མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་བཤིག་ཅིང་།  སྒྲིག་འཛུགས་ཀྱི་རྨང་ལ་འབར་རྫས་བསྒྲོགས།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

འབུམ་ཐང་པ་སངས་ཚེ་རིང་།

༄༅།  །འདིར་ཞུ་བར་བྱ་བ་ནི།  ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཐོག་ཏུ་ཕུལ་བའི་སྒེར་གྱི་སྙན་ཞུ་དེར་སྣོན་འཕྲི་ཅུང་ཟད་བགྱིས་ཏེ་ཕྱི་ལོ་ ༢༠༢༡  ལོའི་ཟླ་  ༣  ཚེས་  ༢༥  ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་།   ཁྲིམས་ཞིབ་པ་གཉིས་དུས་གཅིག་ལ་འཕོ་འགྱུར་བཏང་བ་དེས་རྐྱེན་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འཁྲུགས་རྐྱེན་ཧ་ཅང་ཆེན་པོ་བྱུང་བའི་གནས་སྟངས་ལ་ཐོག་མའི་བྱུང་རྐྱེན་དང་།  བར་གྱི་བརྒྱུད་རིམ།   མཐའ་མའི་མཇུག་འབྲས་བཅས་ལ་གང་མཐོང་ཅི་ཤེས་དག་བརྗོད་པར་བྱ་རྒྱུར།

ཐེངས་འདིའི་གྲོས་ཚོགས་ཀྱི་ཐག་གཅོད་གནང་སྟངས་དེ་ནི་ཁྲིམས་ཀྱི་གཞི་རྩའི་གནས་སྟངས་དང་འགལ་ཡོད་པ་དང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་པ།   ཁྲིམས་སྒྲིག་ཁག་གི་ནང་གསལ་བའི་ཁྲིམས་དོན་བྱ་རིམ་དང་ཡང་འགལ་ཡོད་པ་སོགས་ཕྱོགས་ཡོངས་ནས་དྲང་བདེན་དང་ཁྲིམས་མཐུན་ཞིག་བྱུང་མེད་པར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པའི་མཚན་ཐོག་ཏུ་ཐེངས་འདིའི་གྲོས་འཆར་ཐག་གཅོད་དེ་བཞིན་ཕྱིར་འཐེན་དང་།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིབ་ཞིབ་པ་གསུམ་པོའི་ལས་གནས་བསྐྱར་གསོ་དགོས་པའི་ཐབས་ལམ་བསྟེན་དགོས་པའི་འབོད་སྐུལ་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་བཅུ་ཡི་མཚན་རྟགས་འཁོད་པའི་སྙན་ཞུ་དང་།   བཀའ་ཟུར་ཁག་ཅིག་གི་སྙན་ཞུ།  བཙན་བྱོལ་བོད་མིའི་སྲི་ཞུ་ལས་བྱེད་པ་ཟུར་པ་བརྒྱ་དང་དྲུག་ཅུ་རེ་ལྔའི་སྙན་ཞུ།  སྤྱི་འཐུས་ལས་ཐོག་པའི་སྙན་ཞུ།  བཅའ་ཁྲིམས་ཁྱད་མཁས་པའི་ལམ་སྟོན།   ཁྲིམས་ལུགས་ཆེད་མཁས་པའི་བསམ་འཆར།   གཞུང་འབྲེལ་མ་ཡིན་པའི་ཆོལ་ཁ་གསུམ་གྱི་ཚོགས་པས་གཙོས་ཚོགས་པ་དང་སྐྱིད་སྡུག་ཁག་མང་པོ་ཞིག་གི་སྙན་ཞུ།   བསམ་ཡོད་མི་མང་སྒེར་གྱི་སྙན་ཞུ།  དྲྭ་བའི་བརྒྱུད་ལམ་ཁག་ནས་མི་མང་དུ་མ་ཞིག་གི་ངག་ཐོག་འབུལ་སྐུལ་བཅས་གཅིག་མཇུག་གཉིས་མཐུད་ཀྱིས་ཕུལ་དང་འབུལ་བཞིན་ཡོད་ལ།  ཤེས་ལྡན་མི་སྣའི་ཆེད་རྩོམ་མང་དག་ཅིག་ཀྱང་སྤེལ་ཡོད།

ཕྱི་ལོ་  ༢༠༢༠  ལོའི་ཟླ་ ༥ ཚེས་ ༡༣  ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༢༠  ལོའི་ཟླ་ ༩  ཚེས་ ༡༦ རེས་གཟའ་ལྷག་པ་ནས་ཟླ་ ༩ ཚེས་ ༢༤  རེས་གཟའ་ཕུར་བུ་བར་ལས་དུས་ཉིན་གྲངས་བརྒྱད་རིང་ཚུགས་གཏན་འཁེལ་བའི་གསལ་བསྒྲགས་ཤིག་བསྐྱངས་ཟིན་པ་དེ་ལྟར་ཡང་།  ཕྱི་ལོ་  ༢༠༢༠  ལོའི་ཟླ་ ༨  ཚེས་ ༡༧ ཉིན་གྱི་སྔ་དྲོ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དབུ་བཞུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱར་སྤེལ་གནང་སྟེ།   སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༢༧ པའི་བཀའ་བསྡུར་ཐག་གཅོད་བྱུང་དོན་བཞིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠  དེ་བཞིན་གོང་གསལ་གསལ་བསྒྲགས་ནང་གསལ་གྱི་གཏན་འབེབས་དུས་ཚོད་ཐོག་ཚོགས་མི་དགོས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དྲུག་པ་དང་།   དོན་ཚན་བཞི་བཅུ་ཞེ་དགུ་པའི་ནང་གསེས་ ༢ པའི་ཆ་རྐྱེན་འོག་ནས་ཕྱི་ལོ་  ༢༠༢༡ ལོའི་ཟླ་  ༣ པའི་བར་འཕར་འགྱངས་བྱས་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་།    ཆབས་ཅིག  འགྲེལ་བརྗོད་ནང་”ཏོག་དབྱིབས་གཉན་རིམས་བཅུ་དགུ་པའི་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པ་དང་།  ལྷག་པར་དྷ་ས་ས་གནས་ནི་༸རྒྱལ་བའི་བཞུགས་སྒར་ཡིན་སྟབས་ང་ཚོས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ།  གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ཡང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་དཀའ་ངལ་ཡོད་པའི་ཆ་ནས་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་།   རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཇི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་དཀའ་བའི་གནས་སྟངས་ཀྱི་ཆ་ནས་ད་ལན་ཐག་གཅོད་དེ་བྱས་པ་ཡིན་གསུངས་འདུག” དེས་ན།

དང་པོ།  རྒྱུན་ལས་ཀྱིས་ལུང་དུ་དྲངས་པའི་བཅའ་ཁྲིམས་དོན་ཚན་དྲུག་པའི་འབྲུ་དོན་དེ་གྲོས་ཚོགས་འཕར་འགྱངས་སམ་ཕྱིར་བསྡུ་བྱས་པ་ལ་འབྲེལ་བ་ཇི་ལྟར་འདོགས་ཐུབ་བམ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པ།  རྒྱལ་སྤྱིའི་ཁྲིམས་ལུགས་དང་།  ཡུལ་ཁྲིམས་ལ་བརྩི་སྲུང་།  ཞེས་པའི་འོག  “བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་།  ཆབ་སྲིད་དབང་འཛིན་གྱི་བཀའ།  སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་།  ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ།“ ཞེས་གསལ་བས།   བཅའ་ཁྲིམས་ཀྱི་འབྲུ་དོན་འདི་དང་གྲོས་ཚོགས་ཚོགས་རྒྱུའི་བར་ལ་འབྲེལ་བ་གང་ཡང་མི་འདུག   འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཡིག་གང་བཟོས་པ་དང་།  དེ་བཞིན་ཆབ་སྲིད་དབུ་ཁྲིད་ཀྱི་བཀའམ་གསུང་འཕྲིན།  དེ་བཞིན་སྒྲིག་འཛུགས་མ་ལག་ཁག་གི་སྒྲིག་གཞི་གང་བཟོས་པ་དག   རྒྱལ་སྤྱིའི་ཁྲིམས་ལུགས་དང་ལྷག་པར་བོད་མི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་ཞེས་གསལ་བས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་ནས་འདི་ལོའི་བར་གྲོས་ཚོགས་ནམ་ཚོགས་ལ་འབྲུ་དོན་འདི་འགལ་མེད་ཐོག་ཚོགས་ཡོད་པས།   ༢༠༢༠ ལོའི་ཟླ་ ༩ པའི་ནང་ཚོགས་འཆར་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དེ་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ།  ལྷག་དོན་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་འགལ་བས་ཚོགས་མི་ཆོག་པ་དང་།   ༢༠༢༡  ལོའི་ཟླ་ ༣ པའི་ནང་ཚོགས་ཚེ་དེ་ལྟར་མི་འགལ་བའི་ལམ་སྟོན་བཀའ་རྒྱ་འདྲ་ཕེབས་ཡོད་ན་ནི་གནས་སྟངས་གཞན་ཞིག་ཡིན་མོད།    དེ་འདྲ་ཞིག་བྱུང་ཡོད་པ་ནི་དེ་རིང་བར་མཇལ་རྒྱུ་མི་འདུག་ལ།  དེ་བཞིན་དུ་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དགུ་པའི་ནང་གསེས་ ༢ པ་ལུང་དུ་དྲངས་པ་ལྟར་ན།  བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དགུ་པ།  སྤྱི་འཐུས་ལྷན་ཚོགས་ཀྱི་ཉུང་ཚད།  ཅེས་པའི་ནང་གསེས་ ༢ པར།  “སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།“ཞེས་གསལ་ཡོད།  དོན་ཚན་འདིའི་འབྲུ་དོན་ནི།  སྤྱི་འཐུས་རྣམས་གྲོས་ཚོགས་ཚོགས་དུས་དེར་འདུ་སྐོང་གིས་གྲོས་ཚོགས་ཚོགས་པའི་གནས་སྐབས་སུ་ངོ་ཡོད་སྤྱི་འཐུས་ཇི་ཡོད་ཀྱི་ཉུང་མཐའི་གྲངས་ཚད་མ་ལོན་པའི་གནས་སྐབས་སུ་ལག་བསྟར་བྱ་ཆོག་པའི་གོ་དོན་ཞིག་ལས།  སྤྱི་འཐུས་གྲོས་ཚོགས་མ་ཚོགས་པའི་སྔོན་ནས་ཚོགས་དུས་ཧྲིལ་པོ་ཞིག་འཕར་འགྱངས་སམ་ཕྱི་བསྡུ་བྱས་ཆོག་པའི་གོ་དོན་གཏན་ནས་གསལ་མེད།  དེ་ནི་སྣ་འཐེན་ནས་ཁ་ནང་དུ་སླེབས་ཐབས་བྱས་པ་ལས་མ་འདས།  ལར་ནས།   གོང་དུ་ཚོགས་གཙོའི་འཕར་འགྱངས་བྱས་པའི་གསལ་བསྒྲགས་ནང་།   “རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་དཀའ་ངལ་ཡོད་པའི་ཆ་ནས་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་།   རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཇི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་དཀའ་བའི་གནས་སྟངས་ཀྱི་ཆ་ནས་”ཞེས་གསལ་བས།  སྐབས་དེར་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་ཇི་ཙམ་ཞིག་ཚོགས་ཕེབས་མི་ཐུབ་པ་དང་།  ཕྱི་ལོའི་ཟླ་བ་གསུམ་པའི་ནང་ཚོགས་ཕེབས་ཐུབ་པའི་ཁག་ཐེག་ཀྱི་བདེན་ཁུངས་གང་ཡང་མི་འདུག་ཅིང་།   དེ་བས་རྒྱ་གར་ནང་ཡོད་སྤྱི་འཐུས་རྣམ་པ་ཅི་ཙམ་ཕེབས་ཞུགས་མི་ཐུབ་པ་རྟོགས་དཀའ་བའི་གནས་སྟངས་གཞིར་བཞག་སྟེ་འོས་ཚོད་ཀྱིས་ཐག་བཅད་པ་ཙམ་དུ་ཟད།   ༢༠༢༠ ལོའི་ཟླ་ ༩ ནང་ལ་གནས་ཡུལ་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་།  ས་གནས་ཀྱི་གྲོས་ཚོགས།  རྒྱལ་སྤྱིའི་ནང་དུ་ཡང་དུས་ཚོད་དེའི་ཡས་མས་སུ་གྲོས་ཚོགས་ཇི་སྙེད་ཅིག་ཚོགས་ཡོད་པའི་གནས་སྟངས་བྱུང་ཡོད་སྟབས།   བཙན་བྱོལ་བོད་མིའི་སྤྱི་འཐུས་མི་གྲངས་ལྔ་བཅུ་ཙམ་ཞིག་གྲོས་ཚོགས་ཚོགས་མི་ཆོག་པའི་གནས་སྟངས་ཤིག་ཡོང་གཞི་མེད་པར་གྱུར་ཡོད།   དེས་ལས་ལྡོག་ནས་ཚོགས་གཙོའམ་རྒྱུན་ལས་ཀྱི་སྐབས་དེའི་ཐག་གཅོད་དེ་ནི་རང་མཐོང་ཆེ་དྲག་སྟེ།   བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ།   སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ།  ཞེས་པའི་འོག “འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང་།   དུས་ཡུན།  ས་གནས་བཅས་སྤྱི་འཐུས་རྒྱུན་ལས་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང་།   ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།“ཞེས་པའི་འགན་དབང་བཀུར་བའི་བཀའ་ལས་ཡོངས་སུ་འགལ་འཛོལ་ཆགས་ཡོད།  དོན་ཚན་འདིའི་འབྲུ་དོན་ལ་བཅའ་ཁྲིམས་འདིའི་མགོ་མཇུག་བར་གསུམ་གང་དུ་ཡང་དམིགས་བསལ་གཏོང་ཆོག་པའི་དོན་ཚན་གཅིག་ཀྱང་གསལ་མེད་ལ།  བཅའ་ཁྲིམས་དོན་ཚན་ཞེས་གཉིས་པ།  སྤྱི་འཐུས་རྒྱུན་ལས།  ཞེས་པའི་ནང་གསེས་ ༢ པར།  “རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང་།  དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ།  སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ།“ ཞེས་པའི་འབྲུ་དོན་དང་ཡང་འགལ་བས་ཐེངས་འདིའི་བཅའ་ཁྲིམས་སྦོ་ལུག་སའི་གནད་དོན་ཡང་མཚམས་འདི་ནས་ཆགས་ཡོད།

གཉིས་པ།  འགྲེལ་བརྗོད་ནང་ཏོག་དབྱིབས་གཉན་རིམས་བཅུ་དགུ་པའི་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པ་ཡིན་ན།  ཐེངས་འདིར་ཕྱིར་འགྱངས་བྱས་ཀྱང་ ༢༠༢༡  ལོའི་ཟླ་ ༣ པའི་ནང་ཛ་དྲག་དེ་མུ་མཐུད་མི་གནས་པའི་ངེས་པ་མེད་ཅིང་།  སྔ་ལོ་ཕྱི་ཟླ་དགུ་པའི་ནང་རྡ་སར་གྲོགས་ཚོགས་ཚོགས་ན་༸རྒྱལ་བའི་བཞུགས་སྒར་ལ་འགན་ཁུར་དགོས་པ་དང་།  ཕྱི་ལོའི་ཕྱི་ཟླ་གསུམ་པའི་ནང་རྡ་སར་གྲོགས་ཚོགས་ཚོགས་ན་༸རྒྱལ་བའི་བཞུགས་སྒར་ལ་འགན་ཁུར་མི་དགོས་པ་རེད་དམ།  བོད་མི་གནས་ཡུལ་སྤྱི་དང་།  ལྷག་པར་རྒྱ་གར་ལྟ་བུར་མཚོན་ན།  ལོ་སྔོན་མའི་ཕྱི་ཟླ་དགུ་པའི་ནང་ལས་ཀྱང་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ནད་ཡམས་ཀྱི་ཁྱབ་ཚད་ཤུགས་ཆེ་རུ་དང་ཛ་དྲག་ཏུ་ཕྱིན་ཡོད་པ་མིག་གིས་མཐོང་ཆོས་སུ་གྱུར་བ་དེ་རེད་ལ།   དེ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་བཀའ་རྒྱ་ཡང་དེ་མུར་གནས་ཡོད།

དེས་ན་བཅའ་ཁྲིམས་སྦོ་ལུག་ཡོང་བའི་གནད་དོན་འདིས་རྐྱེན་པས་”ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་  ༢༠༢༠  ལོའི་ཟླ་ ༨ ཚེས་ ༢༡ ཉིན།   སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་བརྒྱུད་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ལ།  སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཐག་གཅོད་དེ་བཞིན་ཁྲིམས་མཐུན་བཟོ་དགོས་པའི་བཀའ་ཁྱབ་ལམ་སྟོན་གཅིག་མཇུག་སྔ་རྗེས་གནང་བའི་ནང་།   སྤྱི་འཐུས་རྒྱུན་ལས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་བྱས་པའི་གསལ་བསྒྲགས་བྱས་འདུག་པ་དེ།  སྤྱི་པའི་ཁེ་ཕན་ལ་གནོད་འགལ་འགྲོ་གཞིའི་གནད་ཆེའི་ཁྲིམས་དོན་གྱི་གནད་དོན་ཆགས་ཡོད་སྟབས།  ཁྲིམས་ཞིབ་ཁང་ནས་སྤྱི་མང་ཁྲིམས་ཡིག་དོན་ཚན།  ༦༩  [ཏ] གཞིར་བཟུང་ཁྲིམས་ཀྱིས་ངོས་བཞེས་བརྒྱུད་ཞིབ་འཇུག་བགྱིས་པ་ཡིན་ཞེས་འཁོད་འདུག”ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལ་དེ་ལྟར་བཀའ་ཁྱབ་ལམ་སྟོན་གཏོང་ཆོག་པའི་དབང་ཚད་ནི།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་པ།  བཅའ་ཁྲིམས་ཀྱི་ཚད་འཛིན།  ཅེས་པའི་ནང་གསེས་  ༡  པོར།    ཁྲིམས་ལུགས་དང་།  ཆབ་སྲིད་དབང་འཛིན་གྱི་བཀའ།  སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།   ཞེས་དང་།   ནང་གསེས་  ༢  པར།  གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།  ཞེས་དང་།  བཅའ་ཁྲིམས་དོན་ཚན་བཅུ་བཞི་པ།  གཞི་རྩའི་ཐོབ་ཐང་དང་།  ལས་འགན་ལག་ལེན་དོན་འཁེལ།  ཞེས་པའི་ནང་།  གོང་འཁོད་དོན་ཚན་ཁག་ནང་གསལ་གྱི་ཐོབ་ཐང་དང་།  ལས་འགན་ཁག་ལ་གནོད་འགལ་བྱུང་ཚེ་དོན་ཚན་ ༡༢ པ་ནང་གསལ་ཁྲིམས་ལུགས་ཀྱིས་བཀག་པ་ཕུད།  དེ་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་།  ཁྲིམས་ཞིབ་ཁང་འོག་མ་ཁག་ལ་སྐབས་བསྟུན་ཞུ་གཏུགས་ཆོག་པའི་ཐོབ་ཐང་ཡོད་ཅིང་།  ཁྲིམས་ཞིབ་ཁང་དེ་དག་ལ་གོང་འཁོད་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་བཀོད་འདོམས་བྱ་རྒྱུའི་དབང་ཆ་ཡོད།  ཅེས་དང་།  བཅའ་ཁྲིམས་ཀྱི་དོན་ཚན་དྲུག་ཅུ་རེ་དྲུག་པ།   ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།   ཅེས་པའི་ནང་གསེས་  ༡  པོར།  ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་གཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་།   བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།  ཞེས་དང་།   ནང་གསེས་  ༢   པའི།  [ཆ] པར།  གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ།  ཞེས་ཁྲིམས་ལུགས་སྲུང་སྐྱོབ་ཀྱི་འགན་དབང་ཆ་ཚང་བཀུར་ཡོད་པ་ལྟར་གོང་གསལ་བཀའ་ཁྱབ་ལམ་སྟོན་དེ་བཏང་བ་ཆགས་ཡོད།

འོན་ཀྱང་སྤྱི་འཐུས་རྒྱུན་ལས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལམ་སྟོན་དེ་ལྟར་བཏང་བ་ནི་བཅའ་ཁྲིམས་ཀྱི་འགན་དབང་ལས་འགལ་ཡོད་པར་ངོས་འཛིན་གྱིས་བཀའ་ཁྱབ་ལམ་སྟོན་དང་ལེན་མ་གནང་བ་དེ་རེད།  འོ་ན།  སྤྱི་འཐུས་རྒྱུན་ལས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་ཀྱིས་བཀུར་བའི་འགན་དབང་ལས་འགལ་བའི་བཀའ་ཁྱབ་ཡིན་པའི་སྒྲུབ་བྱེད་གང་དག་དྲངས་འདུག་ཅེ་ན།   བཅའ་ཁྲིམས་ཀྱི་དོན་ཚན་བཞི་བཅུ་ཞེ་དྲུག་པ།  སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་།   ཞེས་པའི་ནང་གསེས་  ༡  པོར།  “སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ།   དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང་།  འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་གཞུ་གཏུགས་མི་ཆོག“ ཅེས་དང་།   བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བརྒྱད་པ།  སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ།  ཞེས་པའི་ནང་གསེས་  ༡  པོར།  “སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག“ ཅེས་དང་།   ནང་གསེས་  ༢  པར།  “ལྷན་ཚོགས་ཀྱི་འགྲོ་ལུགས་དང་།   སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད།“ ཅེས་པའི་འབྲུ་དོན་རྣམས་ཁུངས་སུ་དྲངས་བཞིན་ཡོད་མོད།   འོན་ཏེ་སྤྱི་འཐུས་རྒྱུན་ལས་ནས་དྲངས་པའི་གོང་གསལ་བཅའ་ཁྲིམས་ཀྱི་འབྲུ་དོན་དེ་དག་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་པའི་རྒྱུད་རིམ་ནང་དང་།  སྤྱི་འཐུས་གྲོས་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ལ་སོགས་པའི་ཚོགས་ཆུང་དེ་དག་གིས་གྲོས་ཚོགས་ཚོགས་པའི་གནས་སྐབས་སུ་ལས་དོན་བྱེད་ཕྱོགས་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པར་གོ་བ་ལས།   སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་འདིའི་”ཚད་འཛིན་”གྱི་འབྲུ་དོན་ལས་འགལ་ཆོག་པའི་དབང་ཚད་གང་ཡང་བསྟན་མེད་ཅིང་།  དེ་ཡང་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དྲུག་པར།  “སུས་ཀྱང་ཁྲིམས་ཞིབ་ཁང་དུ་གཞུ་གཏུགས་མི་ཆོག་“ཅེས་པའི་གཞུ་གཏུགས་མི་ཆོག་པ་དེ་དོན་ཚན་དེ་རང་དུ་“གྲོས་མོལ་གླེང་ཕྱོགས་“དང་།  “འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་“དེ་གཞུ་གཏུགས་མི་ཆོག་ཅེས་གསལ་ལ།  དེ་བཞིན་དུ་སྤྱིར་དོན་ཚན་ལྔ་བཅུ་ང་བརྒྱད་པ་འདི་ནི།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་དོན་སྒྲུབ་བཞིན་པའི་གནས་སྐབས་སུ་གོ་གི་ཡོད་པ་ནི།  དོན་ཚན་འདི་གའི་འགོ་བརྗོད་དུ།  “སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ།“ ཅེས་གསལ་བར་བསྟན་ཡོད་པ་ཙམ་མ་ཟད།  “བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་“ཞེས་ཆེད་དུ་གསལ་ལ།   ལྷག་པར་དོན་ཚན་འདིར་གང་ཞིག་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ས་དེ་དོན་ཚན་འདི་རང་དུ།  “ལྷན་ཚོགས་ཀྱི་འགྲོ་ལུགས་དང་།   སྒྲིག་གཞི་བཟོ་འགོད་“བཅས་ཀྱི་ཆེད་”བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་“བྱེད་ཕྱོགས་ལ་”སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་“ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད།” ཅེས་གསལ་བར་བསྟན་ཡོད་ཀྱང་།   སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་།   སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་གཉིས་ཉ་ཉུང་མཉམ་གཅིག་ཏུ་བསྲེས་ནས་འགྲེལ་གྱི་ཡོད་པ་དེ་གོང་གསལ་བཅའ་ཁྲིམས་ཀྱི་དོན་ཚན་ལུང་དྲངས་སྟངས་ལས་གསལ་པོར་ཤེས་ཐུབ།   ང་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་གཉིས་པར་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་ཇི་ཡིན་དང་། བཅའ་ཁྲིམས་དོན་ཚན་སོ་བདུན་པར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ།   དེ་གཉིས་སོ་སོའི་ལས་དོན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ཀྱང་སོ་སོར་ཡོད་ཅིང་།  སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ལྷན་ཚོགས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཤིག་མིན་སྟབས་སྤྱི་འཐུས་རྒྱུན་ལས་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་བོ་ཞིག་ཆགས་ཐུབ་ཀྱི་མེད།

གནད་དོན་འདི་དག་དང་འབྲེལ་ནས་ཕྱི་ལོ་ ༢༠༢༡  ལོའི་ཟླ་  ༣  ཚེས་  ༢༥  ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་།   ཁྲིམས་ཞིབ་པ་གཉིས་དུས་གཅིག་ལ་འཕོ་འགྱུར་བཏང་ཡོད།   དེ་ལྟའི་འཕོ་འགྱུར་དེ་ནི་ཐོག་མའི་ཆ་ནས་ཁྲིམས་ཀྱི་གཞི་རྩའི་རང་བཞིན་དང་འགལ་ཡོད་པ་དང་།   ཁྲིམས་ལུགས་ལག་བསྟར་གྱི་ཆ་ནས་བཅའ་ཁྲིམས་དང་འགལ་ཡོད་པ།   ཐག་གཅོད་བྱ་རིམ་གྱི་ཆ་ནས་ཁྲིམས་སྒྲིག་དང་འགལ་ཡོད་ཅིང་།

༡༽  བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་ ༤ པར།  “སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་།   ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོས་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུུན་ལོ་ལྔ་འམ།  རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན།  ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ།“ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་།  ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གཏོང་རྒྱུའི་དབང་ཚད་ཅིག་བཀུར་ཡོད་མོད་ཀྱང་།   དབང་ཚད་སྤྱོད་ཕྱོགས་དེ་སྤྱི་འཐུས་སྒེར་གྱི་ཁེ་ཕན་དང་དབང་གྲགས་ཆེད་དུ་མ་ཡིན་པར།   དགོས་ངེས་ཁྲིམས་ཀྱི་བྱ་རིམ་བརྒྱུད་དགོས་པ་དེ།  བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་པ།  གྲོས་བསྡུར་བཀག་སྡོམ།  ཞེས་པའི་འོག   “ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་།   ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་།   སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་།   གྲོས་བསྡུར་བྱེད་མི་ཆོག“ཅེས་གསལ་བསྟན་པས།   གོང་གསལ་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་ ༤ པའི་འབྲུ་དོན་ལག་ལེན་དུ་བསྟར་དགོས་པའི་གནས་སྟངས་བྱུང་ཚེ།  བཅའ་ཁྲིམས་དོན་ཚན་ལྔ་པའི་འབྲུ་དོན་ཇི་བཞིན་ཁྲིམས་ཀྱི་བྱ་རིམ་ལག་ལེན་བསྟར་དགོས་པ་གསལ་ཡོད་ན་ཡང་།  སྐབས་འདིའི་གྲོས་ཚོགས་ཀྱི་ཐག་གཅོད་དེ་ནི་རལ་གྲི་གནམ་གཡུགས་ཀྱིས་ཕྱོགས་གཅིག་རྐྱང་པའི་འགྲེལ་བརྗོད་ཁོ་ནར་གཞིར་བཞག་སྟེ་ཐག་བཅད་པ་དེས།  བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པ་དང་།  དོན་ཚན་དགུ་པ།   དོན་ཚན་བཅུ་གཉིས་པ་ནང་གསལ་གྱི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་བརྩིས་མེད་བཏང་ཞིང་།  ཉེས་མེད་དག་འབུད་བྱེད་པའི་གོ་སྐབས་ཙམ་ཡང་གནང་མེད་སྟབས།  དེ་ནི་དབང་ཆ་གཅིག་བསྡུས་ཀྱི་བྱ་སྤྱོད་ཅིག་ལས་མང་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་ཤིག་བྱུང་མེད་པས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་ཡོད།

༢༽  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལག་བསྟར་བྱེད་ཕྱོགས་དང་འགལ་ཡོད་པ་ནི།  བཅའ་ཁྲིམས་དོན་ཚན་ལྔ་པར།  བཅའ་ཁྲིམས་ཀྱི་ཚད་འཛིན།  ཅེས་པའི་ནང་གསེས་  ༡  པོར། “ཁྲིམས་ལུགས་དང་།  ཆབ་སྲིད་དབང་འཛིན་གྱི་བཀའ།  སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།“ཞེས་པ་དང་།   ནང་གསེས་  ༢  པར།  “གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།“ཞེས་པ་དང་འགལ་ཞིང་།  དོན་ཚན་འདིར་བཙན་བྱོལ་བོད་མིིའི་སྒྲིག་འཛུགས་དང་།  དེའི་ཁྱབ་ཁོངས་དང་བཅས་པའི་ཁྲིམས་སྒྲིག་གི་རྩ་བ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡིན་ཞིང་།  ཆབ་སྲིད་དབུ་ཁྲིད་ཀྱི་བཀའམ་གསུང་འཕྲིན་དང་།  སྒྲིག་གཞི་བཅས་གང་ཡིན་ཡང་།  བཅའ་ཁྲིམས་ནང་གསལ་གྱི་འབྲུ་དོན་དང་འགལ་ཚེ།  འགལ་བའི་ཆ་དེ་མཐའ་མའི་ཐག་གཅོད་བྱེད་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འགན་དབང་ཡོད་པའི་བཀའ་ཁྱབ་ལ་མཁྱེན་བཞིན་དུ་ཁྱད་གསོད་བྱས་ཡོད་ལ།  བཅའ་ཁྲིམས་དོན་ཚན་བཅུ་བཞི་པ།  གཞི་རྩའི་ཐོབ་ཐང་དང་།  ལས་འགན་ལག་ལེན་དོན་འཁེལ།  ཞེས་པའི་ནང་། “གོང་འཁོད་དོན་ཚན་ཁག་ནང་གསལ་གྱི་ཐོབ་ཐང་དང་།  ལས་འགན་ཁག་ལ་གནོད་འགལ་བྱུང་ཚེ་དོན་ཚན་ ༡༢ པ་ནང་གསལ་ཁྲིམས་ལུགས་ཀྱིས་བཀག་པ་ཕུད།  དེ་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་།   ཁྲིམས་ཞིབ་ཁང་འོག་མ་ཁག་ལ་སྐབས་བསྟུན་ཞུ་གཏུགས་ཆོག་པའི་ཐོབ་ཐང་ཡོད་ཅིང་།  ཁྲིམས་ཞིབ་ཁང་དེ་དག་ལ་གོང་འཁོད་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་བཀོད་འདོམས་བྱ་རྒྱུའི་དབང་ཆ་ཡོད།“ཅེས་གསལ་བ་ལྟར་གཏན་འབེབས་ཁྲིམས་སྒྲིག་ཁག་དང་འགལ་འཛོལ་བྱུང་བའི་གནད་དོན་ཅི་རིགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དེ་དག་སྲུང་སྐྱོབ་དང་བཀོད་འདོམས་བྱ་རྒྱའི་དབང་ཚད་བཀུར་ཡོད་ཅིང་།  དེ་བཞིན་དུ་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་དྲུག་པ།   ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།  ཅེས་པའི་ནང་གསེས་ ༡ པོར།  “ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་།   བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།“ཞེས་གསལ་བས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་།  དེའི་ཁྱབ་ཁོངས་སུ་ཡོད་པའི་བོད་མི་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཡིན་པ་དང་།  ལྷག་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ཀྱིས་མཚོན་ཁྲིམས་སྒྲིག་ཡོངས་རྫོགས་སྲུང་སྐྱོབ་ཞུ་མཁན་གོང་ན་མེད་པའི་འགན་དབང་བཀུར་ཡོད་ཅིང་།  སྤྱི་འཐུས་རྒྱུན་ལས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རྩོད་གླེང་དང་།   གྲོས་ཚོགས་སུ་གྲོས་འཆར་འདོན་པའི་གནས་སྐབས་སུ་སྤྱི་མང་གཏུགས་བཤེར་ཁྲིམས་ཡིག་གི་དོན་ཚན་དྲུག་ཅུ་རེ་དགུ་པའི་ནང་གསེས་[ཏ]པ། “ཁྲིམས་ཀྱི་ངོས་བཞེས་“ཞེས་པ་ལག་བསྟར་གནང་བའི་ཁྲིམས་དོན་དེ་བཅའ་ཁྲིམས་ཀྱི་དབང་ཚད་ལས་འགལ་བར་ཀླན་ཀ་བཙལ་བ་དང་།  ཕྱོགས་གཞན་ཞིག་ནས་ཁྲིམས་དོན་དེ་འདྲ་ཞིག་བཟོ་བཀོད་གཏན་འབེབས་གནང་བ་ཤེས་ཚོར་མ་བྱུང་བའི་འགྲེལ་བརྗོད་གནང་བ་ནི་ཟེར་རྒྱུས་འཕོངས་པའི་གཏམ་དུ་ཟད་དེ།   ཕྱི་ལོ་ ༢༠༡༡ ལོར་ཆེད་དུ་གྲོས་ཚོགས་འཕར་མ་འདུ་སྐོང་གིས་བཅའ་ཁྲིམས་བསྐྱར་བཅོས་གཏན་ལ་ཕབ་པ་ནས་བཟུང་སྔར་སྲོལ་སྤྱི་འཐུས་ལྷན་ཚོགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གཏན་འབེབས་གང་གནང་གི་ཁྲིམས་སྒྲིག་ཁག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོག་མཆན་མཚན་བཀོད་གནང་ལམ་དེ་བཞིན་བསྐྱར་བཅོས་གནང་རྗེས།  ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་བདུན་པའི་འོག་དགོས་མཁོའི་ཁྲིམས་སྒྲིག་གཏན་འབེབས་གནང་ཆོག་པའི་འགན་དབང་རང་ཆས་སུ་བཀུར་བ་དང་།   གོང་གསལ་བརྒྱུད་ལམ་དེ་བསྐྱར་བཅོས་གནང་ཉིན་ནས་བརྒྱུད་ལམ་གསར་པ་གཞན་ཞིག་བརྟེན་མི་དགོས་པ་གནང་བ་དེ་ཡང་།   མང་གཙོའི་ཀ་བ་གསུམ་པོར་ལྗིད་མཉམ་སྟངས་འཛིན་ཡོང་སླད་དུ་དམིགས་པ་ཞིག་ཡིན་པ་མཁྱེན་བཞིན་དུ་སྤྱི་འཐུས་རྒྱུན་ལས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལམ་སྟོན་ལ་བརྩི་བཀུར་མ་ཞུས་པ་དང་།  སྤྱིར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་ཁག་ལ་བསྐྱར་བཅོས་ཐེངས་འགའ་གནང་བ་གསལ་ལ།  སྤྱི་མང་ཁྲིམས་ཡིག་གི་དོན་ཚན་དྲུག་ཅུ་རེ་དགུ་པའི་ནང་གསེས་[ཏ]པ་ཚུད་པའི་ཁྲིམས་ཡིག་གི་དོན་ཚན་ཁག་ཅིག་བསྐྱར་བཅོས་དང་གསར་བཅུག་གང་གནང་ངོ་བཤུས་ཁག་ ༢༠༡༩ ལོའི་ཟླ་ ༡༠  ཚེས་ ༡༦ ཉིན་བཀའ་སྤྱི་ལྷན་རྒྱས་སུ་ཕུལ་ཡོད་པ་ཙམ་མ་ཟད།  འགྲོ་ལུགས་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་རྣམས་ལ་མཁྱེན་རྟོག་སླད་ངོ་བཤུས་འབུལ་གཏོང་སོང་བ་ཡིན་དགོས་མོད་ཀྱང་།  ཁྲིམས་ཡིག་བསྐྱར་བཅོས་དེ་འདྲ་ཞིག་མཁྱེན་རྟོག་མ་བྱུང་ཚུལ་གྱི་འགྲེལ་བརྗོད་གནང་ཡོང་བ་ནི།  ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྣང་ཆུང་ཁྱད་གསོད་ཙམ་མ་ཟད་ཡིད་ཆེས་དང་ཐུགས་རེ་གནང་སྟེ་བོད་མི་མང་གི་སྤྱི་འཐུས་ཀྱི་ཞབས་སྟེགས་འབུལ་མཁན་བོད་མིའི་ཚོའི་ཐུགས་རེ་ཡང་རྒྱབ་སྐྱུར་བྱས་པ་ཞིག་ཆགས་ཡོད།

༣༽  ཐག་གཅོད་ཀྱི་བྱ་རིམ་ཆ་ནས་ཀྱང་འགལ་ཡོད་པ་ནི།   ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་འཆར་དེ་བཞིན་ ༢༠༢༡ ལོའི་ཟླ་ ༣ ཚེས་ ༢༥ ཉིན་གློ་བུར་དུ་གྲོས་ཚོགས་སུ་བསྣམས་ཡོང་སྐབས་སྤྱི་འཐུས་རྒྱུན་ལས་རྣམ་པས་གྲོས་འཆར་དེ་འདྲ་ཞིག་འདོན་གྱི་ཡོད་པ་མཁྱེན་གྱི་ཡོད་ན་ལས།  ཕྱོགས་བཞུགས་སྤྱི་འཐུས་རྣམ་པས་ཚོགས་གཙོ་སྦྲེལ་པོས་གྲོས་ཚོགས་སུ་དེ་ཉིན་གྲོས་འཆར་དེ་འདྲ་ཞིག་འདོན་རྒྱུའི་གསལ་བཤད་མ་བྱས་བར་མཁྱེན་རྟོག་བྱུང་མེད་པ་དང་།  བཅའ་ཁྲིམས་དོན་ཚན་ལྔ་པ་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་།  ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཞེ་ལྔ་པ།  དོན་ཚན་ལྔ་གསུམ་པ།  དོན་ཚན་ལྔ་བཞི་པ་བཅས་ཀྱི་ནང་དུ་གསལ་བའི་ཁྲིམས་ཀྱི་བྱ་རིམ་གང་ལ་ཡང་མ་བརྟེན་པར།   སྤྱི་འཐུས་རྒྱུན་ལས་ཀྱི་གྲོས་ཆོད་གྲོས་འཆར་དེ་བཞིན་ལྐོག་ལྐོག་སུད་སུད་དང་བྲེལ་བྲེལ་ཚུབ་ཚུབ་ཀྱིས་གསང་བའི་འོས་འཕེན་གྱི་མིང་ཐོག་ནས་ཆེས་གལ་འགངས་ཆེ་བའི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ཀ་བ་དེ་སྒེར་ནས་སྤྱི་ལ་སྤུངས་ཏེ་ཆུ་ཚོད་གཅིག་དང་ཕྱེད་ཀའི་ནང་རྨང་ནས་གཏོར་བ་དེ་ནི་རང་མཐོང་ཆེ་དྲག་པའི་ཕོ་ཚོད་ཀྱི་དབང་དུ་སོང་བའམ་དགོས་པ་གཞན་ཞིག་གི་ཆེད་དུ་ཡིན་ན་ལས་ཁྲིམས་མཐུན་ལུགས་མཐུན་ཞིག་གཏན་ནས་ཆགས་ཐུབ་མེད།

གྲོས་ཚོགས་ཀྱིས་ ༢༠༢༡  ལོའི་ཟླ་ ༣ ཚེས་ ༢༥ ཉིན་ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་བའི་གྲོས་ཆོས་བཞག་པ་དང་འབྲེལ་ནས།  ཚེས་ ༢༦ ཉིན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་ཁག་ཅིག་བཏོན་གནང་བ་ལས།  རེ་ཟུང་བརྩིས་མེད་ཕྱིན་པ་ཕུད་དོན་ཚན་བདུན་ལ་བསྐྱར་བཅོས་བྱས་ཡོད།  གང་བསྐྱར་བཅོས་གནང་བའི་དོན་ཚན་ཁག་ནི།  བཅའ་ཁྲིམས་དོན་ཚན་ལྔ་པ་དང་།  དོན་ཚན་བཞི་བཅུ་པ།  དོན་ཚན་ལྔ་བཅུ་ང་བརྒྱད་པ།  དོན་ཚན་དྲུག་ཅུ་རེ་གསུམ་པ།  དོན་ཚན་དྲུག་ཅུ་རེ་དྲུག་པ།  དོན་ཚན་དྲུག་ཅུ་རེ་བདུན་པ།  དོན་ཚན་དགུ་བཅུ་གོ་བདུན་པ་བཅས་ཡིན་ཞིང་།  དེ་དག་ལས་དོན་ཚན་གཅིག་མ་གཏོགས་དྲུག་ཆ་ཚང་ཐེངས་འདིའི་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བའི་གནད་དོན་འབྲེལ་བ་ཆགས་ཡོད།  སྔ་ཉིན་གྱི་གྲོས་འཆར་དེ་བཞིན་ཁྲིམས་མཐུན་ལུགས་མཐུན་ཞིག་བྱུང་ཡོད་ཚེ།  ཚེས་ ༢༦  ཉིན་བྲེལ་བྲེལ་ཚུབ་ཚུབ་ཀྱིས་དོན་ཚན་དེ་དག་བསྐྱར་བཅོས་གནང་དགོས་དོན་ཆགས་ཀྱི་མེད།  གང་ཡིན་ཞེ་ན།  གྲོས་ཆོས་གྲོས་འཆར་དེ་ཁྲིམས་མཐུན་མ་བྱུང་བར་བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་ཡོད་སྟབས།  གྲོས་འཆར་དེ་ཉིད་ཁྲིམས་མཐུན་བཟོ་ཆེད་བསྐྱར་བཅོས་གནང་དགོས་བྱུང་ཡོད།  དེ་ལྟར་གྱུར་ན།  ཁྲིམས་ཀྱི་དབང་སྒྱུར་ཡིན་རབ་གླེང་གིན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་གང་ཟག་གི་དབང་སྒྱུར་དུ་སོང་བས།  གཅིག་བསྡུས་རིང་ལུགས་ཀྱི་རྒྱ་ནག་གུང་ཁྲན་ཏང་གིས་ཁྲིམས་ལུགས་ལག་བསྟར་བྱེད་སྟངས་ཀྱི་འགྲན་ཡར་མི་འགྱུར་གྲང་།   ལར་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་ལ་ཡང་དེ་ལྟར་དབང་ཚད་ལོག་འགྱུར་གནང་གི་ཡོད་ན་གཞི་རིམ་མི་མང་ཉམས་ཆུང་དག་གི་མགོ་ལ་ཤོད་ཅི་དགོས།

དེ་ལྟར་གོང་གསལ་བཅའ་ཁྲིམས་བསྐྱར་བཅོས་གནང་བའི་ཁྲོད་ནས་བཅའ་ཁྲིམས་དོན་ཚན་ལྔ་པའི་བསྐྱར་བཅོས་དེས།  བཅའ་ཁྲིམས་ཀྱི་ཚད་འཛིན་ལ་དོ་ཕོག་དང་།  བཅའ་ཁྲིམས་དོན་ཚན་དྲུག་པའི་དབང་ཚད་ལས་འགལ་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་ལ་ཚོད་འཛིན།  མང་གཙོའི་ཀ་བ་གསུམ་གྱི་ལྗིད་མཉམ་སྟངས་འཛིན་དོན་གྱིས་སྟོང་པར་བཟོས་ཡོད་པ་ནི།  སྤྱི་མང་ཁྲིམས་ཡིག་གི་དོན་ཚན་དོན་ཚན་དྲུག་ཅུ་རེ་དགུ་པའི་ནང་གསེས་[ཏ]པའི་དགོས་དོན་བེད་མེད་དུ་བཏང་བ་དེ་ཡིན།  བཅའ་ཁྲིམས་དོན་ཚན་བཞི་བཅུ་པར་བསྐྱར་བཅོས་གནང་བ་དེས།   བཅའ་ཁྲིམས་དོན་ཚན་ང་གཉིས་པ་དང་།  སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞིའི་དོན་ཚན་བཞི་པ་དང་ལྔ་པའི་འབྲུ་དོན་ཁག་ཀྱང་བརྩིས་མེད་བཏང་ཡོད།   བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པར་བསྐྱར་བཅོས་བྱེད་དོན་ནི།  ད་ཐེངས་གྲོས་ཚོགས་ཀྱིས་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་པར།   ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་།   ཁྲིམས་ཞིབ་པ་གཞན་གཉིས་“གང་རུང་“འཕོ་འགྱུར་བྱ་རྒྱུའི་སྐོར་ཞེས་དང་།  བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པར།   སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་པ་ཞིབ་པ་ཆེ་བ་དང་།   ཁྲིམས་ཞིབ་པ་གཞན་གཉིས་བཅས་“སུ་རུང་“འཕོ་འགྱུར་དགོས་པའི་གྲོས་ཆོས་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ཞེས་པའི་འབྲུ་དོན་ལས་འགལ་བའི་ཐག་གཅོད་དེས་རྐྱེན་པས་བསྐྱར་བཅོས་མ་བྱེད་ཐབས་མེད་དུ་གྱུར་ཞིང་།   སླེབས་ལ་ཉེ་བའི་སྐབས་བཅུ་དྲུག་པའི་བཀའ་ཤག་ལྷན་རྒྱས་དང་།  སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་ལས་འཁུར་དམ་འབུལ་ཞུ་ཡུལ་ཡོངས་སུ་གཏོར་བརླགས་བཏང་ཟིན་སྟབས།  དོན་ཚན་འདིའི་བསྐྱར་བཅོས་ནི་ཉེས་ཅན་པའི་ལས་འཛོལ་འགེབས་ཐབས་ལ་དམིགས་པའི་བསྐྱར་བཅོས་ཤིག་ཆགས་ཤིང་།  འདི་ཡི་ཞོར་དུ་བཅའ་ཁྲིམས་དོན་ཚན་དགུ་བཅུ་གོ་བདུན་པ་ཡང་འབྲུ་སྣོན་བསྐྱར་བཅོས་བྱས་མོད།  འོན་ཀྱང་བྱེད་ཐབས་དེ་ནི་ཧོལ་རྒྱུུགས་རང་བཞིན་གྱི་བྱེད་སྟངས་ཤིག་ལས།  སྤྱི་ལ་སྨན་པ་དང་དོན་ལ་གནས་པའི་བྱེད་སྟངས་ཤིག་བྱུང་མེད་ཅིང་།  དོན་ཚན་འདིའི་ཚིག་བརྗོད་དང་དོན་མཐུན་གྱི་དོན་ཚན་བརྒྱ་དང་གཅིག་གི་ནང་གསེས་ ༡ པོ་དང་།  དོན་ཚན་བརྒྱ་དང་བདུན་གྱི་ནང་གསེས་ ༡ པོའི་ཀ་པའི་འབྲུ་དོན་གཉིས་ལ་འབྲུ་སྣོན་བསྐྱར་བཅོས་གཏོང་རྒྱུ་གཏིང་བརྗེད་སོང་ཡོད།  བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་དྲུག་པའི་ནང་གསེས་ ༢ པའི་ཆ་པ། “གོང་གསལ་དོན་ཚན་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་“ཞེས་པ་འཕྲི་བཅོས་བྱས་པ་དེས།  གོང་བརྗོད་དོན་ཚན་ལྔ་པར་བསྐྱར་བཅོས་བྱས་པ་དང་གཅིག་མཚུངས་དང་།   དེ་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ལ་དོ་ཕོག་བཏང་ཞིང་།  མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་དང་།    མང་གཙོའི་ལམ་ལུགས་ཀྱི་ཆེས་བླ་ན་མེད་པའི་ཁྲིམས་ལུགས་དབང་འཛིན་རྨང་ནས་ནུས་མེད་བཟོས་ཡོད་པས།  དེ་ལྟར་བཟོ་བའི་རྒྱབ་ལྗོངས་དམིགས་ཡུལ་ལ་ཅི་ཞིག་སྦས་ཡོད་པ་ཚོད་དཔག་དཀའ་ཡང་།  བཅའ་ཁྲིམས་དོན་ཚན་རེ་བདུན་པར་སྣོན་བཅོས་བྱས་པ་དེ་ཡང་གོང་བརྗོད་དོན་ཚན་ལྔ་པ་དང་།  དོན་ཚན་དྲུག་ཅུ་རེ་དྲུག་པར་བསྐྱར་བཅོས་བྱས་པའི་གནད་དོན་དང་གཅིག་མཚུངས་སུ་སྣང་།

དེས་ན་ད་ཐེངས་སྐབས་བཅུ་དྲུག་པའི་སྐབས་བབས་སྤྱི་འཐུས་རྒྱུན་ལས་འདི་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྦོ་ལུགས་པའི་འགོ་བརྩམས་པ་དང་།   སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འདི་ནས་མང་གཙོའི་ཀ་བ་གསུམ་ཆ་མི་ཚང་བར་བཏང་བ་ཙམ་མ་ཟད།  བཅའ་ཁྲིམས་བསྐྱར་བཅོས་ཀྱི་གནད་དོན་ལ་དཔགས་ན་རིང་པོར་མི་ཐོག་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱང་རྨང་ནས་སྦོ་ལུག་རྒྱུའི་སྟ་གོན་ཞིག་རིམ་བཞིན་བསྒྲིགས་ཟིན་འདུག་གོ །

གཞན་ཡང་བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་མེད་ཅིག་གནང་ཡོད་མེད་གང་ལྟར་ཡང་ ༢༠༢༡ ལོའི་ཟླ་ ༤ ཚེས་ ༢༧ ཉིན་ཚོགས་དྲུང་ལས་ཁུངས་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཕྱི་ལོ་ ༢༠༢༡  ལོའི་ཟླ་ ༥ ཚེས་ ༢༠ རེས་གཟའ་ཕུར་བུ་སྟེ་གཞུང་འབྲེལ་གྲོས་ཆོད་ཁོ་ན་མ་གཏོགས་འདོན་མི་ཆོག་པའི་ཉིན་ཚོགས་རྒྱུའི་གསལ་བསྒྲགས་ཤིག་སྤེལ་འདུག་པས་དེ་བས་བརྗོད་མི་ཤེས་པའི་ཡ་མཚན་ཞིག་མ་སྐྱེས་དཀའ་མེད་དུ་གྱུར།  ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏོང་རྒྱུའི་མིང་ཐོག་ཏུ་བཏོན་པའི་གྲོས་ཆོད་གྲོས་འཆར་ཤོག་ལྷེ་བདུན་ཅན་དེའི་ནང་ཁ་སྔོན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ ༢༠༢༠ ལོའི་ཟླ་ ༩ པའི་ནང་ནད་ཡམས་ཀྱི་རྐྱེན་པས་གྲོས་ཚོགས་ཚོགས་ཐབས་མེད་ཚུལ་ཨུ་ཚུགས་མཐའ་སྐྱེལ་གནང་ཡང་།  ད་ལྟའི་གནས་སྐབས་སུ་གནས་ཡུལ་རྒྱལ་ཁབ་ནང་ནད་ཡམས་ཀྱི་གནས་སྟངས་བརྗོད་ཐབས་བྲལ་བའི་ཛ་དྲག་ཏུ་གྱུར་ཡོད་པ་དང་།  རྒྱལ་སྤྱིའི་འགྲུལ་བཞུད་ཕལ་མོ་ཆེ་བཀག་སྡོམ་ཡོད་པ་ཤེས་བཞིན་དུ་གྲོས་ཚོགས་ཚོགས་འདུ་འཕར་མ་ཚོགས་ཐུབ་པའི་གནས་སྟངས་ཤིག་ཡོང་བཞིན་པ་ནི་དེ་བས་ཡ་མཚན་སྐྱེ་གཞི་ཞིག་མ་ཡིན་ནམ།    དེ་བཞིན་དུ་ ༢༠༢༡ ལོའི་ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་བརྙན་འཕྲིན་བརྒྱུད་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མི་ཡོངས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་པོའི་འཕོ་འགྱུར་གྱི་གནད་དོན་སྐོར་གླེང་སློང་མི་གནང་བའི་འབོད་སྐུལ་ཟེར་བ་ཞིག་གནང་འདུག་པས།   བརྗོད་དོན་ལ་ཉན་གྱིན་ཉན་གྱིན་ཉེ་སྔོན་གྲོས་ཚོགས་ནས་ཁྲིམས་དང་སྒྲིག་གཞི་གང་ལ་ཡང་ལྟོས་མེད་ཀྱིས་ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་བཏང་བར་བསམ་ཡོད་མི་མང་ཡོངས་རྫོགས་བློ་ཕམ་དང་བྱེད་ཕྱོགས་དེའི་རྒྱབ་ལྗོངས་ལ་དོགས་པ་ཆེན་པོས་གླེང་སློང་བྱེད་ཀྱིན་པ་རེད་མོད།  སྲིད་སྐྱོང་གི་བཀའ་མོལ་དེ་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དེའི་རྒྱབ་ཏུ་མངོན་པར་མི་གསལ་བའི་ལྐོག་གཡོ་ཆེན་པོ་ཞིག་གི་རྒྱབ་གཟུགས་དེ་བས་ཤུགས་ཀྱིས་མངོན་བཞིན་འདུག་ལ།   ཡང་སྙིང་ད་ལྟའི་བཀའ་སྤྱི་ལས་ཐོག་པ་ཚོས་ལྐོག་ཇུས་ཅི་ཞིག་བཤམས་ཀྱི་ཡོད་དམ་སྙམ་པའི་དོགས་པ་ཇེ་ཆེ་རེད་འདུག   མི་མང་གི་རེ་འབོད་ལ་ཁ་བཙུམས་ཟེར་ནས་ཉེན་བརྡ་བཏང་ཡོང་ན་དེ་ནི་ཏག་ཏག་ཅིག་ག་ལ་ཡིན་ཏེ།  མི་མང་འ་ཆད་འུ་ཐུག་པའི་རེ་འབོད་དེ་བཀའ་སྤྱི་གཉིས་ཀྱིས་ཐོས་རྒྱུ་ཙམ་ཞིག་གི་ཆེད་དུ་མིན་པ་དེ་བས་ལོས་ཤེས།   ད་ཆ་རི་ལུགས་པ་ཐག་པས་མ་འདུམ་སའི་གནས་སྟངས་ལ་གྱར་ཡོང་སྐབས་དེའི་ནག་ཉེས་ཡོངས་རྫོགས་མི་མང་གི་མགོ་ལ་གཡོག་བརྩིས་དང་།   གྲོས་ཚོགས་འཕར་མ་ཚོགས་འཆར་དང་དེའི་སྐབས་སུ་ཁྲིམས་ཞིབ་པ་གསུམ་གྱི་མི་འགྲོ་འདེམས་སྒྲུག་ཚོགས་ཆུང་གིས་འདེམས་སྒྲུག་གང་གནང་གི་མི་འགྲོ་དག་ཁྲིམས་ཞིབ་པར་བསྐོར་འཆར་ཡིན་ལུགས་བརྗོད་བཞིན་འདུག    དེ་ལྟའི་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མིའི་མི་འགྲོ་སུ་དག་ཡོད་དམ།  ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ལ་ཐོག་མ་ཉིད་ནས་རྒྱས་བཅས་གང་ཞིག་གནང་ཡོད་དམ།  དེ་དག་བསྐོ་གཞག་བྱེད་མཁན་གྱི་ངོར་ཏན་ཏན་དགོས་པ་གཞན་ཞིག་ཡོད་སོང་ན་ཡང་།  བཙན་བྱོལ་མི་མང་བསམ་ཡོད་ཀུན་གྱིས་དེར་གཏན་ནས་ངོས་ལེན་ཞུ་ཐབས་བྲལ་ཞིང་།  གོང་གསལ་མི་འགྲོའི་ཁོངས་སུ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཙམ་མ་ཟད་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ངོས་ནས་ཀྱང་ནག་ཉེས་བསག་ཟིན་པའི་གང་ཟག་ཅིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཆེ་བའི་ཁྲིམས་ཞིབ་པའི་མི་འགྲོ་འདེམས་སྒྲུག་ཚོགས་ཆུང་དུ་བསྐོས་སྒྲིག་བྱས་པ་ནི།   བསམ་བཞིན་དུ་འཛམ་གླིང་མི་མང་གི་མདུན་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་།  ༸གོང་ས་༸སྐྱབས་མགོན་ཆེན་པོས་དབུས་པའི་གཞིས་བྱེས་བོད་མི་ཡོངས་རྫོགས་ལ་ཡིད་ཆེས་མེད་པ་དང་།  ནག་ཉེས་བཟོ་ཐབས་ཅིག་མ་ཡིན་ནམ།   དེས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མི་རབས་རྒན་པ་ཚོས་དཀའ་བ་དང་དུ་བླངས།  ངལ་བ་ཁྱད་དུ་བསད་ནས་བསྐྲུན་པའི་མི་རིགས་ཤིག་གི་བདེན་དོན་འཐབ་རྩོད་ཀྱི་ནུས་པ་སྤུངས་སའི་སྒྲིག་འཛུགས་དེ་ད་ཆ་གང་ཟག་རེ་ཟུང་གིས་ཤེས་བཞིན་དུ་མིག་གི་མདུན་ནས་གཏོར་བརླགས་འགྲོ་གཞིའི་སྦྱོར་བ་རྩོམ་བཞིན་པ་སེམས་ཀྱིས་མ་བཟོད་པར་སྐུལ་སློང་རྣམ་དག་ཅིག་གིས་ཀུན་ནས་བསླངས་ཏེ་ཁ་ནང་གི་རྨ་དེ་ཁ་ནང་ནས་གསོ་ཆེད་སྦྲུལ་མདུད་སྦྲུལ་གྱིས་བཤིག་སྟེ་སྤྱི་ཚོགས་ལ་འགན་འཁུར་བའི་སྒོ་ནས་རྟ་ལ་བྱམས་པ་དང་སྒ་ལ་བཟོ་བའི་སླད་དུ་འགན་ཁྲི་ཡོད་པ་དག་གིས་ ༢༠༢༡ ལོའི་ཟླ་ ༣ ཚེས་ ༢༥ ཉིན་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཉིད་ཕྱིར་འཐེན་གྱིས་ཁྲིམས་ཞིབ་པ་རྣམ་པ་གསུམ་གྱི་ལས་གནས་བསྐྱར་གསོ་དང་།   དེ་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཇི་བྱས་དག་སྔར་སོར་ཆུད་པའི་ཐབས་ལམ་བསྟེན་རྒྱུ་ནི་གནད་ཀྱི་དམ་པ་ཡིན།

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

ཆུ་ཚོད་ ༥ སྔོན་ལ།
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧

མཆན། 3

  1. Dipsel Lhamo says:
    ལོ་ 4 སྔོན།

    ང་ཚོའི་སྤྱི་ཚོགས་ཆུང་ངུ་དེ་རི་བོང་ཅལ་འདྲོག་ལྟར་གནད་དོན་གང་ཞིག་རྣམ་པར་མ་དཔྱོད་པའི་འུར་སྒྲོག་གི་རྗེས་འདེད་བྱ་རྒྱུའི་གོམས་གཤིས་ངན་པ་རྒྱུན་གཤིས་སུ་དར་ཆགས་བཞིན་རེད།    ད་ལྟའང་སྤྱི་ཚོགས་དྲྭ་རྒྱའི་ནང་དུ་མི་ངོ་དངོས་སུ་ཐོན་ཏེ་གཟུ་བོར་མ་གནས་པའི་འཆོལ་གཏམ་དང་རྫིག་གཏམ་སྨྲས་པ།   ངན་བརྡ་དང་གཤེ་གཤེ་གཏོང་བ།   དཀྲུག་ཤིང་དང་དཀྲོག་གཏམ་སྤེལ་བ།   པར་རིས་རྫུན་བཟོ་འགྲེམ་སྤེལ་བྱས་པ།   དངོས་དོན་མ་འཚམས་པའི་ཐེན་འཁྱེར་གྱི་ཟུར་མཆན་འགོད་པ་སོགས་ཇི་སྙེད་ཅིག་བྱུང་དང་འབྱུང་བཞིན་པ་ཙམ་ལས།    ཉེ་ལམ་བྱུང་བའི་འགག་རྩའི་འཁྲུག་གཞི་སུ་ལ་ཐུག་ཡོད་མེད་བཅའ་ཁྲིམས་དང་སྒྲིག་གཞི་རྒྱབ་རྟེན་བཟུང་སྟེ་བགྲོ་གླེང་དང་དཔྱད་ཞིབ་ངེས་དོན་གནད་ལ་འཁེལ་བ་ཞིག་གི་ཐོག་ནས་བདེན་པ་དག་གསལ་བྱ་རྒྱུའི་རྣམ་དཔྱོད་ཀྱི་མ་འདང་བ་མངོན་གསལ་མཐོང་།     འོན་ཀྱང་སྐུ་ཉིད་ཀྱིས་ད་ལན་བཅའ་ཁྲིམས་དང་སྒྲིག་གཞི་དཔང་བཞག་གིས་ལས་དོན་བྱ་རིམ་འགལ་འཛོལ་སུ་ཡིས་གནང་ཡོད་མེད་ལག་ཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་ལོང་བས་མཐོང་ཞིང་འོན་པས་ཐོས་ནུས་པའི་དཔང་རྟགས་ཁུངས་སྐྱེལ་ར་སྤྲོད་གསལ་པོ་གནང་འདུག་པས་ཡི་རང་སྙིང་ནས་ཞུ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 4 སྔོན།

    གནད་ལ་འཁེལ་བ་དང་དོན་ལ་སྨིན་པ་བཅའ་ཁྲིམས་ལ་འགན་ཁུར་བའི་དཔྱད་རྩོམ་འདི་ལ་རྗེས་སུ་ཡིད་རངས་དང་རྒྱབ་སྐྱོར་ཡོད་།

    Reply
  3. ལྷག་པ་དོན་གྲུབ། says:
    ལོ་ 4 སྔོན།

    བཅའ་ཁྲིམས་དོན་ཚན་ཞེས་གཉིས་པ། སྤྱི་འཐུས་རྒྱུན་ལས། ཞེས་པའི་ནང་གསེས་ ༢ པར། “རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང་། དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ། སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ།“ ཞེས་པའི་འབྲུ་དོན་དང་ཡང་འགལ་བས་ཐེངས་འདིའི་བཅའ་ཁྲིམས་སྦོ་ལུག་སའི་གནད་དོན་ཡང་མཚམས་འདི་ནས་ཆགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese