རྒྱ་ནག་གི་སི་ཁྲོན་ཞིང་ཆེན་དུ་ས་འགུལ་རྒྱུགས་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག
དེ་རིང་སྔ་དྲོའི་རྒྱ་ནག་གི་ཆུ་ཚོད་ ༤།༣༣ ཙམ་གྱི་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ལོའུ་ཀྲོ་གྲོང་ཁྱེར་དང་ཉེ་འཁྲིས་ལུའུ་རྫོང་ཁྲོམ་གཞུང་དུ་ས་འགུལ་རིམ་པ་ ༦ ཅན་ཞིག་བྱུང་སྟེ། ད་ལྟའི་ཆར་མི་གསུམ་རྐྱེན་འདས་དང་མི་ ༨༨ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ། དེ་བཞིན། སྡོད་ཁང་ ༡༢༢༡ གཏོར་བཤིག་ཐེབས་པ་དང་། མི་གྲངས་ཁྲི་བདུན་ལྷག་གནས་སྤོ་བྱེད་དགོས་བྱུང་ཡོད་འདུག
དེ་འབྲེལ་རྒྱ་ནག་གོ་ལའི་དུས་བབ་ཟེར་བས་སྤེལ་བའི་གནས་ཚུལ་ནང་། ཐེངས་འདིའི་ས་འགུལ་གྱི་གཏིང་ཚད་ས་སྨི་ ༦ དང་ཁྱབ་ཁྱོན་ཀེ་ལོ་མེ་ཊར་ ༦༠ རིང་འགུལ་ཡོད་ཅིང་། ཁང་ཁྱིམ་སུམ་སྟོང་ལྷག་གཏོར་བཤིག་ཐེབས་པ་སོགས་མི་རྒྱུ་ལ་གནོད་སྐྱོན་ཕོག་ཡོད་པ་མངོན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ལོའུ་ཀྲོ་གྲོང་ཁྱེར་གྱི་མེ་གསོད་རུ་ཁག་དང་། སྨན་བཅོས་མྱུར་སྐྱོབ་དང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་སོགས་ཡུལ་དངོས་སུ་མངག་གཏོང་གིས། ཛ་དྲག་མྱུར་སྐྱོབ་བྱེད་མུས་ཡིན་སྐོར་བརྗོད་འདུག
ས་གནས་ཡུལ་མི་ཞིག་གིས། ལོའུ་ཀྲོའི་ནང་ནམ་རྒྱུན་ནས་ས་འགུལ་རིམ་པ་བྱུང་གི་ཡོད་ཀྱང་། ད་རེས་ཀྱི་ས་འགུལ་ནི་ཚད་མཐོན་པོ་རེད་འདུག ཅེས་བརྗོད་ཡོད་པ་དང་། ད་རེས་ས་འགུལ་དེ་ལུའུ་རྫོང་དང་ལོའུ་ཀྲོ་གྲོང་ཁྱེར་ཙམ་མ་ཟད། སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ལྟེ་བ་ཁྲི་ཏུའོ་སོགས་སུ་འགུལ་ཤུགས་ཐེབས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་སི་ཁྲོད་དུ་ ༧།༩ ཅན་གྱི་ས་ཡོམ་གྱི་གོད་ཆག་བྱུང་སྟེ་ཁྱོན་མི་ཁྲི་ ༩ ཙམ་རྐྱེན་འདས་སུ་བཏང་ཞིང་། རྒྱ་ནག་རྒྱལ་ཡོངས་ཀྱི་ས་འགུལ་ཆེ་ཤོས་གྲས་ཆགས་ཡོད་པ་རེད།