདི་ལ་ང་སྐྱེས་པ་རེད་ལ་འཚར་བ་ཡང་རེད། སྔོན་མའི་གནས་སྟངས་གང་འདྲ་ཡིན་མིན་དང་ད་ལྟ་ཡར་རྒྱས་ཇི་འདྲ་ཕྱིན་མིན་ཤེས་ཀྱི་ཡོད་པ་རེད། རྒྱ་གར་དང་འབྲེལ་ལམ་སྤྱི་ཡོངས་ནས་ཡག་ཐག་ཆོད་རེད། ད་ལྟ་ཏི་ཛུ་དང་མེའོ་ནང་ཡུལ་མི་དང་རྙོག་དྲ་ཡོང་གི་ཡོད་པ་དེ་བསྟན་འཛིན་སྒང་དང་། འབུམ་སྡེ་ལ། རྟ་དབང་བཅས་ལའང་ཡོད་པ་རེད། གནས་སྟངས་འདིར་ཁྱོན་ཡོངས་ནས་ལྟ་དུས། ད་ལྟ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱི་བུ་རེད། དེར་བརྟེན་ཁོང་རང་ཚོའི་ནང་མི་དང་བྷི་ཇེ་པི། ཀོང་རེ་སི་ཡིན་ནའང་། བོད་པ་དང་༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་བྱེད་སྟངས་དེ་ཧང་སང་བ་རེད། ཡུལ་མིའི་ནང་དུ་ང་ཚོ་བོད་པ་གཅིག་པུ་ལ་དཀའ་ངལ་ཡོད་པ་དེ་འདྲ་མ་རེད། ཁོང་རང་ཚོ་ནང་ཁུལ་ལའང་དཀའ་ངལ་མང་པོ་ཡོང་གི་ཡོད་པ་རེད། དེ་དང་མཉམ་དུ་བོད་པ་རྣམས་སྤྱིར་བཏང་གི་འཚོ་བ་སྐྱེལ་སྟངས་དེ་སོ་ནམ་འདེབས་ལས་རེད་དེ། སོ་སོས་དཀའ་ལས་འཕར་མ་བརྒྱབ་སྟེ་རྒྱ་གར་གྱི་གྲོང་ཁྱེར་ནང་ཚོང་བརྒྱབ་ཏུ་ཕྱིན་ནས་ཕྲན་བུ་ཡར་རྒྱས་འགྲོ་སྐབས། ཡུལ་མི་དེ་ཚོ་ཡར་རྒྱས་མ་འགྲོ་ན། ངས་ད་ལྟ་སྦེལ་ཀོབ་དཔེ་བཞག་དགོས་དོན་གང་རེད་ཟེར་ན། སྦེལ་ཀོབ་ནང་བོད་པ་གཅིག་པུ་མ་ཟད་གཡས་གཡོན་གྱི་ཡུལ་མི་དེ་ཚོ་ཚང་མ་ཡར་རྒྱས་ཕྱིན་འདུག རང་བཞིན་གྱིས་ཕྲག་དོག་དང་རྐུན་མ་ཇག་པ། འཁྲུག་པ་སོགས་ཉུང་དུ་འགྲོ་ཡི་རེད།
མ་འོངས་པར་ང་ཚོས་ཡུལ་མི་རྣམས་ལ་བོད་པ་མཉམ་དུ་འཆམ་པོ་བྱེད་དགོས་ཀྱི་རེད་ཅེས་བཤད་པ་ཙམ་གྱིས་ཕན་ཐོགས་ཀྱི་མ་རེད། ཨ་རུ་ན་ཅལ་གྱི་གནས་སྟངས་ཀྱི་རྐྱེན་པས་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་བོད་མི་ ༡༠༠༠ ཞིག་ཁེ་ན་ཌར་གནས་སྤོ་བྱས་པ་རེད། དེར་བརྟེན་མངའ་སྡེའི་ནང་བོད་མིའི་མི་འབོར་གང་འཚམ་གྱིས་ཉུང་བ་དང་ནང་མི་ཟླ་སྒྲིལ་དང་ཆང་སའི་ལམ་ནས་ཁེ་ན་ཌར་མི་མང་དུ་ཕྱིན་ཡོད་སྟབས། ང་ཚོས་བསམ་བློ་རྒྱ་ཆེ་སར་གཏོང་དགོས་ཀྱི་འདུག རྒྱ་བལ་འབྲུག་གསུམ་ནང་ང་ཚོའི་གཞིས་ཆགས་ཁག་ ༤༥ ལྷག་དུམ་བུ་བྱས་ནས་སྡོད་ཀྱི་ཡིན་ནམ། ཡང་ན་ཕུགས་རྒྱང་རིང་པོའི་ཆེད་རིམ་པས་དེ་ཚོ་མི་མང་གི་འདོད་པ་དང་བསྟུན་ནས་ཟླ་སྒྲིལ་བྱས་ན། འཛིན་སྐྱོང་བྱ་རྒྱུར་ལས་སླ་བ་དང་། གཞིས་ཆགས་ཆེ་ཁག་ནས་མི་མར་ཐོན་འགྲོ་ཡི་ཡོད་པ་རྣམས་ཚུར་བསྐོང་ཐུབ་རྒྱུར་ཕན་ཐོགས་ཡོད། དེ་བཞིན་འདི་ངའི་ལྷག་བསམ་རྣམ་དག་གི་བསམ་འཆར་ཡིན། འགའ་ཤས་ཀྱི་ཐུགས་ལ་འབབ་ཀྱི་མ་རེད། ཁེ་ན་ཌའི་ལས་གཞི་ཐོག་ཕྱག་ལས་གནང་མཁན་ཉི་མ་ལགས་དང་དུས་རྒྱུན་བཀའ་མོལ་ཞུ་སྐབས། ཁེ་ན་ཌར་ཡོད་པའི་ཨ་རུ་ན་ཅལ་གྱི་མི་ཆིག་སྟོང་དེ་ཚོས་རང་གི་ཡོང་འབབ་ནས་བརྒྱ་ཆ་གཅིག་རེ་ཚུར་བསྡུས་ཏེ། ཨ་རུ་ན་ཅལ་དུ་ཡོད་པའི་ས་གནས་ཡུལ་མིའི་ཆེད་འཕྲོད་བསྟེན་སོགས་འཚོ་བའི་ཐོག་ནས་རོགས་པ་བྱས་ན་ཡུལ་མི་མཉམ་དུ་འབྲེལ་བ་ཡག་ཏུ་འགྲོ་རྒྱུའི་སྐོར་སྐད་ཆ་བྱུང་སོང་། འདི་ཚོ་ཐབས་ཤེས་ཤིག་རེད། ཡང་ན། ཨ་རུ་ན་ཅལ་གཞིས་ཆགས་ནས་ཁེ་ན་ཌར་སྤོ་མཁན་མང་དུ་འགྲོ་ཡི་ཡོད་སྟབས། ང་ཚོས་མ་འོངས་ལོ་ ༥ དང་ ༡༠ ནང་གཞིས་ཆགས་ཀྱི་གནས་སྟངས་གང་འདྲ་ཆགས་རྒྱུ་ཡིན་མིན་ཐད་ཞིབ་འཇུག་ཚད་ལྡན་བྱས་ཏེ། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གྱི་དབུས་སའི་གཞུང་དང་། ལྷག་པར་དུ་ཨ་རུ་ན་ཅལ་དང་ཀར་ན་ཊ་ཀ་མངའ་སྡེའི་གཞུང་ལ་སྐད་ཆ་བཤད་ནས། འདོད་པ་ཡོད་མཁན་ཚོ་རིམ་པས་མར་གཞིས་ཆགས་ཆེ་ཁག་ནང་གཞིས་སྤོ་བྱས་ན། ང་ཚོའི་སྤྱི་ཚོགས་དེ་རུག་རུག་དང་འཛིན་སྐྱོང་ཡང་བྱེད་བདེ་བ་ཡོད་པ་རེད། འགའ་ཤས་ཀྱི་ང་སྐྱེ་ས་དང་འཚར་ས། ཤི་ས་དེ་རང་ཡིན་ཞེས་བརྗོད་དེ་སྤོ་རྒྱུ་མ་རེད། དེ་ཚོར་བཙན་དབང་བྱ་རྒྱུ་མེད། དེ་མིན་དེར་གནས་མུས་སྒང་ལ་ས་གནས་ཡུལ་མི་དང་འབྲེལ་ལམ་ཡག་མིན་དེ་གཙོ་བོ་ས་གནས་ཀྱི་མགོ་འཁྲིད་ཚོས་དུས་རྒྱུན་འབྲེལ་བ་བྱེད་ཕྱོགས་སོགས་ལ་རག་ལས་ཀྱི་རེད། གཉིས་ནས་མངའ་སྡེ་རང་ནང་དཀའ་ངལ་ཡོང་གི་ཡོད་པར་བརྟེན། ང་ཚོས་ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་འཕྲལ་ཕུགས་གཉིས་ཀར་ག་རེ་བྱ་དགོས་མིན་ཐད་ལ་ཐབས་ལམ་འདོན་དགོས་པ་རེད་ལ། ངས་དེ་ལྟར་བྱ་རྒྱུ་ཡིན།
ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་གནང་སྐབས་བོད་རྒྱ་འབྲེལ་མོལ་རིམ་པ་བྱུང་སྟེ། མཐའ་མ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཟེར་བ་ཞིག་རྒྱ་ནག་གཞུང་གི་ཅོག་རྩེའི་ཐོག་ལ་བཞག་ཐུབ་པ་བྱུང་ཡོད། ཉེ་ལམ་གསར་འགྱུར་རླུང་འཕྲིན་ནང་སྲིད་སྐྱོང་འོས་མིའི་ཁྲོད། ང་ཚོས་བསམ་འཆར་ཡིག་ཆ་དེ་རྒྱ་ནག་གཞུང་ལ་ཕུལ་ནས་ལོ་ ༡༢ ཕྱིན་ཚར་དུས། དེ་ལ་གྲུབ་འབྲས་དམིགས་བསལ་མི་འདུག་ཟེར་ནས་ནུས་མེད་བཟོ་རྒྱུའི་དགོངས་པ་བཞེས་མཁན་ཡང་འདུག གལ་སྲིད་སྐུ་ངོ་ལགས་སྲིད་སྐྱོང་དུ་བདམས་ཐོན་བྱུང་ན། རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་མུ་མཐུད་ནས་རྒྱུན་སྐྱོང་བྱ་རྒྱུ་ཡིན་ནམ། ཡང་ན་དེར་བསྒྱུར་བ་འདྲ་གཏོང་རྒྱུ་ཡིན་ནམ།
ལན། དྲི་བ་དེར་ལན་ཚད་ལྡན་ཞིག་བརྒྱབ་པར་དེའི་བརྒྱུད་རིམ་དང་མ་འོངས་པར་ག་རེ་བྱ་རྒྱུ་ཡིན་མིན་སོགས་ཤེས་དགོས་ཀྱི་རེད། དེ་སུས་གསུངས་ཡོད་མེད་ངས་ཤེས་ཀྱི་མེད་ལ། ངས་དེར་ཐེ་བྱུས་མེད་ལ་ལན་འདེབས་ཀྱང་བྱེད་ཀྱི་མེད། ངའི་བསམ་ཚུལ་དེ་ཞུ་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་༧སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པར་ཕྱི་ལོ་ ༡༩༧༤ ལོ་ནས་ཡོད་པ་དང་། དངོས་སུ་ངག་ཐོག་ནས་གསུངས་པ་དེ་ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་དང་ལས་བྱེད་རྣམས་ལ་བཀའ་སློབ་གནང་བའི་སྐབས་དང་། དེའི་རྗེས་སུ་སི་ཊར་སི་བྷག་གི་གྲོས་འཆར་ནང་ལ་ཞི་བའི་དོན་ཚན་ལྔའི་ཁྲོད་ནས་ལྔ་པ་དེ་བོད་རྒྱ་ཞི་མོལ་དང་འབྲེལ་ནས། ༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་པ་ག་རེ་ཡིན་མིན་ཐོག་བཀའ་གནང་བ་རེད། དེའི་རྗེས་སུ་ང་ཚོར་རྒྱ་ནག་མཉམ་དུ་སྐད་ཆ་བཤད་རེས་ལྟ་བུའི་རེ་བ་ཕྲན་བུ་བྱུང་བ་རེད་དེ། འོན་ཀྱང་དེ་ལ་བར་ཆད་འཕྲད་ནས་ཕྱིས་སུ་ང་ཚོས་བལྟས་ཡོང་དུས་རྒྱ་ནག་གིས་ཡ་ལན་ཚད་ལྡན་ཞིག་གནང་གི་མེད་པའི་གནས་སྟངས་ཀྱི་ཐོག་ནས། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༩༡ ལོར་ཡེལ་གཙུག་ལག་སློབ་གྲྭ་ཆེན་མོར་དེ་རིང་ནས་བཟུང་ངའི་མདུན་ཅོག་དེ་སྟོང་པ་ཡིན་ཞེས་བཀའ་གནང་བ་དང་། མ་འོངས་པར་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་གང་འདྲ་འགྲོ་དགོས་མིན་དེ་མང་ཚོགས་རང་ནས་ཐག་གཅོད་དགོས་པའི་བཀའ་གནང་བ་ལྟར། བསམ་ཤོག་བསྡུས་རྗེས་མང་ཚོགས་ནས་མང་མོས་འོས་བསྡུ་བྱ་མི་དགོས་པར་བསམ་ཤོག་རང་གི་གྲུབ་འབྲས་ལ་གཞི་བཞག་ནས། བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་དང་རྒྱ་ནག རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་པའི་༧གོང་ས་མཆོག་གིས་ག་རེ་ཐུགས་ཐག་བཅད་པ་དེ་ལ་ངོས་འཛིན་ཞུ་ཡི་ཡིན་ཟེར་དུས། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་སྒང་ལ་ཕེབས་ཀྱི་ཡིན་གསུངས་པ་རེད། དེར་བརྟེན་དབུ་མའི་ལམ་ཟེར་བ་དེ་གཙོ་བོ་ནང་པའི་ཆོས་ཀྱི་ལྟ་གྲུབ་ཅིག་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་སྲིད་ནང་བེད་སྤྱོད་གནང་དུས། དེང་སང་འཛམ་གླིང་ནང་ལ་དབུ་མའི་ལམ་གྱི་ཐོག་ནས་ཇི་ལྟར་དཀའ་ངལ་སེལ་དགོས་པ་དེ་ཡང་ཡོངས་གྲགས་ལྟ་བུ་ཆགས་ཡོད།
ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་དུས། རྒྱ་ནག་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་བསྡུར་ཚོགས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་ཞིབ་ཚགས་ཀྱིས་ཤེས་དགོས་སྐོར་དྲིས་པའི་རྐྱེན་གྱིས། དེ་དུས་ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་ཕུལ་བ་རེད། ད་ལྟ་བསམ་འཆར་ཡིག་ཆ་དེ་ནུས་མེད་གཏང་མིན་དེ། མ་འོངས་པར་ང་ཚོའི་ཁ་ཕྱོགས་དེ་གང་འདྲ་ཞིག་ལ་འགྲོ་རྒྱུ་ཡིན་མིན་གསལ་པོ་དགོས་པ་རེད། ང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ལ་ཡོད་དུས། འཛམ་གླིང་གི་རང་སྐྱོང་གི་གནས་བབ་ཕལ་ཆེ་བ་ལ་རྟོག་ཞིབ་བྱས་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོར་སི་ཀོ་ཊི་ལེན་ཌི་(Scotland)དང་ལྷོ་ཊེ་རོལ་(South Tyrol)ནང་བཞིན་གྱི་རང་སྐྱོང་གནས་བབ་བྱུང་ན་འགྲིག་ས་རེད་གསུངས་པ་དེ་ཚོ་ལའང་བསམ་བློ་མང་པོ་གཏོང་དགོས་པ་རེད། དེ་ལྟར་གཏང་བ་ལ་དང་པོ་སི་ཀོ་ཊི་ལེན་ཌི་དང་ལྷོ་ཊེ་རོལ་གྱི་རང་སྐྱོང་གི་གནས་སྟངས་དེ་ཚོ་ཤེས་དགོས། མ་འོངས་པར་ང་ཚོས་རྒྱ་མི་དང་མཉམ་དུ་འབྲེལ་མོལ་བྱེད་དགོས་ན། འབྲེལ་མོལ་བྱ་རྒྱུའི་མ་རྩ་དེ་བཀའ་ཤག་སྐབས་ ༡༣ གིས་བཏོན་པའི་རང་སྐྱོང་གི་བསམ་འཆར་ཡིག་ཆ་དེ་རེད། དེ་ལ་གཞིར་བཞག་ནས་རྒྱུན་མཐུད་དགོས་པ་ལས། གལ་ཏེ་རྦད་དེ་མཚམས་འཇོག་གི་ཡིན་ཟེར་ན། བསམ་འཆར་གསར་པ་ཞིག་འདོན་དགོས་ཀྱི་རེད། དེར་བརྟེན་ང་ལ་སྲིད་སྐྱོང་གི་འགན་བསྐུར་ན། ནུས་མེད་ཟེར་རྒྱུ་དེ་ཡོང་གི་མ་རེད་དེ། རྒྱ་ནག་གི་ངོས་ནས་ཞི་མོལ་ནང་ཞུགས་ཏེ་བོད་རྒྱའི་དཀའ་རྙོག་དེ་སེལ་དགོས་ན། དང་པོ་རྒྱ་ནག་གིས་བོད་ཀྱི་དཀའ་རྙོག་དེ་དཀའ་རྙོག་ཅིག་ལ་ངོས་འཛིན་བྱེད་དགོས་ཀྱི་རེད། རྒྱ་ནག་གིས་སྔོན་མ་ཡིན་ན་མི་རིགས་ལྔ་བཤད་ཀྱི་ཡོད་རེད། དེང་སང་མི་རིགས་མང་པོ་བཤད་ཀྱི་འདུག གལ་ཏེ་མི་རིགས་ཚང་མ་རྒྱ་ནག་གི་ཁྱིམ་ཚང་གཅིག་ནང་གནས་དགོས་ན། རྒྱ་ནག་ངོས་ནས་ཚང་མར་འདྲ་མཉམ་དུ་བལྟ་དགོས་པ་ལས། ཁ་ཤས་ལ་ཉེས་རྡུང་མང་ཙམ་བཏང་བ་དང་། ཡང་ཁ་ཤས་ལ་འཇམ་པོ་བྱས་ན་ཡོང་གི་མ་རེད། དཔེར་ན་ནང་གཅིག་ལ་ཕ་མར་ཕྲུ་གུ་མང་པོ་ཡོད་ན། ཕ་མའི་འདོད་པ་གཅིག་པུ་གཞིར་བཟུང་བྱས་ན། ཕྲུ་གུའི་སེམས་ནང་བདེ་སྐྱིད་ཡོང་ཐབས་མེད། དཔེར་ན་རྒྱ་ནག་ནང་དཔལ་འབྱོར་གྱི་བདེ་སྐྱིད་བསྐྲུན་ཆེད་དམར་ཤོག་གི་ལྟ་གྲུབ་ཕར་བཞག་ནས་མ་རྩ་རིང་ལུགས་ནང་འགྲོ་རྒྱུའི་གནད་འགག་དེ་མཐོང་གི་ཡོད་ན། དཔལ་འབྱོར་དེ་མིའི་ཕྱིའི་ལུས་པོར་བདེ་བ་སྐྲུན་ཐབས་ཙམ་ཞིག་རེད། དེ་ལས་གལ་ཆེ་བ་མིའི་ནང་བསམ་བློར་བདེ་བ་བསྐྲུན་རྒྱུ་དེ་རེད། དེ་ལྟར་ཡོང་བར་མི་མང་གི་འདོད་པ་བཞིན་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་དུ་འཇུག་དགོས། དེར་བརྟེན་མ་འོངས་པར་ང་ཚོས་ཐབས་ལམ་ག་རེ་བཏོན་པ་ཡིན་ནའང་། ངའི་ངོས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དེ་རྒྱུ་མཚན་དང་ལྡན་ཞིང་། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་གཞིར་བཟུང་བཏོན་ཡོད་པ་རེད། དེར་རྒྱ་ནག་ངོས་ནས་རྩོད་པ་རྒྱག་ཐབས་ཡོད་པ་མ་རེད། ཁོང་ཚོའི་ཁྲིམས་དང་ལག་ལེན་བར་ལ་ཁྱད་པར་འགྲོ་ཡི་ཡོད་པའི་རྐྱེན་གྱིས་ང་ཚོར་ཡ་ལན་ཚད་ལྡན་ཞིག་རག་གི་མེད་པ་རེད་མ་གཏོགས། བསམ་འཆར་ཡིག་ཆ་ལ་སྐྱོན་ཆེན་པོ་ཞིག་ཡོད་པའི་རྐྱེན་གྱིས་མ་རེད། དེར་བརྟེན་དབུ་མའི་ལམ་གྱི་ཐོག་ལ་གོམ་པ་གང་འདྲ་ཞིག་བརྒྱབ་པ་ཡིན་ནའང་། དེས་རྒྱ་ནག་གི་མངའ་དབང་(sovereignty) ལ་ཁེ་ཕན་ཡོད་ལ། བོད་ཆོལ་ཁ་གསུམ་ནང་ཁུལ་ལའང་འཆམ་མཐུན་ཡོང་རྒྱུར་ཕན་གྱི་ཡོད། འདོད་མོས་ཡོད་མེད་ལ་མ་ལྟོས་པར་བོད་རྒྱ་གཉིས་མཉམ་དུ་སྡོད་དགོས་ཀྱི་ཡོད་པ་ལས། བོད་ས་དེ་བཀོག་ནས་གཞན་ལ་སྤོ་ས་ཡོད་པ་མ་རེད། ངས་དེ་སྔོན་བཤད་པ་ལྟར། ངའི་ངོས་ནས་ད་ལྟ་ཡོད་པའི་ཐབས་ལམ་ཐོག་ལམ་ག་གསར་པ་ག་རེ་བཏོན་ནའང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གོ་བསྡུར་བྱས་ཏེ་ཕྱི་གསལ་ནང་གསལ་བྱ་རྒྱུ་ཡིན།
དུས་བབ་གསར་འགོད་པ།
ཚོགས་ཟུར་ལགས་ཀྱི་སྲིད་བྱུས་བསྒྲགས་གཏམ་ནང་བོད་རྒྱ་འབྲེལ་མོལ་དང་འབྲེལ་ནས། དབུ་མའི་ལམ་གྱི་ཆེད་དུ་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞིག་གསར་འཛུགས་ཞུ་རྒྱུ་ཡིན་གསུངས་འདུག ཚོགས་ཆུང་དེ་དང་དེ་སྔའི་བཀའ་ཤག་གི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་བར་ཁྱད་པར་གང་ཡོད་མེད་དང་། དེ་བཞིན་ཚོགས་ཆུང་གསར་པ་དེའི་གྲུབ་ཆ་གང་ཡིན་ཞིག་གསུང་རོགས།
ལན། གྲུབ་ཆའི་ཐོག་ལ་ད་ལྟ་ཞུ་རྒྱུ་མིན། དེ་ང་ཚོས་འགན་འཁུར་བའི་སྐབས་སུ་ལས་ད་ལྟ་ནས་ལབ་དགོས་པ་ཞིག་མ་རེད། ཐབས་བྱུས་འཆར་འགོད་ཚོགས་ཆུང་ཟེར་བ་དེ། དཔེར་ན་མང་ཚོགས་ཁྲོད་དབུ་མའི་ལམ་ཟེར་ན་ལས་འགུལ་སྤེལ་དགོས་ཀྱི་མེད་སྐོར་བཤད་ཀྱི་ཡོད་པ་རེད། དེར་བརྟེན། ཚོགས་ཆུང་དེས་རྒྱལ་སྤྱི་དང་རྒྱ་ནག བོད་ནང་གི་གནས་སྟངས་བཅས་ལ་གཞི་བཞག་པའི་ཐོག་ནས་དབུ་མའི་ལམ་གྱི་དགོངས་གཞི་ལྟར་མ་འོངས་པར་ལས་འགུལ་གང་འདྲ་སྤེལ་དགོས་མིན་ལ་ལྟ་ཡི་རེད། དེའི་ནང་གཙོ་བོ་རྒྱ་ནག་ལ་ཕར་སྙོབ་ཐབས་དང་། གང་ལྟར་རྒྱ་ནག་གིས་མགོ་འཁྲིད་ཚོར་བོད་རྒྱའི་དཀའ་རྙོག་དེ་མ་སེལ་ཐབས་མེད་ཡིན་པའི་ངེས་ཤེས་སྐྱེ་རུ་འཇུག་རྒྱུ་དང་། དེ་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་དང་། མཐར་བོད་པའི་དཀའ་རྙོག་སེལ་རྒྱུ་དང་། བསལ་རྗེས་ཀྱང་བོད་རྒྱ་གཉིས་མཉམ་གནས་ཡོང་ཐབས་དང་། བོད་མི་ནང་ཁུལ་ལ་འཆམ་མཐུན་ཡོང་ཐབས་བཅས་ཀྱི་ཐོག་ལ་ཐབས་བྱུས་འདོན་རྒྱུ་སོགས་རེད། ངས་བཀའ་ཤག་སྐབས་སྔོན་མའི་དགེ་སྐྱོན་ཞུ་ཡི་མེད། འོན་ཀྱང་ང་ལ་འགན་བསྐུར་ན། ཐབས་བྱུས་འཆར་འགོད་ཚོགས་ཆུང་དེ་གཏན་འཇགས་བཟོས་ཏེ། དུས་རྒྱུན་དུ་ང་ཚོས་གོམ་པ་གང་འདྲ་བརྒྱབ་དགོས་མིན་དང་། རྒྱ་བལ་འབྲུག་གསུམ་དང་། ཕྱིའི་རྒྱལ་ཁབ་ཁག་ནང་ང་ཚོས་ལས་འགུལ་གང་འདྲ་སྤེལ་དགོས་མིན། ད་ལྟ་ང་ཚོར་རྒྱབ་སྐྱོར་ཡོད་པ་དག་ཇི་ལྟར་ཤུགས་ཆེ་རུ་གཏོང་དགོས་མིན། རྒྱབ་སྐྱོར་མེད་ས་ཚོར་ཇི་ལྟར་སྙོབ་དགོས་ཚུལ་སོགས། གཙོ་བོ་རྒྱ་ནག་ལ་ཕར་སྙོབ་ཐབས་གང་འདྲ་ཡོད་མེད་ཐོག་ལ་ལྟ་མཁན་གྱི་གཏན་འཇགས་ཚོགས་ཆུང་ཞིག་འཛུགས་རྒྱུ་ཡིན།
དུས་བབ་གསར་འགོད་པ།
ཡང་ཚོགས་ཟུར་ལགས་ཀྱི་སྲིད་བྱུས་བསྒྲགས་གཏམ་ནང་ལ། ༧གོང་ས་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ངོ་མ་དེ་ཡིན་སྟབས། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གི་དབུ་འཁྲིད་ཐད་ཀར་མཇལ་འཕྲད་ཡོང་ཐབས་འབད་བརྩོན་ཞུས་ཏེ། བོད་རྒྱའི་འབྲེལ་མོལ་ལ་དོན་དམ་གྱིས་འབྲས་བུ་སྨིན་ཐབས་ཞུ་རྒྱུ་ཡིན། ཞེས་དང་། ཡང་ཚོགས་ཟུར་ལགས་ཀྱིས་ངའི་དམ་བཅའ་བརྟན་པོ་དེ་གང་རེད་ཟེར་ན། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ཟིན་པ་རེད་དེ། ད་ལྟ་བར་དུ་བོད་རྒྱ་འབྲེལ་མོལ་དང་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐོག་ལ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་བརླབས་མེད་པ་ཡིན་ན། ང་ཚོས་ཡོང་ཐུབ་རྒྱུ་ཁག་པོ་ཞེ་པོ་རེད། ཅེས་གསུངས་འདུག དུས་རྒྱུན་༧གོང་ས་མཆོག་ནས་སྐུ་དབང་ཆ་ཚང་མི་མང་ལ་རྩིས་སྤྲོད་གནང་ཚར་རྗེས། མི་མང་གི་མགོ་འཁྲིད་དེ་ཚོས་ང་མེད་པའི་དབང་དུ་བཏང་ནས་ཕྱག་ལས་གནང་ཤོག་ཅེས་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་རེད། དེར་བརྟེན་ཚོགས་ཟུར་ལགས་ཀྱི་གསུང་སྟངས་དེ་དང་༧གོང་ས་མཆོག་གི་ཐུགས་དགོངས་བར་ལ་བར་ཐག་ཕྱིན་པ་ལྟ་བུ་གཟིགས་ཀྱི་ཡོད་དམ།
ལན། ང་ཚོའི་དམངས་གཙོའི་འཕེལ་རིམ་ནང་བལྟས་ན། ༧གོང་ས་མཆོག་ནས་ ༢༠༡༡ ནས་བོད་པ་ཚོས་འགན་འཁྱེར་ཐུབ་རྒྱུའི་གནས་སྟངས་སླེབས་འདུག་དགོངས་ནས་སྐུ་དབང་རྩིས་སྤྲོད་གནང་བ་རེད། ཕྱི་ལོ་ ༢༠༠༡ ལ་ཕྱེད་བགྲེས་ཡོལ་སྐབས་ནས་༧གོང་ས་མཆོག་གིས་ང་མེད་པ་ནང་བཞིན་ལས་ཀ་བྱེད་ཤོག་ཨང་ཞེས་བཀའ་གནང་བ་རེད། གཙོ་བོ་དེ་བོད་པ་ཚོ་སོ་སོའི་རྐང་པ་སྒང་ལ་ལངས་ཐུབ་དགོས་ཞེས་གསུངས་པ་དེ་རེད། དེར་བརྟེན་རང་བཙན་ཡོད་མཁན་གྱི་མིས་ཉིན་རེར་ཚགས་པར་ལྟ་ཀློག་བྱས་ཏེ་གནས་ཚུལ་ཤེས་ཐབས་བྱེད་ཀྱི་ཡོད་པ་ལྟར། བོད་པ་ཚོས་སོ་སོར་ལུང་པ་མེད་པའི་སྐབས་འདིར་དེ་བས་ཀྱང་དོ་སྣང་ཆེ་བ་བྱེད་དགོས་ཀྱི་ཡོད་པ་རེད། མི་རབས་རྒན་པ་ཚོར་གོ་སྐབས་ཞན་པ་ཡོད་ནའང་། ད་ལྟའི་མི་རབས་འདིར་མཚོན་ན། གྲངས་རིག་གི་དུས་ཚོད་(digital age)འདིར་སོ་སོས་བྱས་ན་བྱ་རྒྱུའི་གོ་སྐབས་དང་ལམ་ག་ཆ་ཚང་ཡོད་པ་རེད། འོན་ཀྱང་ངས་ག་རེ་ཞུ་ཡི་ཡོད་ཟེར་ན། ང་ཚོས་འཛིན་སྐྱོང་དང་དུས་རྒྱུན་གྱི་ལས་ཀ་ཚང་མའི་ཐོག་སྐུ་མདུན་ཐུགས་སུན་པོ་བཟོ་དགོས་ཀྱི་མ་རེད། འོན་ཀྱང་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་གནད་དོན་དེའི་ཐད། རྒྱ་ནག་གིས་བརྩི་ས་དེ་༧རྒྱལ་བ་རིན་པོ་ཆེ་རེད། ནམ་རྒྱུན་རྒྱ་ནག་གིས་དེ་༧རྒྱལ་བ་རིན་པོ་ཆེའི་ཁེ་ཕན་ཆེད་དུ་རེད་ཟེར་བ་དེར་རྩ་བ་ནས་ངོས་ལེན་མེད། དེ་བོད་མི་ས་ཡ་ ༦ གི་ཁེ་ཕན་ཆེད་དུ་བཤད་ཀྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་ཟིན་པ་རེད་དེ། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་གདན་ས་གཅིག་ནང་མཁན་པོ་གཟེངས་སུ་ཐོན་པ་ཞིག་ཡོད་ན། ཁོང་རང་གི་ལས་ཀ་གྲུབ་རྗེས་ང་ཚོས་ཁོང་རང་ལ་སྐད་ཆ་རྩ་བ་ཉིད་ནས་འདྲི་ཡི་མེད་པ་ལྟ་བུ་མ་རེད། སྤྱི་ཚོགས་ནང་རྒན་པ་དང་ཉམས་མྱོང་ཡོད་མཁན་ཚོ། ལྷག་པར་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་ཡིན་ན། ང་ཚོར་ཡང་བསྐྱར་གོ་སྐབས་འདི་འདྲ་ཡོང་གི་ཨེ་ཡོད་ན་བསམ་གྱི་འདུག
ཕྱི་ལོ་ ༢༠༡༡ ལོར་ང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་སུ་ཚོགས་ཁང་དབུ་འབྱེད་ཐོག་སྐུ་མདུན་གྱིས། ང་ཚོའི་བོད་མི་རིགས་ཀྱི་སྐད་ཡིག་དང་ཆོས་རིག་སྲུང་སྐྱོབ་བྱས་ཐུབ་ན་ང་ཚོའི་འཐབ་རྩོད་ཀྱི་དོན་དག་འགྲུབ་ཐུབ་པ་རེད་ཅེས་གསུངས་ཡོད་པ་རེད། དེར་བརྟེན་ང་མེད་པ་ནང་བཞིན་ལས་ཀ་བྱེད་ཤོག་ཨང་གསུངས་པ་དེ་ཁྱེད་རང་ཚོས་འགན་འཁྱེར་དགོས་རེད་ཅེས་གསུང་གི་ཡོད་པ་རེད། འོན་ཀྱང་ད་ལྟ་སྟབས་ལེགས་པ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་ ༡༡༣ བར་བཞུགས་རྒྱུའི་ཐུགས་དམ་ཞལ་བཞེས་ཡོད་སྟབས། བོད་རྒྱ་འབྲེལ་མོལ་ཐོག་ལ་༧རྒྱལ་བ་རིན་པོ་ཆེའི་ནུས་པ་དེ་ཡང་མཉམ་སྤུངས་གནང་ཐུབ་པ་དགོས་ཀྱི་རེད། འདི་༧རྒྱལ་བ་རིན་པོ་ཆེ་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་ཡོད་པ་ཞིག་རེད། ང་ལྟ་བུ་བཀའ་བློན་དང་སྲིད་སྐྱོང་སུ་བསླེབས་པ་ཡིན་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྡིངས་ཆའི་ཐོག་ག་ཚོད་བྱེད་ཐུབ་ཀྱི་རེད། རྒྱ་ནག་གིས་སྐབས་རེར་༧རྒྱལ་བ་རིན་པོ་ཆེར་ཁ་གཏོང་གི་ཡོད་ནའང་བརྩི་ས་དེ་༧རྒྱལ་བ་རིན་པོ་ཆེ་མ་གཏོགས་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ནའང་དེ་ལྟར་རེད། དེར་བརྟེན་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལྡེ་མིག་དེ་༧རྒྱལ་བ་རིན་པོ་ཆེ་རེད་ཟེར་དགོས་དོན་ཡང་དེ་རེད། དེར་བརྟེན་༧གོང་ས་མཆོག་གིས་སྐབས་དང་དུས་ལ་བརྟེན་ནས་མཛད་འགན་བཞེས་དགོས་པ་དེ་འདྲ་བྱུང་ན་བཞེས་ཀྱི་རེད་ཅེས་ཞུ་ཡི་ཡོད་ལ། སྐུ་མདུན་གྱི་དགོངས་པ་དེ་རྒྱ་ནག་ལ་ཕེབས་རྒྱུ་དེ་ཡིན་སྟབས། གལ་སྲིད་དེ་༧གོང་ས་མཆོག་དང་རྒྱ་ནག་གི་མགོ་འཁྲིད་བར་མཇལ་འཕྲད་བྱུང་ན། མ་འོངས་པར་ཏན་ཏན་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ས་ཁྲ་ལྟ་བུ་ཞིག་འདོན་ངེས་ཡིན་པ་དང་། དེར་བོད་མིའི་སྒྲིག་འཛུགས་ངོས་ནས་ག་རེ་བྱ་རྒྱུ་ཡོད་མེད་བལྟ་རྒྱུ་རེད། དེ་མིན་མི་གཞན་ཞིག་གིས་ངས་ཞེ་པོ་འཇོན་གྱི་རེད་ལབ་ན་དཔེ་ཁག་པོ་རེད། དེར་བརྟེན་ང་ཚོ་ཚང་མས་ནུས་པ་མཉམ་སྤུངས་དགོས་དོན་དེ་རེད།
ང་ཚོ་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ལ་ཆ་བཞག་ན། སླེ་བྱང་གཉིས་ཞེས་སླེ་གཞིས་གྲོང་ ༡༢ དང་བྱང་ཐང་ས་ཁག་ ༩ ཡོད་པ་རེད། དེའི་ཁྲོད་ནས་བྱང་ཐང་ས་ཁག་ ༩ ནང་གི་བོད་མི་འབྲོག་པ་ཚོའི་འཚོ་གནས་རྒྱུན་སྐྱོང་དང་ཡར་རྒྱས་ཡོང་ཆེད་ཚོགས་ཟུར་ལགས་ལ་དམིགས་བསལ་དགོངས་པ་དང་འཆར་གཞི་གང་ཡོད་དམ།
ལན། ང་ཚོ་བཙན་བྱོལ་བོད་མིའི་གཞིས་ཆགས་གཞན་དང་བསྡུར་ན་ལ་དྭགས་བྱང་ཐང་ནང་བོད་མིའི་འབྲོག་པ་གྲངས་མང་པོ་རེད། དེ་བཞིན་ཀ་ཐོག་སྒང་གསུམ་གྱི་ཚ་ལྡིངས་ཟེར་བའི་བོད་ཀྱི་ས་མཚམས་ཁུལ་ལ་ཏོག་ཙམ་ཡོད་པ་རེད། སྤྱི་ཡོངས་ནས་རྒྱ་གར་གཞུང་གི་སྲིད་བྱུས་ཡག་པོ་རེད། རྒྱ་གར་གཞུང་གིས་ས་མཚམས་སྲུང་སྐྱོབ་བྱེད་པར་དེའི་ནང་ལ་གནས་མཁན་གྱི་ཡུལ་མི་དེ་ཚོ་སྲ་བརྟན་གནས་དགོས་ཀྱི་རེད་ཟེར་གྱི་ཡོད། ད་ལོའི་དབྱར་ཁར་བྱང་ཐང་ལ་འགྲོ་རྒྱུའི་འཆར་གཞི་བསྒྲིགས་པ་ཡིན། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ལ་ཐེངས་གཉིས་གསུམ་བསླེབས་ཚར་བ་རེད། དེ་དུས་ངས་བྱང་ཐང་གི་གཞིས་གྲོང་གཅིག་རྦད་དེ་སྟོང་པ་ཆགས་ཡོད་སྐོར་གོ་མྱོང་། རྒྱ་གར་གཞུང་གིས་དེའི་ཐོག་དཀའ་ལས་རྒྱག་གི་ཡོད་པའང་གོ་སོང་། ང་ཚོར་འཚོ་བའི་ཐོག་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། སྤོབས་པ་སྐྱེས་འོས་པ་ཞིག་ལ་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་ལས་བྱེད་མང་པོ་ལ་དྭགས་ནས་རེད། དེའི་ནང་ནས་ཀྱང་འགན་མཐོན་པོ་འཁྱེར་མཁན་ཡོད། ཁོང་རྣམ་པ་ཚོས་ལ་དྭགས་ཀྱི་གནས་སྟངས་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་ངས་སྲིད་སྐྱོང་གི་འགན་འཁྱེར་བའི་སྐབས་སུ་ལས་བྱེད་ཚོའི་ཉམས་མྱོང་སོགས་བེད་སྤྱོད་ཚད་ལྡན་གཏང་གི་ཡིན་ཞེས་བཤད་ཡོད། དེར་བརྟེན་ལ་དྭགས་ནས་ཡིན་པའི་ལས་བྱེད་ཚོའི་བསམ་ཚུལ་བསྡུ་ཆོག་གི་རེད་ལ། ང་རང་དངོས་སུ་བྱང་ཐང་ལ་བསླེབས་མྱོང་མེད་ཀྱང་དང་པོ་བྱང་ཐང་གི་གནས་བབ་དེ་རྒྱུན་རིང་པོ་གནས་ཐུབ་མིན་སོགས་ལ་ཞིབ་འཇུག་ཚད་ལྡན་བྱས་ཏེ། གལ་ཏེ་གནས་ཐུབ་པའི་ཡིད་ཆེས་བྱུང་ན་དེ་ལ་དཔག་པའི་སྡོད་ཁང་དང་། སློབ་གྲྭ། འཚོ་བའི་མཐུན་རྐྱེན་ག་རེ་སྦྱར་དགོས་མིན་བལྟ་རྒྱུ་རེད། གལ་ཏེ་མུ་མཐུད་གནས་ཐབས་མེད་ན། རིམ་པས་དེ་དག་ཇི་ལྟར་ཟླ་སྒྲིལ་བྱ་དགོས་མིན་ཐོག་ལའང་བལྟ་དགོས། དེར་བརྟེན་སྤྱི་ཚོགས་ཀྱི་དཀའ་ངལ་གང་རེད་ཟེར་ན། རྒན་པ་ཚོ་ལྷག་བསྡད་ཡོད་ཀྱང་གཞོན་པ་ཚོར་སློབ་སྦྱོང་སྤྲོད་ཀྱིན་སྤྲོད་ཀྱིན་སློབ་གྲྭ་དང་མཐོ་སློབ་འགྲིམ་དུས། ཕྱིར་འབྲོག་ལས་ཐོག་ལོག་ཐུབ་ཀྱི་ཡོད་པ་མ་རེད། འོན་ཀྱང་གཞོན་པ་ཚོ་རྒན་རབས་བཞིན་ངལ་རྩོལ་བྱས་མ་ཐུབ་ན། འཚོ་གནས་ཐུབ་ཐབས་སུ་འཕྲུལ་ཆས་ཐོག་ནས་རོགས་པ་བྱ་རྒྱུ་ཡོད་མེད་ལའང་བལྟ་དགོས་པ་རེད། དེ་བཞིན་ཡུལ་མི་དང་མཉམ་དུ་རྩྭ་ཆུའི་དཀའ་རྙོག་བྱུང་དུས་སེལ་ཐབས་གང་ཡོད་སོགས། ད་ལྟའི་ཆར་ལ་དྭགས་དེ་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ཁུལ་ཞིག་ཆགས་ཡོད་ལ། དེའི་ནང་འགན་འཁུར་མཁན་ཚོའང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་དམ་ཚིག་ཡོད་མཁན་ཤ་སྟག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་ཁོང་ཚོ་དང་ས་གནས་མི་མང་ནས་བསམ་ཚུལ་བསྡུ་དགོས། དེ་བཞིན་ང་རང་སྲིད་སྐྱོང་དུ་བསྐོས་ཚེ། ཏན་ཏན་ལ་དྭགས་བྱང་ཐང་ཁུལ་དུ་བཅར་རྒྱུ་ཡིན། དེར་བཅར་ན་སེམས་ནང་། རིའི་ཚུར་རོལ་དུ་འཚོ་བའི་གནས་སྟངས་འདི་འདྲ་ཞིག་ཡིན་ན། རིའི་ཕ་རོལ་ཏུ་གནས་སྟངས་འདྲ་བོ་ཞིག་མེད་དམ་སྙམ་གྱི་འདུག བོད་ཀྱི་ས་ལ་དངོས་སུ་སླེབས་ཐུབ་ཀྱི་མེད་ཀྱང་། བོད་དང་གང་ཐུབ་ཀྱིས་ཐག་ཉེ་སར་འགྲོ་ཐུབ་ན་བསམ་ནས་ཡོད། ད་ལྟ་ངས་ལ་དྭགས་བྱང་ཐང་མི་མང་གི་མངོན་འདོད་སོགས་ལ་རྒྱུས་ལོན་མེད་པའི་ཐོག་ནས་འདི་དང་དེ་བྱེད་ཀྱི་ཡིན་ཟེར་ན་ཧམ་པ་དང་རྫུན་ཆགས་ཀྱི་རེད། དེར་བརྟེན་ང་ཚོས་གནས་སྟངས་ཆ་ཚང་ཞིབ་འཇུག་བྱས་ཏེ་ལས་འཆར་བང་བསྒྲིག་རྒྱུ་ཡིན།
སོ་སོའི་ངོས་ནས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་རྒྱབ་སྐྱོར་ཞུ་ཡི་ཡོད། འདི་གར་མི་ཁ་ཤས་ཀྱིས་སྐུ་ངོ་སྤེན་པ་ཚེ་རིང་ལགས་ལ་འཇོན་ཐང་སོགས་ཀྱི་ཐོག་བསྡུར་ཐབས་མེད་ཀྱང་། སྐུ་ངོས་བོད་གཞུང་ཁྲིམས་བསྐྱལ་བ་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག དེའི་ཐོག་ལ་སྐུ་ངོ་ལགས་ཀྱིས་འགྲེལ་བཤད་བརྒྱབ་རྒྱུ་ཡོད་དམ།
ལན། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ངས་ཁེ་ན་ཌར་མ་འོངས་པར་ཁ་མཆུ་ཨང་ ༢༠ པ་དང་འབྲེལ་བའི་དྲི་བར་ལན་བརྒྱབ་ཀྱི་མིན་ཞེས་དམ་བཅའ་བྱས་པ་རེད། འོན་ཀྱང་ད་ལྟའི་དྲི་བ་དེ་ས་མཚམས་ལ་སླེབས་གྲབས་ཡོད་པ་ལྟ་བུ་རེད། འདི་ལ་ལན་འདི་འདྲ་ཞིག་བརྒྱབ་ན་སྐྱོན་ཡོད་པ་མ་རེད་བསམ་གྱི་འདུག བོད་གཞུང་དེ་ཁྲིམས་ལ་བསྐྱལ་ཟེར་བ་དེ་ནག་ཉེས་ཤིག་ལ་ངོས་འཛིན་བྱས་པའི་རྣམ་པའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད་ན། ངའི་ལྟ་སྟངས་ལ་འགྲེལ་བཤད་རྒྱག་མཁན་དེ་དམངས་གཙོ་ཟེར་བའི་འགྲོ་ལུགས་ཐད་ཞན་པོ་མེད་དམ་སྙམ་པ་བྱུང་། གང་ཡིན་ཟེར་ན། དམངས་གཙོ་ཟེར་དུས་འདྲ་མཉམ་དང་། ཐོབ་ཐང་དང་འགན། དེ་བཞིན་ཁྲིམས་ལུགས་ཀྱི་དབང་བསྒྱུར་ཞེས་བཤད་ཀྱི་ཡོད་པ་རེད་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་བཙུགས་དགོས་དོན་ཡང་དེ་རེད། དྲང་པོ་མ་བྱུང་ན་དྲང་པོ་ཡོང་རྒྱུའི་ཐབས་ལམ་དེ་ཁྲིམས་ཞིབ་ཁང་ལ་འགྲོ་ན་མ་གཏོགས་ཡོང་རྒྱུ་མེད་པ་དེ་རེད། ཡང་ན་ང་ཚོས་དམར་ཤོག་གམ་སྒེར་གཅོད་རིང་ལུགས་ཀྱི་གཞུང་ལྟ་བུ་བྱས་ན། ང་ཚོས་བཤད་བཞིན་པའི་དམངས་གཙོའི་གཞུང་ཚད་ལྡན་ཞིག་ཆགས་ཀྱི་མ་རེད། དེར་བརྟེན་ང་ཁྲིམས་ཁང་ལ་མ་འགྲོ་སྔོན་དུ་བསམ་བློ་མང་པོ་གཏོང་དགོས་ཀྱི་རེད་མ་གཏོགས། ང་འདོད་པ་ཁེངས་མ་སོང་ཞེས་བརྗོད་ནས་ཁྲིམས་ཁང་ལ་འགྲོ་རྒྱུའི་སྐད་ཆ་མ་རེད། ང་སྒེར་ལ་མཚོན་ན་དཀའ་ངལ་ཕྲན་བུ་ཡོང་སྲིད་པ་རེད། སྒེར་ལ་ཁྱད་པར་གང་ཡང་མི་འདུག དཔེར་ན་ངའི་ནང་མི་དང་ཉེ་འབྲེལ་རྒྱ་ཆེན་པོ་ཞེ་དྲགས་རེད། དཔེར་ན་ཁྱེད་རང་ལ་མི་གཞན་ཞིག་གིས་སྐྱོན་བྱས་མེད་ནའང་སྐྱོན་བྱས་པ་རེད་ཟེར་ན། སེམས་ལ་ག་ཚོད་ཕོག་གི་འདུག
ང་ལ་གནད་དོན་འདི་འདྲ་འཕྲད་དུས། གལ་སྲིད་དེ་གཙང་མ་མ་བཟོས་ན། མ་འོངས་པར་ངའི་ཕྲུ་གུ་ལ་མོ་རང་གི་པཱ་ལགས་སྔོན་མ་བོད་གཞུང་ནས་ཕུད་པ་རེད་ཟེར་ན། སྤྱི་ཚོགས་ནང་མགོ་བཀྱག་རྒྱུ་མེད་པ་ལྟ་བུ་ཆགས་ཀྱི་རེད། འོན་ཀྱང་དེ་གནས་ཚུལ་ཆུང་བ་རེད། གལ་ཆེ་བ་དེ་ང་ཚོའི་དམངས་གཙོའི་ལམ་ལུགས་ཚད་དང་ལྡན་པ་གནས་དགོས་ཀྱི་ཡོད་ན། དམངས་གཙོའི་ཀ་བ་གསུམ་ཀ་ཚད་དང་ལྡན་པ་དགོས་ཀྱི་རེད། དེར་བརྟེན་ང་ཁྲིམས་ཁང་ལ་མ་འགྲོ་སྔོན་དུ་བསམ་བློ་མང་པོ་བཏང་བ་རེད། ང་ཚོའི་གནད་དོན་དེ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ནང་བྱུང་ཚར་བ་རེད། དེའི་རྗེས་ཟླ་བ་ཁ་ཤས་རིང་ངས་ཁྲིམས་ཁང་གི་སྐད་ཆ་བཤད་མེད། གང་ཡིན་ཟེར་ན། ང་ཚོའི་དམངས་གཙོར་འགྲོ་སྟངས་ཤིག་ཡོད་པ་རེད། དང་པོ་འཛིན་སྐྱོང་གི་གནད་དོན་ཡིན་སྟབས་འཛིན་སྐྱོང་གིས་ག་རེ་གནང་གི་ཡོད་མེད་དང་། དེ་ནས་འཛིན་སྐྱོང་གིས་གནང་བཞག་པ་དེས་དཀའ་རྙོག་མ་བསལ་བ་ཡིན་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ག་རེ་གནང་གི་རེད་ཟེར་བ་དེ་རེད། དེར་བརྟེན་ངས་ཕྱི་ལོ་ ༢༠༡༨ ཀྱི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ཀྱིས་ག་རེ་བྱ་མིན་བསྒུགས་པ་ཡིན། གང་ཡིན་ཟེར་ན་གནད་དོན་དེ་གྲོས་ཚོགས་ཀྱིས་གླེང་རྒྱུ་ཞིག་ཆགས་པ་རེད། འོན་ཀྱང་གྲོས་ཚོགས་ཀྱིས་འདི་བྱ་འདི་མིན་གང་ཡང་མ་གནང་སྟབས། ང་ལ་ཐབས་ཤེས་དེ་ཁྲིམས་ཁང་ལ་འགྲོ་རྒྱུ་མ་གཏོགས་མེད་པ་རེད། དེར་བརྟེན་བསམ་བློ་མང་པོ་ཞིག་བཏང་ནས་ཕྱིན་པ་རེད་མ་གཏོགས། ངས་བོད་མིའི་སྒྲིག་འཛུགས་ཁྲིམས་ཁང་ལ་བསྐྱལ་ན་ང་ཞེ་པོ་ཞིག་ཆགས་ཀྱི་རེད་སྙམ་པའི་རྒྱུ་མཚན་གྱིས་མ་རེད། འདི་ལ་ངན་ཕྱོགས་ཀྱི་ཐོག་ནས་དགྲ་དགའ་གཉེན་སྡུག་ཆགས་པ་རེད་ཟེར་བའི་འགྲེལ་བརྗོད་འདྲ་མིན་བརྒྱབ་ཡོད་པ་རེད། ངས་ཁྲིམས་ལ་གཏུགས་པ་དེ་རྒྱ་ནག་དགའ་དགོས་པའི་གནས་སྟངས་གང་ཡང་མ་རེད། ཡང་གཞན་གྱིས་ངའི་བྱེད་སྟངས་འདིས་རྒྱ་ནག་ལ་ང་ཚོར་དམངས་གཙོ་ཚད་ལྡན་སྟོན་ཐུབ་པ་བྱུང་བ་རེད་ཅེས་འགྲེལ་བཤད་རྒྱག་མཁན་ཡོད་པ་རེད། དེར་བརྟེན་སོ་སོའི་འདོད་ཕྱོགས་དང་བསྟུན་ནས་འགྲེལ་བཤད་རྒྱག་མཁན་ཡོང་གི་ཡོད་སྟབས། དེ་ལ་ལན་ཕོག་རྒྱུ་མེད། ངའི་ཀུན་སློང་གཙོ་བོ་དེ་ང་ཚོར་དམངས་གཙོ་ཚད་དང་ལྡན་པ་ཡོང་རྒྱུ་དེ་རེད། གལ་སྲིད་དེ་ལྟར་མ་ཡོང་ན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་བར་སྐུ་ལས་བསྐྱོན་པ་ཚང་མ་མེད་པར་ཆགས་ཀྱི་རེད་བསམ་པ་དང་། ད་ལྟ་ང་སྲིད་སྐྱོང་དུ་ལངས་དོན་ཡང་དེ་སྲུང་སྐྱོབ་བྱ་ཆེད་ཡིན།
ང་ཚོས་དུས་རྒྱུན་ལྟར་ཟབ་སྦྱོང་ལྟ་བུའི་ལམ་ནས་མ་ཡིན་པར། གཞོན་སྐྱེས་ཚོའི་ཁྲོད་རྒྱལ་ཞེན་གྱི་བསམ་བློ་སྐྲུན་ཐབས་ཆེད་སྐུ་ངོ་ལགས་ལ་དམིགས་བསལ་ལས་འཆར་ཡོད་ན་གསུང་རོགས།
ལན། མི་རིགས་ཀྱི་ཞེན་ཁོག་དེ་སོ་སོའི་གནས་སྟངས་ཤེས་པའི་ཐོག་ནས་སླེབས་ཀྱི་རེད་མ་གཏོགས། སྐྱེས་པ་དང་ང་བོད་པ་ཡིན་ཟེར་ནས་རྒྱལ་ཞེན་སླེབས་ཐབས་མེད། དཔེར་ན་ང་ཚོ་ལྟ་བུ་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱ་རྒྱུའི་བསམ་བློ་དེ་ཡང་། ཆུང་ཆུང་སྐབས་ནས་ཕ་མས་བོད་ནང་གི་གནས་སྟངས་འགྲེལ་བཤད་བརྒྱབ་པར་བརྟེན། སོ་སོ་ལའང་ང་ཚོར་དཀའ་ངལ་དེ་དག་ཕྲད་འདུག་ཨང་སྙམ་པ་དང་སོ་སོ་བོད་པ་ཞིག་ཡིན་པའི་ཆ་ནས་འགན་ཞིག་མ་འཁུར་ན་འགྲིག་གི་མི་འདུག་བསམ་པ་བྱུང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྔོན་མ་གཞོན་སྐྱེས་རྣམས་ལ་འགན་ཁྲིའི་སྐོར་ཆུ་ཚོད་ ༡ ཙམ་རིང་ཟབ་སྦྱོང་གནང་སྐབས། གཞོན་སྐྱེས་ཚོས་ག་རེ་བྱེད་དགོས་མིན་ཚིག་གཅིག་ཀྱང་བཤད་མེད། དེའི་དོན་ནི་སོ་སོ་བོད་པ་ཞིག་ཡིན་པའི་ཆ་ནས་སོ་སོས་འགན་བླངས་ནས་ཤེས་པར་བྱེད་དགོས་ཟེར་བ་དེ་རེད། དེར་བརྟེན་ཟབ་སྦྱོང་དང་ཚོགས་འདུ་བརྒྱུད་དང་པོ་གནས་ཚུལ་གང་ཡིན་པ་དེ་མཁོ་སྤྲོད་བྱ་རྒྱུ་དེ་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་རྒྱུ་མཚན་གྱིས་ཁྱེད་ཚོ་ལངས་ཕྱོགས་འདི་དང་དེ་ལ་འགྲོ་དགོས་སྐོར་ཟེར་གྱི་ཡོད་པ་མ་རེད། དེ་ལྟ་བུའི་གནོན་ཤུགས་སུ་ལའང་སྤྲོད་ཆོག་གི་མ་རེད། དེས་མིའི་བསམ་བློའི་རང་དབང་ལ་དོ་ཕོག་འགྲོ་ཡི་ཡོད་པ་རེད། འོན་ཀྱང་གཞོན་སྐྱེས་ཚོར་དྷ་སའི་སྲིད་བྱུས་དང་།
བོད་ནང་གི་གནས་སྟངས། རྒྱལ་སྤྱིའི་གནས་སྟངས་སོགས་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དང་། དེའི་རྗེས་ལ་དོ་སྣང་བྱས་མ་བྱས་དེ་སོ་སོའི་ལག་ན་ཡོད་པ་རེད། དེར་བརྟེན་བོད་པའི་གནས་ཚུལ་རྣམས་ཤེས་རྗེས་རང་ཉིད་བོད་པ་ཞིག་ཡིན་སྙམ་པའི་སྤོབས་པ་དང་རྒྱལ་ཞེན་ཡོང་རྒྱུ་དང་། མི་གཞན་ལའང་བོད་སྐོར་བཤད་དགོས་ན་སྤོབས་པ་སྐྱེ་རྒྱུ་ཞིག་ཡོང་གི་རེད་ལ། གཞོན་སྐྱེས་ཚོས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁུར་དགོས་ཀྱི་ཡོད། གང་ལྟར་ང་སྲིད་སྐྱོང་དུ་བསྐོས་པ་ཡིན་ན། དེ་ལྟ་བུའི་རྣམ་དཔྱོད་ལྡན་པའི་གཞོན་སྐྱེས་སྐྲུན་ཐབས་དང་། ས་གནས་ལ་བཅར་སྐབས་ཀྱང་ཆེད་མངགས་གཞོན་སྐྱེས་དང་ཟུར་དུ་ཐུག་འཕྲད་སོགས་བྱ་རྒྱུ་ཡིན།
བརྙན་གྱི་འབྲེལ་ཐག https://www.facebook.com/tibettimespage/videos/436647817735854
བོད་ཀྱི་དུས་བབ་གསར་འགོད་པ་པ་སངས་ཚེ་རིང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་བཅར་འདྲི་བྱས།
ཡིག་ཐོག་ཕབ་པ་དེ་ཧ་ལས་པ་ཡག་པོ་བྱུང་འདུག དངོས་གནས་རིག་གནས་ཡག་པོ་ཡོད་མཁན་རེད་ཤག ཡི་རང་བསྔགས་བརྗོད་ཡོད།
ཀ་ཐོག་སྒང་གསུམ་ཡིན་རྒྱུ་མ་རེད་བཀའ་རྡོར་སྒང་གསུམ་ཡིན་གྱི་རེད། བཀའ་བློན་སྦུག རྡོ་རྗེ་གླིང་། སྒང་ཏོག་གསུམ་གྱི་བསྡུས་མིང་མིན་ནམ།
༄༄།། དུས་བབ་ནས་ཐུགས་འཁུར་ཆེ་སྐྱེས་ཀྱིས་སྲིད་སྤྱིའི་འགྲོ་གླེང་གནང་བར་མི་མང་ལ་ཕན་ཐོག་ཡོང་ངེས་ལ་ད་དུང་ཡང་མང་ཙམ་གནང་ཐུབ་པའི་རེ་བ་ཞུ་བཞིན་ཡོད་ད་རེད་ཀྱི་འགྲོ་གླེང་འདི་ནང་འདྲི་བ་འབུལ་མཁན་བཀའ་ལན་མནང་མཁན་གཉིས་ནས་རང་རེའི་རྩ་དོན་ཐོག་ཕན་ཚུན་འགྲོ་གླེང་ལྷུག་པོ་བྱུང་བ་དང་འབྲེལ་བདག་སོགས་གློག་པ་པོ་ཚོར་ཕན་ཐོག་ཡོང་འདུག་ན་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་མ་འོང་སྲིད་སྐྱོང་སུ་ཕེབས་ནས་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོང་གཞི་བསྒྲུབ་པ་དང་གཞིས་བྱེས་བོད་མིའི་ཙ་དོན་ཁོ་ནར་དགོང་བཞེས་ཀྱིས་གཞུང་མང་གཉིས་སྤུང་པ་མཉམ་ཞིབ་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད་བསྟན་ལེགས་ཀྱིས་།།