དཀོན་མཆོག་བསྟན་འཛིན། རྡ་ས།
སྔོན་གླེང་། དཀའ་རྙོག་འདི་གང་མགྱོགས་སེལ་ཐབས་གནང་དགོས།
དཀའ་རྙོག་འདི་མགྱོགས་པོར་སེལ་ཐབས་གནང་དགོས། གཅིག སྐུ་པར་གྱི་མདུན་ནས་དམ་འབུལ་ཞུ་མཁན་དག་གི་འོག་ལ་རླུང་རྒྱག་མཁན་ཚོའི་ཁྲོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཁ་འཐོར་དགུ་འཐོར་དུ་བུད་སོང་ཚེ། བསམ་པའི་དོན་འགྲུབ། འདོད་པའི་ཆར་བབ་སོང་མཁན་མང་པོ་ཞིག་ཡོད་པ་ཟུར་ནས་བལྟས་ན་ལེབ་ཀྱིས་མཐོང་བའི་ཚད་རེད། དེས་དཀའ་རྙོག་འདི་རྒྱུན་རིང་ལྷག་མི་རུང་བའི་རྒྱུ་མཚན་གཙོ་བོ་དེ་བསྐྲུན་ཡོད། གཉིས། ད་ལྟའི་ནད་ཡམས་འདིས་རྒྱ་གར་སྤྱི་མཚུངས་ལྟར། བཙན་བྱོལ་བོད་མིའི་ཁྲོད་མི་རྒྱུ་སྲོག་གསུམ་ལ་དཀའ་ངལ་ཚད་མེད་བཟོ་བཞིན་པའི་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་འཆར་རིམ་པར་བསྒྲིགས་ཟིན་ཡང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་དོན་དུས་ལྟར་འགྲོ་ཐུབ་ཀྱི་མེད་པའི་རྐྱེན་གྱིས་བྱ་དགོས་པ་མང་པོ་ཞིག་རང་བཞིན་གྱིས་བཀག་ཡོད་ལ། དེའང་སྔར་བྱུང་མྱོང་མེད་པའི་ནད་ཡམས་ཀྱི་དཀའ་ངལ་འདི་འདྲའི་སྐབས་སུའང་། ད་དུང་རང་ཕྱོགས་ཙམ་ཞིག་གཙོ་བོར་བཟུང་ནས་མི་མང་དཀྱུས་མ་ལ་དགོས་མཁོ་ཐོག་ལ་དུས་བསྟར་གཟིགས་སྐྱོང་མ་ཐུབ་པ་ནི་ཧ་ཅང་ཡ་ང་སྙིང་རྗེ་བྲལ་བའི་ལས་ཤིག་ཡིན་པ་རྒྱ་ཆེ་མང་ཚོགས་ཀྱིས་མཁྱེན། གསུམ། རྒྱ་ནག་ཏུ་ཚོགས་གཏན་འཁེལ་བའི་ ༢༠༢༢ ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕི་ཁི་རྩེད་འགྲན་སླེབ་གྲབས་ལ་ཉེ་བའི་མཚམས་འདིར། ཨི་ལིམ་ཕི་ཁི་དང་འབྲེལ་བའི་ཁྱབ་བསྒྲགས་རྫུན་བཟོ་དང་། དཔལ་འབར་སྐོར་བསྐྱོད་སོགས་ཀྱི་ལས་རིམ་དག་རིམ་པས་བསྒྲིགས་ནས་ཡོང་རྒྱུ་ཡིན་པ་སྔར་གྱི་ཉམས་མྱོང་ལས་ཤེས་ཐུབ་པ་ལྟར། རྒྱལ་སྤྱིས་རྒྱ་ནག་ལ་བལྟས་ཡོད་ཀྱང་། བོད་པས་ནང་ལ་བལྟས་བསྡད་ན་བོད་དོན་སླར་ཡར་རྒྱལ་སྤྱིའི་སྟེང་བསྐྱལ་རྒྱུའི་གོ་སྐབས་རྩ་ཆེན་ཞིག་ཤོར་ཉེ་ཆེ་ལ། ལྷག་པར་འདས་པའི་ལོ་འགའི་ནང་ནས་ཡུ་གུར་དང་ཧོང་ཀོང་གི་གནད་དོན་ཁྲོད་བོད་དོན་གནས་སྐབས་རིང་རྒྱལ་སྤྱིའི་སྟེགས་བུའི་སྟེང་ནས་ཡལ་ཟིན་པའི་སྣང་བ་ཞིག་མང་པོར་སྤྲད་ཡོད་ལ། དེ་ལའང་ཕྱི་རྐྱེན་ནང་རྐྱེན་མང་པོ་ཡོད་ཀྱང་སྐབས་སུ་མ་བབ་པས་བཤད་མི་འདོད།
དང་པོ། རྩོད་རྙོག་གི་རྩ་བ་དང་དེ་སེལ་ཐབས་ཀྱི་གདམ་ཀ་གཞན།
སྐུ་པར་གྱི་མདུན་ནས་དམ་འབུལ་ཞུ་མཁན་ཚོས་རྩོད་པ་འདི་ལ་ཡིག་ཆ་ཨང་ ༣༩ པའི་ཕྱི་ལྤགས་གཡོག་པ་ཙམ་ལས། དོན་རྡོག་ནི་ཁོ་ཚོས་ཁྲིམས་དོན་གྱི་རྩོད་པ་ཞིག་ལས་བརྒལ་དེ་གང་ཟག་ལྟེ་བར་བཟུང་བའི་རྩོད་པ་ཞིག་གི་ཕྱོགས་ལ་འཁྲིད་བཞིན་པ་ངོས་འཛིན་ཐོབ་དགོས། དེ་ལྟར་མིན་ན་བཅའ་ཁྲིམས་གཞི་ལ་བཞག་ནས་རྩོད་པ་མི་སློང་བར། སྤྱི་འཐུས་སུམ་ཅུ་སོ་གཅིག་གིས་རྒྱབ་སྐྱོར་ཐོབ་པའི་ཡིག་ཆ་དེ་མི་མང་གི་མངོན་འདོད་ཡིན། ཞེེས་མི་མང་རྨོངས་ཐབས་བྱས་པ་དང་། དམ་འབུལ་ཞུ་ས་ཙམ་ཞིག་རྩ་བར་བཟུང་ནས་རྙོག་རྒྱག་དོན་གྱི་རྩ་བ་བོར་ཟིན་པ་ཡིན། གནས་སྟངས་འདིའི་འོག་ནས་༧སྐུ་མདུན་ལ་ཡར་མ་ཞུ་བར་ལམ་ཀ་གཞན་ཞིག་ཡོད་པ་ད་ལྟ་མཐོང་དཀའ། ཁྲིམས་ཀྱི་སྟེང་ན་རྩོད་ས་ཞིག་ལྷག་མེད་པ་ཤེས་བཞིན་དུ་ད་དུང་རྩོད་རྒྱུ་ཡིན་ཟེར་ན་རྩོད་གཞི་མེད་པའི་རྩོད་པ་ཙམ་ལས་གང་ཡང་མ་རེད། མདོ་དོན་༧སྐུ་མདུན་དབུ་བཞུགས་ཀྱིས་སྲིད་སྐྱོང་གི་དམ་འབུལ་ཞུས་པ་ནས་སྐད་ཆ་འདི་ལ་བསྐྱར་སློག་རྒྱག་སའི་གཞི་མེད་པ་ཆགས་ཟིན། གདམ་ཀ་གཉིས་པ། ད་ལྟ་ཚོགས་གཙོ་གཞོན་འདེམས་མ་ཐུབ་པས་བཅའ་ཁྲིམས་དོན་ཚན་༤༩ བའི་དགོངས་དོན་ལྟར༼དམིགས་གསལ་ཚོགས་ཆེན༽བསྡུ་བསྐོངས་བྱ་རྒྱུའི་ལམ་ཀ་དེ་ཞོར་ལ་འགག་ཟིན་ཡོད། གདམ་ཀ་གསུམ་པ་ཞིག་ནི། མི་མང་གི་འོས་ཤོག་གི་ལམ་ནས་ཐག་གཅོད་ཐབས་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པ་ལྟར་སྣང་ཡང་། དེ་ནི་བཅའ་ཁྲིམས་ཀྱི་དོན་ཚན་ ༡༡༢ པས་སྤྲད་པའི་འགན་དབང་ཞིག་ཡིན་པ་སོང་། བཅའ་ཁྲིམས་དོན་ཚན་དེ་བཅའ་ཁྲིམས་བསྐྱར་བཅོས་སྐབས་ཕྱིར་བསྡུ་ཞུས་ཟིན། དེས་ན་ཕྱོགས་གཉིས་ཀས་འདོད་མོས་ཡོད་པའི་ཁྲིམས་མཐུན་གྱི་ཐབས་ལམ་ཞིག་མེད། དེ་མ་ཟད་ཁྲིམས་དོན་གྱི་རྩོད་པ་ཞིག་ལ་སྡེ་ཚན་བྱེ་བྲག་པ་གང་གིས་ཀྱང་བར་འདུམ་མི་ཐུབ་ལ། ལྷག་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་རྩོད་ཉོག་ཅིག་ལ་༧སྐུ་མདུན་གྱིས་བཀའ་སློབ་ཕེབས་དགོས་ན་ཕེབས་ཐབས་མེད་པ་ལྟ་བུ་གྱུར་ཡོད།
གཉིས་པ། རྩོད་པ་འདི་ཁྲིམས་དོན་གྱི་རྩོད་པ་ཡིན་ཟེར་ན།
གལ་སྲིད་སྐུ་པར་གྱི་མདུན་ནས་དམ་འབུལ་ཞུ་མཁན་ཚོའི་ངོས་ནས་རྩོད་པ་འདི་ཁྲིམས་དོན་གྱི་རྩོད་པ་ཞིག་ཡིན་པ་ཨུ་ཚུགས་སྐྱོན་རྒྱུ་ཡིན་ན། འཇུ་ས་གཅིག་ལས་མེད། དེ་ནི་ཁྲིམས་ཞིབ་པ་རྣམས་ཡར་ཕེབས་སྟངས་ཀྱི་ཐད་ནས་ཡིན་པ་ལས། ཡིག་ཆ་ཨང་ ༣༩ པ་དེ་བཅའ་ཁྲིམས་དང་མཐུན་མིན་གྱི་རྩོད་པ་རྒྱག་གི་ཡོད་པའི་རྣམ་པ་གང་ཡང་མི་འདུག ཁྲིམས་ཞིབ་པ་རྣམས་ཡར་ཕེབས་སྟངས་དེའང་བཅའ་ཁྲིམས་དང་འགལ་བའི་ཆ་ཞིག་༼ ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་ཟེར་བ་དེ༽ཡོད་པ་མི་ཡིས་ཉིན་མོར་བཙལ་ནས་མི་རྙེད་པ་ཞིག་ལ། འདྲེ་ཡིས་མཚན་མོ་བཙལ་ནས་རྙེད་འགྲོ་རྒྱུ་ཞིག་མེད་པ་ཤེས་དགོས་ཀྱང་། ཁྲིམས་ཞིབ་པ་རྣམས་ཡར་ཕེབས་སྟངས་དེ་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་ཀྱིས་ཕེབས་ཡིན་པ་ཤེས་པར་གནད་དོན་གཙོ་བོ་གསུམ་ཤེས་དགོས། གཅིག ཁྲིམས་ཞིབ་པ་རྣམས་ཀྱིས་དང་པོ་ལས་འགན་ནས་བཤོལ་དགོས་པའི་ཁྲིམས་ལུགས་ཀྱི་རྒྱབ་ལྗོངས་ཤེས་དགོས། གཉིས། ཁྲིམས་ཞིབ་པ་རྣམས་གནས་སྐབས་ལས་གནས་ནས་བཤོལ་བའི་རྒྱུ་མཚན་ཐད་ཀར་བ་དེ་ཤེེས་དགོས། གསུམ། བཅའ་ཁྲིམས་ཀྱིས་གནང་བའི་རྒྱུ་མཚན་མཐར་ཐུག་པ་དེ་ཤེས་དགོས།
དང་པོ། དེའང་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༢ པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིགས་ཡིག་དོན་ཚན་༧༩ པའི་འོག་ནས་ལས་འགན་བཤོལ་བ་( Recues ) ཡིན་པ་ལས། ཁྲིམས་ཞིབ་པ་རྣམ་པས་བཅའ་ཁྲིམས་དང་འགལ་བའི་ནག་ཉེས་ཤིག་བསགས་པ་ངོས་ལེན་གྱིས་གཏན་དུ་ལས་གནས་ནས་རྩ་དགོངས་ཞུས་ཟིན་པ་སྔ་རྗེས་ཀྱི་ཡིག་ངག་གང་དུའང་མི་གསལ་བ་ཐོག་མར་ཤེས་དགོས། གཉིས་པ། ཐོག་མར་ཁྲིམས་ཞིབ་པ་རྣམས་གནས་སྐབས་ལས་འགན་ནས་བཤོལ་དགོས་དོན་ཡང་། བཅའ་ཁྲིམས་དོན་ཚན་ ༥ བའི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐར་ཐུག་གི་དབང་ཚད་སྤྱད་དེ། གྲོས་ཆོད་༼ ཡིག་ཆ་ཨང་ ༣༩ ༽དེ་རྩིས་མེད་ཀྱི་བྱ་རིམ་ལག་བསྟར་བྱས་ཚེ། ལྷན་སྐྱེས་དྲང་བདེན་( natural Justice )ཞེས་པའི་ཁྲིམས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ལ་གནོད་འགལ་འབྱུང་ཉེན་ཡོད་པའི་ཆ་ནས་ལས་འགན་བཤོལ་བ་ཡིན་པ་གསལ་ཡོད། ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེས་ ༢༢ ཉིན་ཚོགས་གཏན་འཁེལ་བའི་གྲོས་ཚོགས་འཕར་མ་དེ་ཉུང་མཐའི་གྲངས་ཚད་མ་ལོངས་པར་བསྐོངས་ཐབས་བྲལ་བ་གསལ་བསྒྲགས་ཡོངས་སུ་བྱས་ཟིན་པ་དང་། དུས་དེ་ནས་བཟུང་ལས་ཀྱི་བགྱི་བ་མཐའ་དག་ཁྲིམས་འགལ་འབའ་ཞིག་གི་ངོ་བོར་ཕྱོགས་ཟིན་པ་བཅའ་ཁྲིམས་རང་ངོས་ནས་ཐག་བཅད་ཟིན་པའི་ཁར། ཁྲིམས་ལུགས་མཁས་དབང་མང་པོས་ཀྱང་དགོངས་པ་རྩེ་མཐུན་གྱིས་དེ་ལྟར་བཞེེས། གནས་སྟངས་དེའི་འོག་ནས་ལྷག་བསམ་ཅན་གྱི་བཀའ་ཟུར་དང་གཞུང་ཞབས་ཟུར་བ། ཁྲིམས་ཞིབ་པ་ཟུར་བ། མི་མང་དཀྱུས་མ་སྟོང་ཕྲག་མང་པོས་དུས་གཅིག་ཏུ་ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་གནང་བ་ལ་བརྟེན་ནས། ཁྲིམས་ཞིབ་པ་གསུམ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྲུང་སྐྱོབ་སླད་སླར་ཡང་ཡར་ཕེབས་པ་ཞིག་ཡིན། གསུམ་པ། ཁྲིམས་ཞིབ་པ་རྣམས་ཡར་ཕེབས་པ་དེས་ཁྲིམས་དང་སྒྲིག་གཞི་གང་ལའང་འགལ་ཆ་བྱུང་མེད་པའི་རྩ་བའི་རྒྱུ་མཚན་མཐར་ཐུག་པ་དེ་ནི། བཅའ་ཁྲིམས་དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན། ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། Article 5: The extent of the Charter’s validation 1) Any laws, executive orders and regulations that are in violation of any of the provisions of this Charter shall be deemed invalid. ཞེས་པ་འདི་ཡིན། གོང་གི་རྒྱུ་མཚན་གསུམ་པོ་འདིས། བརྒྱུད་རིམ་གང་ཡང་མེད་པར་ནང་ལ་འཛུལ་བ་ཟེར་བ་མི་མང་རྨོངས་ཐབས་བྱས་པ། མི་མང་གི་འཐུས་མི་སུམ་ཅུ་སོ་གཅིག་གིས་འོས་བླུག་ནས་ཕྱིར་ཕུད་བཏང་བ་ཞིག་ཅེས་མི་མང་ལ་ངར་སློང་བ་ལྟ་བུ་ནི་ཆེད་དུ་བཟོས་ནས་བཀྲམས་པའི་དཀྲོག་གཏམ་ཞིག་ཡིན་པ་བོད་མི་མང་གིས་མཁྱེན་དགོས་ལ། ལྷག་པར་རྒྱ་ཆེ་མང་ཚོགས་ཁྲོད་ལོག་རྟོག་ཁྱབ་སྤེལ་བྱས་པ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་མེད་པ་དང་། བོད་མིའི་སྒྲིག་འཛུགས་ལ་བློ་མ་དཀར་བ། ཤ་མ་ཚ་བ། འགན་མ་འཁུར་བའི་བྱ་སྤྱོད་ཅིག་ཡིན་པ་བསྐུང་འདོད་ཀྱང་སྐུང་ཐབས་མེད་པ་ཞིག་ཡིན། མཐར་དེད་ན་ཆེད་དུ་བཟོས་ནས་བཀྲམས་པའི་སྐད་ཆ་ལ་དེ་བཟོ་མཁན་རང་ཉིད་ཀྱིས་འགན་མ་འཁུར་བར་འགྲོ་ས་མེད་པ་རེད།
གསུམ་པ། ཕྱོགས་གཉིས་ཀྱི་སྐུ་ཚབ་ཚུར་སྐོང་ཐབས།
གལ་སྲིད་༧སྐུ་མདུན་ལ་ཞུ་རྒྱུའི་ལམ་ཀར་འགྲོ་ཚེ། ཕྱོགས་གཉིས་ཀྱི་སྐུ་ཚབ་ལྷན་འཛོམས་ཀྱིས་གྲོས་བསྡུར་བྱེད་དགོས་པ་དང་། ཕྱོགས་གཉིས་ཀྱི་སྐུ་ཚབ་ཐད་ཀར་རམ་ཚོགས་སྡེ་གསུམ་པ་ཞིག་གིས་ཕྱོགས་གཉིས་ཀྱི་འཐུས་ཚབ་འབོད་འགུག་གིས་བར་འདུམ་བྱ་རྒྱུ་ལས། འོས་བསྡུ་ལས་ཁུངས་སམ། ཚོགས་དྲུང་། ཡང་ན་ཕྱོགས་གཅིག་གི་སྐུ་ཚབ་སོགས་གཅིག་པས་༧སྐུ་མདུན་ལ་ཞུ་ཐབས་མེད་ལ། དེ་ལྟར་གནང་ན་དཀའ་ངལ་སྔར་བས་ཆེ་རུ་འགྲོ་རྒྱུ་དང་། མཐར་སྐུ་མདུན་ལ་ཞུས་པའི་འབྲས་བུ་ནི་གཞིས་བྱེས་བོད་མི་ཡོངས་ལ་བློ་ཕམ་ཚད་མེེད་ཅིག་འབྱུང་བའི་རྒྱུ་རྐྱེན་དུ་འགྱུར་རྒྱུ་ལས་མེད་པ་ཤེས་དགོས། དེར་བརྟེན། ཕྱི་རྒྱལ་སྤྱི་འཐུས་དག་གིས་འགན་འདི་འཁུར་ན་ཧ་ཅང་འཚམས་པོ་ཡོད་ཀྱང་། དམ་འབུལ་མ་ཞུས་སྔོན་དང་ད་ལྟ་གཉིས་གནས་སྟངས་ཅུང་མི་འདྲ་བས་ཁོ་ཚོར་བར་འདུམ་པའི་ཆ་རྐྱེན་ཚང་མིན་ཕྱོགས་གཉིས་ཀས་ངོས་ལེན་ཐུབ་མིན་མི་ཤེས།། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཅིག་གིས་ཀྱང་བྱ་ཐུབ་ན་ཡག་པོ་ཡོད་ཀྱང་། ལྷ་རབ་བྱུང་ན་བར་ལ་ཚོགས་པ་དང་མི་སྒེར་གསུམ་པ་ཞིག་དགོས་དོན་མེད་པར་ཕྱོགས་གཉིས་ཀྱི་སྐུ་ཚབ་ཐད་ཀར་མཉམ་འཛོམས་ཀྱིས་གྲོས་སྡུར་གནང་ཐུབ་ན་དེ་ལས་ཡག་པ་ག་ལ་ཡོད།
བཞི་བ། ཕྱོགས་གཉིས་ཀྱི་སྐུ་ཚབ་འཛོམས་ན་གནས་ཚུལ་གཉིས་གསལ་བོར་བཟོ་ཐུབ་དགོས།
ཕྱོགས་གཉིས་ཀྱི་སྐུ་ཚབ་ཡོད་པའི་བར་འདུམ་གྱི་ཚོགས་འདུ་དེའི་ཐོག་ནས་གནད་དོན་གཙོ་བོ་གཉིས་ཐག་གཅོད་ཐུབ་དགོས། གཅིག ༧གོང་ས་མཆོག་ལ་མ་ཞུས་ན་ཐབས་ལམ་གཞན་མེད་པ་ཕྱོགས་གཉིས་ཀྱིས་ངོས་འཛིན་ཁས་ལེན་ཞུ་ཐུབ་དགོས། གཉིས། ཡིག་ཆ་ཨང་ ༣༩ པ་ཕྱོགས་གཉིས་ཀྱི་ངོས་ནས་རྩིས་མེད་དུ་བཏང་ཟིན་པ་ཁས་ལེན་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་དགོས། ཆ་རྐྱེན་དེའི་འོག་ནས་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དགོངས་དོན་ལྟར༧སྐུ་མདུན་ལ་ཕྱོགས་གཉིས་ཀྱི་སྐུ་ཚབ་ཀྱིས་དཀའ་ངལ་དག་ཞུ་དགོས།
ལྔ་པ། སྔོན་འགྲོའི་ཆ་རྐྱེན་སྐྲུན་དགོས་དོན།
ཡིག་ཆ་ཨང་ ༣༩ བ་ཕྱོགས་གཉིས་མོས་ཀྱིས་རྩིས་མེད་དུ་གཏོང་དགོས་པའི་ཆ་རྐྱེན་སྔོན་དུ་འགྲོ་དགོས་པ་ལ་རྒྱུ་མཚན་ཆེན་པོ་གསུམ་མཐོང་གི་འདུག གཅིག ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀོད་ཁྱབ་འོག ༧ སྐུ་མདུན་དབུ་བཞུགས་ཀྱིས་སྲིད་སྐྱོང་རྙིང་པས་སྲིད་སྐྱོང་གསར་བར་དབང་ཆ་རྩིས་སྤྲད་ཟིན་པ་ཡིན་པས། སྐུ་མདུན་དབུ་བཞུགས་ཀྱི་དམ་འབུལ་དེ་རྩིས་མེད་གཏོང་ཐབས་ཤིག་ཡོད་པ་བོད་མི་ཚོའི་སེམས་ངོར་དྲན་མི་ཤེས་ལ། དེ་ལས་ཐབས་སྡུག་པའི་གནས་ཚུལ་ཅིག་ང་ཚོའི་མི་ཐོག་འདིར་འབྱུང་ཐབས་མེད་པ་ལྟ་བུ་རེད། གལ་སྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་དམ་འབུལ་དེ་རྩིས་མེད་ཀྱིས་དམ་འབུལ་གསར་དུ་ཞུ་དགོས་རྒྱུ་ཡིན་ཟེར་ན། དུས་དེ་ནས་བཟུང་ང་ཚོས་ཕན་ཚུན་ལ་དཔའ་དང་དཔུང་བ་མངོམ་མི་དགོས་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲོག་སྙིང་། ཆིག་སྒྲིལ་གྱི་འདུ་ཤེས་དེ་རྨང་ནས་འཐོར་འགོ་བརྩམས་ཟིན་པ་གསལ་བོར་ཤེེས་དགོས། བཅའ་ཁྲིམས་མི་རྩི། ༧གོང་ས་མཆོག་ཀྱང་མི་བརྩི། རང་གི་འདོད་མོས་ཁོ་ནར་འགྲོ་དགོས་ཟེར་ན་དེའི་ངན་འབྲས་དེ་ང་ཚོ་མི་སྒེར་རེ་རེ་ནས་ཤི་དམྱལ་བ་ལ་འཁྱེར་ནས་འགྲོ་རྒྱུ་ལས་མེད་པ་ཤེས་དགོས་ལ། ལོ་ངོ་ཆིག་སྟོང་རིང་ཆིག་སྒྲིལ་མ་བྱུང་བའི་བོད་ཆེན་པོའི་གོང་བུ་གཅིག་གྱུར་དེ་ལོ་ངོ་དྲུག་ཅུའི་རྗེས་སུ་སླར་ཡང་སྲན་ཟླུམ་གྱང་ལ་གཏོར་བ་ལྟར་གྱུར་སོང་བ་ཡིན་པའང་ཤེས་དགོས།
གཉིས། སྐབས་སྔོན་མས་རྒྱུན་ལས་ཚོས་འཇུག་སྐྱོང་མ་ཐུབ་པ་ཡོངས་བསྒྲགས་བྱས་ཟིན་པའི་ཡིག་ཆ་ཞིག་སླར་ཡང་འཁྱེར་ཡོང་སའི་གཞི་མེད། གསུམ། ཡིག་ཆ་ཨང་ ༣༩ དེ་ཁྲིམས་འགལ་གྱི་གྲོས་ཆོད་ཅིག་ཡིན་པ་བཅའ་ཁྲིམས་རང་ངོས་ནས་ཐག་བཅད་ཟིན་ཅིང་། དེ་ལ་བརྟེན་ནས་བཅའ་ཁྲིམས་རང་ངོས་ནས་རྩིས་མེད་དུའང་ཞོར་དུ་བཏང་ཟིན་པ་ཞིག་ཡིན་པས་དེ་ལ་རྩོད་པ་རྒྱག་ས་ཞིག་ལྷག་མེད།
དྲུག་པ། ཡར་ལ་ཞུས་རྒྱུའི་སྙིང་པོ།
༼བཀའ་ཤག་སྐབས་བཅོ་ལྔ་བ་དང་། སྤྱི་འཐུས་སྐབས་བཅུ་དྲུག་པའི་སྐབས་སུ་བྱུང་བའི་རྙོག་གླེང་ཞིག་དང་འབྲེལ་བའི་སྒོ་ནས་ད་ལྟའི་གྲོས་ཚོགས་འཐུས་མིའི་དམ་འབུལ་ཞུ་ཕྱོགས་དེ་ཕྱོགས་གཉིས་སུ་ཕྱིན་པ༽ལ་བརྟེན་ནས་གྲོས་ཚོགས་ཀྱི་ལས་རིམ་འགྲོ་ཐུབ་ཀྱི་མེད་པ་དང་། དེའི་རྐྱེན་པས་ལས་དོན་མང་པོ་ཞིག་འགག་ཡོད་པ་དེ་ཁོ་ན་ཡིན།
བཀའ་སློབ་ཕེབས་ཟིན་རྗེས་༧སྐུ་མདུན་གྱིས་བཀའ་ག་རེ་གནང་བ་དེ་ལ་ཕྱོགས་གཉིས་ཀས་ཡིད་གཉིས་ཐེ་ཚོམ་མེད་པར་བརྩི་བཀུར་གྱིས་དཀའ་ངལ་འདི་ཡོངས་སུ་མཇུག་སྒྲིལ་ཟིན་པ་ངོས་འཛིན་གནང་དགོས་པ་ཡིན།
བདུན་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞུས་དགོས་དོན།
རྡོ་རྗེ་ཚེ་བརྟན་གྱིས་༧སྐུ་མདུན་ལ་ཞུས་ན་སྐུ་མདུན་ལ་མཛད་དཀའ་ཆེན་པོ་རེད་བ: ཟེར། མཛད་དཀའ་ཡིན་པ་ཁ་ཙམ་མ་ཡིན་པར་ཁོག་ནས་ཤེས་བསྡད་ཡོད་ན་རྗེས་སུ་ཡིད་རང་ཡོད། སྐུ་མདུན་ལ་མཛད་དཀའ་འཕྲད་པ་འདི་ཙམ་ཞིག་མ་རེད་། ལོ་ངོ་ཆིག་སྟོང་རིང་ཁ་འཐོར་ལུང་འཐོར་དུ་ཕྱིན་པའི་་བོད་ཆེན་པོའི་མངའ་ཐང་གཅིག་གྱུར་མཛད་པའི་འཁུར་དེ་༧སྐུ་མདུན་སྐུ་རྐྱང་གིས་བཞེས་པ་རེད་རེད་ལ། འདས་པའི་ལོ་ངོ་དྲུག་ཅུའི་ནང་དུ་ཁ་ལོག་ངོ་ལོག་རྒྱབ་ལོག་བྱེད་མཁན་རིམ་པར་བྱུང་ཡོད་ཀྱང་། དེ་དག་རེ་རེ་༧སྐུ་མདུན་གྱི་ཐུགས་བརྩེ་བ་ཆེན་པོས་དུས་སྐད་ཅིག་ཙམ་ལའང་དོར་མྱོང་མེད་པ་རེད་ལ། འབྱུང་འགྱུར་ཡང་འདོར་མི་སྲིད་པ་རེད། དེར་བརྟེན་རང་ཉིད་ལས་གཞན་པའི་ད་དུང་གང་ཟག་གཞན་པ་འཇིག་རྟེན་འདིར་ཡིད་ཆེེས་བློས་འགེལ་བྱེད་ཆོག་ས་ཞིག་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ན་ཕྱོགས་གཉིས་ཀྱི་ངོས་ནས་༧སྐུ་མདུན་ལ་དཀའ་ཉོག་གང་ཡོད་ལྷག་བསམ་ཟོལ་མེད་ཀྱིས་ཞུ་དགོས་པའི་དུས་ལ་བསླེབས་འདུག་བསམ།
ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༧ ཉིན།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
༑ ཡིག་ཆ་ ༣༩ གནས་དོན་འདི་དང་ཐོག་ནས་༸གོང་ས་མཆོག་ལ་སྙན་གསོལ་ཞུས་ན་ད་གནས་སུ་གཙང་མ་ཆག་ཡོད། ངས་བསམ་པར་ད་ལྟའི་ཁྲིམས་ཞིབ་པ་གསུམ་ནས་གནས་སྐབས་སམ་མུ་མཐུད་ཀྱི་གནས་སྟངས་གཉིས་སོགས་ལམ་ནས་དཀའ་ངལ་སེལ་གནང་སྲིད་པ་བསམ་ཚུལ་ཡོད། ཁྲིམས་ཞིབ་པ་གསུམ་གྱིས་ལས་འགན་བཤོལ་པའི་གནས་དོན་དེ་གོང་དུ་དཀོན་བསྟན་ལགས་ཀྱིས་གསལ་བཤད་གནང་འདུག་ལ་ཁྲིམས་ཞིབ་པ་རྣམ་པས་མུ་མཐུད་ལས་གནད་དུ་འཁོལ་དགོས་རྒྱུ་མཚན་ཡང་དེ་ཡིན་པ་བཀའ་ཕེབས་ཡོད། ཚུལ་མཐུན་རྒྱལ་ཁབ་ནང་ལའང་དེ་ལྟར་ཞུ་སྲོལ་ཡོད་ངེས་། ད་ལྟའི་དཀའ་གནས་སུ་ཆོལ་ཁའི་དཀའ་གནད་ཞིག་ཀྱང་འདུག་བསམ་བཞིན་ཀྱང་ང་ནོར་སྲིད། ངས་ཞུས་ན།
༡༽ གོང་དུ་ཆོལ་ཁའི་དཀའ་གནད་འདུག་ཞུས་པ་ལྟར་ཡིན་གྱུར་ན་ཐབས་ལམ་དེ་སྲིད་སྐྱོང་ཟུར་པ་བློ་སེང་ལགས་དང་། བཀའ་ཁྲི་ཟུར་པ་མཁས་དབང་དང་བླ་སྤྲུལ་ཟབ་གདོང་རིན་པོ་ཆེ་སོགས་མདོ་སྟོད་ཆོལ་ཁའི་གནད་ཡོད་མི་སྣས་མདོ་སྟོད་ནས་ཡིན་པའི་སྤྱི་འཐུས་མཉམ་བཀའ་མོལ་གྱིས་འགྲིགས་ཆགས་བྱུང་ན་དཔེ་བཟང་ཞིག་ཀྱང་གྱུར་ངེས་འདུག་ལ་༸གོང་ས་མཆོག་ཞུ་མི་དགོས་པས་མི་དམངས་ངལ་བ་མི་དམངས་ལམ་ནས་ཁྲིམས་མཐུན་སེལ་ཐུབ་ན་སྤྱི་ཚོགས་ཡར་རྒྱས་ཀྱི་གོམ་གྲོད་ཆེན་པོ་ཞིག་ཀྱང་ལོས་ཡིན།
གཉིས་སུ་ཁྲིམས་ཞིབ་པ་ཡར་ཕེབས་སུ་ཡིད་ཆེས་ཀྱིས་སྲིད་སྐྱོང་གསར་པ་དམ་འབུལ་སོགས་ལས་ཪིམ་ནང་ངས་འོས་ཞུས་པའི་སྲིད་སྐྱོང་ཟུར་པ་བློ་སེང་ལགས་ཀྱང་ཚུད་ཡོད་པས་ཁོང་ནས་ཐབས་ལམ་ཞུས་ན་སྤྱི་སྒེར་གཉིས་སུ་ཁེ་ལས་གྱོང་གང་ནས་འོང་། གནང་རྒྱུའི་ཆ་རྐྱེན་ཀྱང་ལྡན་ངེས། དོན་སེལ་མ་བྱུང་ན་འགྱོད་པ་མེད།
༢༽ འདེམས་སོན་མདོ་སྨད་དང་ཆོས་ལུགས་སྤྱི་འཐུས་རྣམས་པས་ད་དུང་ཁྲིམས་མཐུན་གནས་སྟངས་ལ་བསམ་ཞིབ་མེད་ན་༸གོང་ས་མཆོག་ནས་དཀའ་སེལ་ཞུ་རྒྱུ་ལས་གཞན་མེད་། ཕྲུག་གུ་ངུ་ས་ཕ་མའི་དཔེ་ལྟར་རེད། ཞུ་ཡུལ་ཡོད་པ་དེ་རྒྱན་རེད། བསོད་ནམས་རེད། དམ་ཚིག་རེད། མཐའ་མའི་མུན་སེལ་ཀྱང་རེད་མིན་འདུག་གམ།།
I read just the first paragraph of Konchok Tenzin and did not read any more. This piece of writing smells bias and garbage. Whenever, someone says all Chithue should take oath from Dawa Tsering, the person is leaning on one side and no one can expect sincerity. A sincere person knows that the legitimacy is no more to be talk about and compromise is the only judicious method of satisfactory solution. Luckily, I am not Doetoe, so if I expect fairness to all Chithues, no one could say he is Chinese agent. Actually, Choluk chithues represent all Tibetans who follow five different sects of faith in Tibetan community. Hence, their being joined to Dotoe Chithue does not represent any Cholkha issue technically. However, Cholkhas grouped together indicates Cholkha bullying to one left over. Hence, Cholkha issue is created by the two grouped to defeat and victimize other.
དཔྱད་པ་ཡག་པོ་གནང་འདུག་དགོང་འཆར་ཡང་ཡག་པོ་འདུག་འོན་ཀྱང་དམིགས་བསལ་ཚོགས་ཆེན་བསྐོང་རྒྱུའི་ཆ་རྐྱེན་དེ་བཅའ་ཁྲིམས་དོན་ཚན་ ༥༩ རེད་། ༤༩ མ་རེད་།
དགོངས་ཚུལ་དོན་དང་ལྡན་ཞིང་གནད་ལ་འཕིགས་པ་ཞིག་གསུངས་འདུག་ན་འདི་དང་འདི་འདྲ་བའི་སྒྲོན་མེ་གང་མང་རྨོངས་མུན་གསེལ་བའི་དཔྱད་རྩོམ་དང་དགོངས་ཚུལ་རྒྱ་མི་ཆུང་བ་ཞིག་དེང་གི་དྲྭ་ལམ་དང་དེ་མིན་གྱི་གདེངས་ཆར་བཀོད་སྤེལ་གནང་སྟེ་མང་ཚོགས་ཀྱི་སྤྱན་ལམ་དུ་བཤམས་ཐུབ་ན་གཅིག་ནས་བཅའ་ཁྲིམས་དང་གཉིས་ནས་ལོག་རྟོགས་དང་དཀྲོག་གཏམ་དགྲ་དགའ་གཉེན་སྡུག་སོགས་སྐད་ཅིག་ཉིད་དུ་རླག་པར་བྱེད་པ་ཡིན་པས་ན་མུ་མཐུད་གང་མང་འགོད་སྤེལ་ཡོང་བ་ཞུ། ཞུ། ཞུ།