མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་སྐྱབས་མགོན་ཆེན་པོའི་འདས་པའི་ལོ་གཅིག་ལྷག་གི་མཛད་འཕྲིན་གལ་ཆེན་ཁག

བོད་ཀྱི་དུས་བབ།
༢༠༢༢/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

གོ་ལའི་ཚ་དྲོད་རྒྱས་པའི་ཛ་དྲག་གི་གནས་སྟངས་སྐོར་ལ་གསུང་གླེང་མཛད།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༠ ཉིན་སེམས་དང་སྲོག་བསྟི་གནས་ཁང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་དྲ་ལམ་བརྒྱུད་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ལས་འགུལ་བ་གྲགས་ཅན་སི་ཝེ་ཌན་གྱི་གཞོན་ནུ་མ་གྷེ་རེ་ཊ་ཐུན་བྷག་གིས་གཙོས་ཚན་རིག་པ་སྐོར་ཞིག་དང་ལྷན་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་སྐོར་ལ་གསུང་གླེང་གནང་ཡོད་ཅིང་། སྐབས་དེར་གཞོན་ནུ་མ་ཐུན་བྷག་གིས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོར་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཕྱག་ཡིག་ཅིག་གནང་སྟེ་རྒྱབ་སྐྱོར་གནང་བར་ཧ་ཅང་དགའ་སྤོབས་དང་སྙིང་སྟོབས་ཆེན་པོ་གནང་བྱུང་། ཐུན་མོང་དུ་༸རྒྱལ་བ་རིན་པོ་ཆེ་དང་ང་ཚོར་འཛམ་གླིང་གི་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་བསམ་ཚུལ་མཐུན་པོ་ཡོད་པ་རེད། ཅེས་བརྗོད་ཡོད་ཅིང་། དེར་མགོན་པོ་མཆོག་གིས། ཐུན་བྷག་གིས་གོ་ལའི་གནམ་གཤིས་དང་འབྲེལ་བའི་སྐོར་ནས་ཕྱག་ལས་གནང་བཞིན་པ་གོ་ཡོང་དུས་མ་འོངས་པར་དངོས་གནས་རེ་བ་ཞིག་མཐོང་བ་དང་། གཞོན་སྐྱེས་ཚོས་ཁོར་ཡུག་གིས་མཚོན་པའི་འཛམ་གླིང་གི་དཀའ་ངལ་ཐོག་ལ་སེམས་ཁུར་ལེན་བཞིན་པ་ཐོས་དུས་ཧ་ཅང་ཐུགས་དགྱེས་པོ་ཡོང་གི་ཡོད་པ་དང་། ད་ལྟ་མི་རབས་རྒན་པ་དེ་ཚོ་རྫོགས་འགྲོ་ཡི་ཡོད་ནའང་། རེ་བ་བྱ་ས་དེ་མི་རབས་གཞོན་པ་དེ་ཚོ་ཡིན་སྐོར་གྱི་བཀའ་སློབ་བཀའ་དྲིན་སྩལ།

ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པར་མཇལ་ཁ་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༣ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་ལས་ཡུན་རྫོགས་ལ་ཉེ་བའི་སྐབས་དེར་བསྐོ་གཞག་བྱས་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷར་ཊི་ཨེ་ཌེ་སི་ཊོ་རོ་ (Robert A. Destro) ལགས་དང་ཁོང་གི་ཕྱག་རོགས་ལས་བྱེད་རྣམས་ཀྱིས་དྲ་ལམ་བརྒྱུད་༧གོང་ས་མཆོག་ལ་མཇལ་མོལ་ཞུས་ཡོད་ཅིང་། མཇལ་མོལ་གྲོལ་རྗེས་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊོ་རོ་ལགས་ཀྱིས་སྒེར་གྱི་ཊུ་ཝི་ཊར་དྲ་བའི་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གླེང་མོལ་ཞུ་རྒྱུ་བྱུང་བ་དེ་ནི་ཆེ་མཐོང་ལྡན་པ་ཞིག་རེད། ངས་སྔར་ནས་ཁོང་གིས་བོད་བརྒྱུད་ནང་བསྟན་སློབ་ཁྲིད་གནང་བཞིན་པའི་ཆོད་སེམས་དེར་ཡིད་སྨོན་སྐྱེ་ཡི་ཡོད། ང་ཚོས་ཆོས་ལུགས་སྡེ་ཁག་རྣམས་ཀྱི་རང་གི་མགོ་འཁྲིད་འདེམས་རྒྱུའི་རང་དབང་ལ་ཚད་བཀག་བཟོ་མཁན་གྱི་སྲིད་གཞུང་སུ་རུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

རྒྱ་གར་ཉེན་རྟོག་པར་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་སྐོར་བཀའ་སློབ་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༧ ཉིན་རྒྱ་གར་གྱི་ཉེན་རྟོག་པའི་དགེ་རྩས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་གཞི་རྩའི་ཐོག་ནས་ཉེན་རྟོག་པ་ཚོ་མིའི་བཟང་སྤྱོད་དང་དམངས་གཙོ། རང་དབང་སྲུང་སྐྱོབ་བྱེད་མཁན་ཆགས་ཀྱི་ཡོད་ཀྱང་། སྐབས་རེར་ཏོག་ཙམ་དྲག་རྩུབ་ཀྱི་སྒོ་ནས་རྣམ་འགྱུར་སྟོན་དགོས་པ་དེ་འདྲ་ཡོང་གི་ཡོད་པ་དེ་འགྲིག་གི་ཡོད་སྐོར་དང་། ངོས་རང་གི་མི་ཚེ་ཆ་ཚང་ཉེན་རྟོག་པས་མཐའ་བསྐོར་ནས་བསྐྱལ་བ་རེད། བོད་ནང་དུའང་ལོ་དགུའི་རིང་རྒྱ་མིའི་ཉེན་རྟོག་པས་བསྐོར་ནས་བསྡད་པ་རེད། ཕྱི་ལོ་ ༡༩༥༩ ནས་རྒྱ་གར་གྱི་ཉེན་རྟོག་པས་སྲུང་སྐྱོབ་གནང་ནས་བཞུགས་པ་རེད། ཕྱོགས་གཉིས་ཀས་ངོས་རང་ལ་སྲུང་སྐྱོབ་གནང་གི་ཡོད་པ་ནི་ངོས་ནས་དོ་སྣང་བྱུང་སོང་། རྒྱ་ནག་དམར་ཤོག་གི་ཉེན་རྟོག་པ་ཚོར་འགན་གཉིས་ཡོད་པ་འདྲ་བོ་འདུག  གཅིག་ངོས་རང་ལ་སྲུང་སྐྱོབ་བྱ་རྒྱུ་དང་གཞན་དེ་སོ་བ་བྱ་རྒྱུའི་ལས་འགན་ཡོད་པ་འདྲ་བོ་འདུག  རྒྱ་གར་གྱི་ཉེན་རྟོག་པ་ཡིན་ན་ལྷག་བསམ་རྣམ་དག་རེད། ཅེས་གསུངས་འདུག་པ་མ་ཟད། རྒྱ་གར་འདི་འཛམ་གླིང་ནང་ནས་དམངས་གཙོ་ཆེ་ཤོས་གྲས་ཆགས་བསྡད་ཡོད་རེད། དེར་བརྟེན་ལུང་པ་སྲུང་སྐྱོབ་བྱེད་རྒྱུ་ལབ་ཡོང་དུས་ས་མཚམས་སྲུང་སྐྱོབ་བྱས་པ་ཙམ་མིན་པར་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་གནའ་རབས་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་འདི་རྒྱལ་ཁབ་སྲུང་སྐྱོབ་བྱས་པ་ཆགས་ཀྱི་ཡོད་རེད། རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་འདི་འཛམ་གླིང་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་རེད། ཅེས་སོགས་གསུངས།

རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བསླབ་པ་གསུམ་གྱི་བགྲོ་གླེང་ལ་བཀའ་སློབ་སྩལ་བ།

སིང་ག་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་གཙོས་པའི་ཚོགས་པ་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༡༢༡ ཟླ་ ༣ ཚེས་ ༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་ནང་པའི་ལྷག་པའི་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་དབུ་འཛུགས་ཐོག་བཀའ་སློབ་སྩལ་དོན། སངས་རྒྱས་པའི་ཆོས་དེ་ལོ་ ༢༥༠༠ ལྷག་ཕྱིན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། དེང་སང་འཛམ་གླིང་འདིར་དེ་སྔ་ནང་པ་མིན་པ་ཚོས་ཀྱང་བརྟག་དཔྱད་བྱེད་སྐབས་དམིགས་བསལ་ཞིག་ཡོད་པ་དང་། མདོར་ན་ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་མཁན་ཡོང་གི་འདུག ང་ཚོས་ནམ་རྒྱུན་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་བརྗོད་ཀྱི་ཡོད་པ་རེད། ཚིག་དེ་ཡག་པོ་མི་འདུག ངོས་ཀྱིས་ནམ་རྒྱུན་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་སྐད་ཡིག་གི་ཐོག་ནས་དབྱེ་བ་ཕྱེ་ཡི་ཡོད། ཅེས་དང་། པཱ་ལིའི་གཞུང་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་སྐོར་དང་། བོད་ལ་མཚོན་ན་ཚད་མ་རིག་པའི་གཞུང་དག་གལ་ཆེན་པོར་རྩི་ཡོད་པ་དང་། ལུང་ཙམ་ལ་མ་བརྟེན་པར་རིགས་པ་ལ་བརྟེན་ནས་འགྲོ་དགོས་སྐོར་དང་། བཀའ་འགྱུར་པོ་ཏི་བརྒྱ་ཡོད་པའི་ནང་དུ་འདུལ་བའི་སྐོར་པོ་ཏི་བཅུ་གསུམ་དང་། མདོ་སྡེ་སྐོར་མང་པོ་ཡོད་པ་རེད། མངོན་པའི་སྐོར་ལས་ཤེར་ཕྱིན་གྱི་གཞུང་ཧ་ཅང་མང་པོ་ཡོད་པ་རེད། ཁྱོན་བསྡོམས་པོ་ཏི་བརྒྱ་ཡོད་པ་རེད། དེའི་དགོངས་འགྲེལ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་མཛད་པ་བོད་ཡིག་ནང་དུ་ཡོད་པ་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཙམ་ཡོད་པ་རེད། དེ་ཚང་མ་བོད་སྐད་ནང་དུ་ཐོས་བསམ་སྒོམ་བསམ་བྱེད་བཞིན་པ་རེད། ཅེས་སོགས་གསུངས།

ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བསྒྲོན་པ།

ཕྱི་ལོ་ ༢༠༢༠ ལོའི་ལོ་མགོ་ཙམ་ནས་འཛམ་གླིང་ཡུལ་ལུང་གང་སར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བ་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་སྔོན་འགོག་སྨན་ཁབ་ཛ་དྲག་ངང་རྒྱག་པའི་ལས་གཞི་ཚ་ཚ་འུར་འུར་གྱིས་སྤེལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༦ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་དེ། དྷ་སའི་འདབས་རོལ་དུ་ཡོད་པའི་རྒྱ་གར་གཞུང་གི་སྨན་ཁང་ཛོ་ནལ་(Zonal)ནས་༧མགོན་པོ་གང་ཉིད་མཆོག་དང་སྐུ་འཁོར་ཞབས་ཞུ་བ་ ༡༠ ལ་ཨེས་ཏྲ་ཛེ་ནེ་ཁ་ (AstraZeneca) དང་ཨོག་སི་ཧྥོར་ཌི་གཉིས་ཀྱིས་བཟོས་པའི་ཀོ་ཝི་ཤིལ་ཌི་ (Covishield) ཡི་ཏོག་དབྱིབས་སྔོག་འགོག་སྨན་ཁབ་ཐོག་མ་དེ་བསྒྲོན་ཡོད་ཅིང་། སྐབས་དེར་མགོན་པོ་མཆོག་གིས། ངོས་ཀྱི་བློས་ཐུབ་ཀྱི་གྲོགས་པོ་དང་སྨན་པ་ཡིས་སྔོན་འགོག་སྨན་ཁབ་འདི་རྒྱག་དགོས་སྐོར་བརྗོད་བྱུང་། ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་འགོག་ཁབ་འདི་བརྒྱབ་ཚེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེར་བརྟེན་ནད་པ་ཚོས་ཀྱང་ཕྱོགས་ཡོངས་ཀྱི་ཁེ་ཕན་གྱི་ཆེད་དུ་འགོག་ཁབ་འདི་བརྒྱབ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ངོས་ཀྱིས་འགོག་ཁབ་འདི་བརྒྱབས་པ་ཡིན། མི་མང་པོ་ཞིག་ལ་འགོག་ཁབ་འདི་རྒྱག་པའི་བློ་སྤོབས་ཡོང་བར་ངོས་ཀྱིས་སྐུལ་མ་བྱེད་འདོད་བྱུང་། ཞེས་གསུངས་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༦ ཉིན་སྔོན་འགོག་སྨན་ཁབ་གཉིས་པ་དེ་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་ཞུས་ཏེ་བསྒྲོན་ཡོད་པ་རེད།

སོག་རིགས་གཞོན་སྐྱེས་ཚོར་ནང་ཆོས་དང་ཚན་རིག་གི་སྐོར་སོགས་ལ་བཀའ་སློབ་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་སོག་པོའི་གཞོན་སྐྱེས་དང་དད་ལྡན་རྣམས་ལ་ཚན་རིག་དང་ནང་ཆོས་སྐོར་ལ་བཀའ་སློབ་དང་། པན་གྲུབ་བདུན་བདུན་གྱི་གསོལ་འདེབས་དང་། རྗེ་ཙོང་ཁ་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་ཡོད་ཡོད་པ་རེད། དེ་ཡང་སོག་པོའི་གཞོན་སྐྱེས་རྣམས་ལ་མགོན་པོ་མཆོག་གིས། ང་རང་ཚོ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་བོད་དང་སོག་པོ་ཚོ་ཚན་རིག་པའི་མཉམ་དུ་འགྲོ་ཐུབ་པ་ཞིག་ངོས་རང་གི་ཉམས་མྱོང་ཐོག་ནས་བཤད་ན་ཏན་ཏན་འདུག དེར་བརྟེན། ཁྱོད་རང་སོག་རིགས་ཚོས་ཚན་རིག་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཏུ་སངས་རྒྱས་པའི་ཚད་མའི་གཞུང་གི་སེམས་ཁམས་རིག་པའི་ལྟ་གྲུབ་དེ་འདྲ་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་རྒྱུ་བྱུང་ན་ཧ་ཅང་ཡག་པོ་ཡོང་གི་རེད། ཅེས་གསུངས་ཡོད་ཅིང་། བཀའ་ཆོས་ཀྱི་ཉིན་གཉིས་པ་དང་གསུམ་པའི་སྐབས་མགོན་པོ་མཆོག་གིས། རྗེ་རིན་པོ་ཆེས་ལེགས་བཤད་པོ་ཏི་བཅོ་བརྒྱད་མཛད་པ་ནི་རྗེས་འཇུག་གདུལ་བྱའི་ཆེད་དུ་མཛད་པ་རེད། རྗེ་རིན་པོ་ཆེའི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་འདྲ་ཞིག་ང་ཚོའི་རྒྱུད་ལ་ཡོང་བར་པོ་ཏི་བཅོ་བརྒྱད་ལ་ཞིབ་འཇུག་བྱས། སློབ་སྦྱོང་བྱས། བསྒོམ་བརྒྱབ་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་འགྲོ་ཐུབ་པ་ཞིག་དགོས་པ་རེད། ཅེས་སོགས་བཀའ་སློབ་སྩལ།

གྲོས་ཚོགས་འཐུས་མི་དང་ཤེས་ཡོན་མི་སྣའི་སྐུ་ཚབ་ལྷན་དུ་གསུང་གླེང་མཛད།

ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྦོལ་ཊིག་མཚོ་བརྒྱུད་ཀྱི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་མི་སྣའི་སྐུ་ཚབ་ཁག་གཅིག་དང་ལྷན་དུ། ད་ལྟ་དང་མ་འོངས་པའི་ཡ་རབས་དང་སྤྱོད་བཟང་སྐོར་གསུང་གླེང་གནང་སྐབས། འགྲོ་བ་མི་ཐེར་འབུམ་བདུན་རྣམས་མཆེད་གྲོགས་ཕོ་མོའི་འདུ་ཤེས་དགོས་པ་ནི་ང་ཚོའི་བདེ་དོན་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ང་ཚོ་ཚང་མ་བེད་སྐྱིད་ངང་ནས་འཚོ་བ་སྐྱེལ་ཐུབ་ཚེ་ཡག་པོ་ཡོད། ངོས་ཀྱིས་དུས་རྒྱུན་དུ་སེམས་པ་བཟང་པོ་བྱེད་དགོས་སྐོར་བཤད་ཀྱི་ཡོད། ད་ཆ་ང་ཚོར་གོ་ལའི་ཚ་དྲོད་རྐྱེན་པས་གནས་གཤིས་འགྱུར་ལྡོག་གི་དཀའ་ངལ་ཤུགས་ཆེ་འཕྲད་ཀྱི་ཡོད། མིའི་སྤྱི་ཚོགས་སྤྱི་ལ་དཀའ་ངལ་དེ་འདྲ་ཞིག་འཕྲད་བཞིན་ཡོད་པའི་སྒང་ལ་དམག་འཁྲུག་སོགས་བརྒྱུད་སྡུག་བསྔལ་དང་དཀའ་ངལ་འཕར་མ་བཟོ་དགོས་རྒྱུ་མེད། ཅེས་དང་། ངོས་ཀྱིས་དུས་རྒྱུན་བཟང་སྤྱོད་སྐོར་ཤོད་སྐབས་རྒྱ་གར་གྱི་གནའ་རབས་རིག་གཞུང་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་སྐོར་ནས་ཞུ་གི་ཡོད། དེ་ཡང་རྒྱུ་མཚན་ལ་གཙོ་བོ་བརྟེན་པ་ཞིག་རེེད། འགྲོ་བ་མིའི་གནས་སྟངས་སྐོར་ཞུ་ཚེ། འཛམ་གླིང་འདིའི་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཙམ་ཡོད་པ་དེ་དག་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་ཀྱི་ཡོད་པ་མ་ཟད། ཚང་མ་མཉམ་རུབ་ཐོག་གནས་དགོས་པ་ནི་དངོས་ཡོད་གནས་ཚུལ་ཡང་རེད། འདས་པའི་ལོ་རྒྱུས་ནང་དམག་འཁྲུག་དང་དྲག་སྤྱོད་ཀྱི་དཀའ་ངལ་མང་དག་ཅིག་བྱུང་ཡོད། གོ་མཚོན་བཟོ་སླད་དུས་ཚོད་དང་དཔལ་འབྱོར་གྱི་འགྲོ་སོང་ཕོན་ཆེ་བཏང་བ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། ཅེས་སོགས་གསུངས།

གོ་ལ་གཅིག་འགྱུར་གྱི་འདུ་ཤེས་སྤེལ་བར་ངོས་ལ་དཔུང་གྲོགས་གང་ཐུབ་གནང་རོགས།

ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༢ ཉིན་གྱི་སྔ་དྲོར། ༧གོང་ས་མཆོག་གིས་འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བཅོས་བསྒྱུར་མཁན་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་ལ་བཀའ་སློབ་སྩལ་ཡོད་པ་མ་ཟད། བཀའ་འདྲི་གནང་མཁན་ལས་འགུལ་བ་རྣམས་ནས་སྤྱི་ཚོགས་དང་། རེ་བ། སྙིང་རྗེ། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་བརྗོད་གཞིའི་ཐོག་འགྲོ་བ་མི་རྣམས་འཇིག་རྟེན་སྤྱི་ལ་འགན་ཁུར་དང་དྲན་ཤེས་ཆེས་ཆེར་བསྟེན་ཐབས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར། མགོན་པོ་མཆོག་ནས། ངོས་རང་ལོ་ ༨༦ ཆགས་ཡོད། ངོས་ཀྱི་མི་ཚེ་གང་བོའི་ཉམས་མྱོང་ཞུས་པ་ཡིན་ན། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། དེ་བཞིན་ས་ཆ་མང་པོར་ཕན་ཚུན་གསོད་རེས་དང་དྲག་རྩུབ་མང་པོ་བྱུང་བ་རེད། དེ་ཡི་མཐའ་མའི་གྲུབ་འབྲས་ནི་ཅི་ཞིག་བྱུང་བ་རེད་དམ་ཞེ་ན་མི་ལ་སྡུག་བསྔལ་མང་བ་དང་། ཁོང་ཁྲོ་ཤུགས་ཆེ་རུ་བཏང་བ་མ་གཏོགས་གང་ཡང་མེད། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་རྒྱལ་ཁབ་ཁ་ཤས་ཀྱིས་དམག་ཆེན་གཉིས་པའི་སྐབས་སུ་དགྲ་བྱས་ཏེ་འཛིང་རེས་བྱས་ཡོད་པ་རེད། འདས་པའི་སྐབས་སུ་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་དགྲར་བཟུང་བ་ཞིག་ཕྱིས་སུ་ཕན་ཐོགས་མེད་པ་ཤེས་ནས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད། ཅེས་གསུངས་འདུག་པ་མ་ཟད། གོ་ལའི་ཚ་དྲོད་འཕེལ་བཞིན་པའི་དཀའ་ངལ་དང་། ཆོས་ལུགས་དབྱེ་འབྱེད་ཀྱི་དཀའ་ངལ་ཡོད་པ་བཅས་ལ་འགྲོ་བ་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་གདོང་ལེན་གནང་དགོས་པའི་བཀའ་སློབ་ཟབ་མོ་སྩལ་གནང་ཡོད་འདུག

རྩོམ་པ་པོ་གྲགས་ཅན་ཕི་ཁཱོ་ཨཱ་ཡེར་དང་ལྷན་དུ་གསུང་གླེང་།

ཕྱི་ཟླ་ ༥ ཚེས་ ༡༩ ཉིན་ཨ་རིའི་མངའ་སྡེ་ཁེ་ལི་ཧྥོར་ནི་ཡ་སཱན་ཊ་བྷར་བྷ་ར་གཙུག་ལག་སློབ་གྲྭའི་ (the University of California Santa Barbara) ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོའི་སྒྱུ་རྩལ་དང་རྩོམ་རིག་སྐོར་གྱི་མཁས་པའི་གསུང་བཤད་ཀྱི་ལས་འཆར་གྱི་ནང་ཚན་རེ་བ་སྐྲུན་པ་ (Creating Hope) ཞེས་པའི་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་པི་ཁོ་ཨ་ཡེར་ (Pico Iyer)  དང་ལྷན་དུ་དྲ་ལམ་བརྒྱུད་གསུང་གླེང་གནང་སྐབས། རྩོམ་པ་པོ་པེ་ཁོ་ཨི་ཡེར་ལགས་ཀྱིས་མགོན་པོ་མཆོག་ལ་ནང་པའི་ལྟ་གྲུབ་ཀྱི་ངོས་ནས་རེ་བ་ཞེས་པར་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་མེད་བཀའ་འདྲི་ཞུས་པའི་བཀའ་ལན་དུ། མི་ཚེ་མགོ་བཙུགས་པ་ནས་རེ་བའི་དབང་གིས་འཚོ་བ་ཞིག་ཆགས་ཡོད། རེ་བ་ཟེར་བ་ནི་བཟང་ཕྱོགས་ལ་ཡོད་པ་ཞིག་ཆགས་ཡོད་པ་དང་། ཐ་ན་ང་ཚོ་ཨ་མའི་མངལ་ནང་ཡོད་པའི་སྐབས་ཨ་མའི་སེམས་ནང་ཁོང་ཁྲོ་མེད་པ་དང་ཞི་བདེ་ལྡན་པ་ཞིག་ཡོད་ན། དེས་ཨ་མའི་མངལ་ནང་ཡོད་པའི་ཕྲུ་གུ་དེར་ཤུགས་རྐྱེན་བཟང་པོ་ཐེབས་ཀྱི་ཡོད་སྐོར་དང་། རེ་བ་ཞེས་པ་མ་འོངས་པར་གཞི་བཞག་ནས་བཤད་པ་རེད། མ་འོངས་པ་ནི་ངེས་གཏན་མེད་པ་ཞིག་རེད། འོན་ཀྱང་། ང་ཚོས་མ་འོངས་པའི་ཆེད་དུ་རེ་བ་རྒྱག་གི་ཡོད། སེམས་ལ་རེ་དོགས་བཅངས་ནས་བསྡད་ན་ཧ་ཅང་གནོད་སྐྱེལ་གྱི་ཡོད་ལ། ང་ཚོར་ནུས་པ་ཡོད་པ་དེ་ཏག་ཏག་བེད་སྤྱོད་ཀྱང་བྱེད་ཐུབ་ཀྱི་མ་རེད། རེ་བ་བཟང་ས་ཞིག་ལ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་ཟབ་མོ་སྩལ་གནང་ཡོད་པ་དང་། དེ་ནི་༧གོང་ས་མཆོག་གིས་གཙུག་ལག་སློབ་ཆེན་དེའི་རེ་བ་སྐྲུན་པ་ཞེས་པའི་ལས་རིམ་ནང་བཀའ་སློབ་སྩལ་བ་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་འདུག

སྲིད་སྐྱོང་དམ་འབུལ་མཛད་སྒོར་བཀའ་སློབ་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོགས་ཁང་དུ་འཚོགས་པའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དམ་འབུལ་མཛད་སྒོའི་སྟེང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བརྙན་ལམ་བརྒྱུད་ཆེད་ཕེབས་ཀྱིས། བོད་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་དང་ལྷག་པར་དུ་མངའ་བདག་ཁྲི་རལ་ནས་བཟུང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་བར་ལོ་རྒྱུས་ཡུན་རིང་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་སྟབས། བཙན་བྱོལ་ལ་འབྱོར་བའི་ལོ་དང་པོའམ་གཉིས་པ་ནས་བཟུང་། སྤྱི་འཐུས་འཛུགས་དགོས་པའི་འབོད་སྐུལ་ཞུས་པ་ལྟར་རྡོ་རྗེ་གདན་ལ་ཚོགས་འདུ་ཆེན་པོ་ཞིག་འཚོགས་ཡོད་པ་དང་། ད་ལྟ་སྒྲིག་འཛུགས་དེ་དམངས་གཙོའི་ལམ་ཁར་འགྲོ་བཞིན་པ་ཞིག་དང་། དེའང་འཁྲབ་པ་ཞིག་མིན་པར་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་དམངས་གཙོ་ཡང་དག་གི་ལམ་ལ་འགྲོ་བཞིན་པར་བརྟེན། རྒྱ་མི་གུ་དོག་པོ་རྣམས་ཀྱིས་དེར་ཞིང་བྲན་ལམ་ལུགས་དང་ལུགས་སྲོལ་རྙིང་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ལ་བོད་ནང་དུ་རང་དབང་མེད་པ་དང་། བཙན་བྱོལ་ལ་ཡོད་པའི་བོད་མི་འབུམ་ལྷག་ཅིག་ཡོད་པ་དེར་རང་དབང་གང་ལ་གང་འཚམ་ཡོད་པས་དེའི་ཐོག་ནས་བཙན་བྱོལ་སྒྲིག་འཛུགས་ཤིག་ཡོད་པ་དང་། དེའང་དམངས་གཙོའི་ལམ་ཁ་མཐར་ཕྱིན་པ་ཞིག་ལ་འགྲོ་ཡི་ཡོད་པ་བཀའ་སློབ་སྩལ་བ་དང་འབྲེལ། སྲིད་སྐྱོང་གསར་པར་བཀྲ་ཤིས་བདེ་ལེགས་དང་། སྲིད་སྐྱོང་རྙིང་པར་ཐུགས་རྗེ་ཆེ་ཞེས་མ་འོངས་པར་མུ་མཐུད་བོད་སྤྱི་པའི་ལས་དོན་ཐོག་ཧུར་ཐག་གནང་དགོས་པའི་བཀའ་སློབ་སྩལ།

བོད་རིགས་གཞོན་སྐྱེས་ཚོར་རྟོགས་བརྗོད་འདུན་ལེགས་མའི་བཀའ་ཆོས་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡ དང་ ༢ བར་ཉིན་གྲངས་གཉིས་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་བོད་རིགས་གཞོན་སྐྱེས་རྣམས་ལ་རྗེ་ཙོང་ཁ་པས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་བཀའ་ཆོས་བསྩལ་བ་དང་། སློབ་མ་རྣམས་ཀྱི་བཀའ་འདྲིར་བཀའ་ལན་སྩལ་སྐབས། བར་སྐབས་ནས་ངོས་ཀྱིས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་པ་རེད། ང་ཚོར་དབུ་ཚད་ཀྱི་གཞུང་མེད་པར་འདུལ་བའི་འགྲོ་སྟངས་རྐྱང་བའི་ཐོག་ནས་ཕྱིན་པ་ཡིན་ན་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་ཕལ་ཆེར་མེད་པ་རེད། བོད་ལ་དབུ་ཚད་སེངྒེའི་མཇིང་བསྣོལ་ཞེས་གསུངས་པ་ནང་བཞིན་བོད་ཀྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་ཆོས་རྒྱལ་ཚོའི་སྐབས་སུ་ང་ཚོར་ལམ་སྟོན་གནང་བ་དེ་མཐའ་འཁྱོངས་པ་གནང་བས་དེང་སང་བོད་ཀྱི་ནང་ཆོས་འདི་ཁྱད་དུ་འཕགས་པ་ཞིག་རེད། ཚན་རིག་པ་ཚོའི་མཉམ་དུ་གོ་བསྡུར་བྱེད་པའང་ང་ཚོར་སྤོབས་པ་ཡོད་པ་ཞིག་ཆགས་ཡོད། ཅེས་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་བལ་བཟའ་ལ་འཁྲུངས་ས་སྐྱོན་པ་ཡིན་ནའང་། བོད་ལ་བོད་ཡིག་ཟུར་དུ་དགོས་ཀྱི་ཡོད་པ་དགོངས་པ་དེ་ནི་རླབས་ཆེན་པོར་གཟིགས་ཀྱི་ཡོད་སྐོར་དང་། ཁོང་ཁྲོ་ལངས་པའི་སྐབས་སུ་དེར་གདོང་ལེན་བྱེད་ཐབས་གཙོ་བོ་ནི་དུས་རྒྱུན་དུ་ནས་བྱམས་བརྩེའི་ཐད་ལ་བསམ་བློ་ཡང་ཡང་གཏོང་དགོས་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམས་ན་འཕྲལ་ཕུགས་གཉིས་སུ་ཕན་རླབས་ཆེན་པོ་ཡོད་སྐོར་གྱི་བཀའ་སློབ་ཟབ་མོ་སྩལ།

རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་འདུར་གསུང་འཕྲིན་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༥ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཚོགས་འདུའི་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྙན་ལམ་བརྒྱུད་གསུང་འཕྲིན་ཞིང་སྩལ་ཡོད་པའི་ནང་། ཆོས་བྱེད་རྒྱུའི་རང་དབང་ནི་དོན་དངོས་ཐོག་ནང་སེམས་ཀྱི་བསམ་བློའི་རང་དབང་གི་རྣམ་པ་ཞིག་ཡིན་པ་དང་། ཆོས་ལུགས་མི་འདྲ་བར་ལྟ་གྲུབ་དང་ཉམས་ལེན་གྱི་སྟེང་ནས་མི་འདྲ་བའི་ཆ་ཡོད་ནའང་། ཚང་མས་བྱམས་བརྩེ་དང་བཟོད་བསྲན། འདོད་ཆུང་ཆོག་ཤེས། ཚུལ་ཁྲིམས་སོགས་བསླབ་བྱ་གཅིག་མཚུངས་སྟོན་གྱི་ཡོད་པ་དང་། བཟང་པོའི་ཡོན་ཏན་དེ་དག་ནི་ཆོས་མི་འདོད་མཁན་ཚོར་ཡང་དགོས་མཁོ་ལྡན་པ་ཞིག་ཡིན་སྐོར། དེ་བཞིན་ཆོས་ལུགས་དེ་སྐབས་འགར་ཆབ་སྲིད་ཀྱི་ལག་ཆར་གྱུར་ཏེ། ཕན་ཚུན་དབར་འཁྲུག་རྩོད་སོགས་འབྱུང་གི་ཡོད་ནའང་། ད་ལྟ་འདས་པའི་ཉམས་མྱོང་ལ་གཞིགས་ཏེ་ཕན་ཚུན་འཆམ་མཐུན་གྱི་ཐོག་ནས་མཉམ་གནས་ཡོང་ཐབས་དང་། ལྷག་པར་དུ་ད་ལྟའི་དུས་སྐབས་སུ་འཛམ་གླིང་འདིའི་སྟེང་གི་མི་ཐེར་འབུམ་ ༧ རྣམས་ཀྱིས་འགྲོ་བ་མིི་རིགས་གཅིག་ཡིན་པའི་འདུ་ཤེས་སྐྱེ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་བཀའ་སློབ་སྩལ།

༢༠༠༠ ལོའི་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༥ ཐོག་བཀའ་སློབ་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས ༡༠ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་ལ་འཚོགས་པའི་ ༢༠༠༠ ལོའི་ཞི་བདེའི་ལྷན་ཚོགས་ (Forum 2000) ཐེངས་ ༢༥ པའི་སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆ་མཆོག་ནས་བརྙན་ལམ་བརྒྱུད། ལྷན་ཚོགས་འདི་ཉིད་གསར་འཛུགས་གནང་མཁན་ཡུལ་དེའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་(Vaclav Havel) མཆོག་དང་མགོན་པོ་མཆོག་ཐོག་མར་མཇལ་འཕྲད་གནང་སྐབས་ཕན་ཚུན་དབར་ལ་དམིགས་བསལ་གྱི་ཚོར་བ་ཞིག་བྱུང་ཡོད་སྐོར་དང་། ཁོང་ལ་བརྩི་བཀུར་དང་དགའ་མོས་ཞུ་མཁན་ཚོར་དམ་པ་ཁོང་གི་དགོངས་བཞེད་དང་བྱམས་བརྩེ་མུ་མཐུད་རྒྱུན་སྐྱོང་དང་ལག་བསྟར་ཞུ་རྒྱུའི་འགན་ཡོད་པ་མ་ཟད། འཛམ་གླིང་མི་མང་ལའང་ཁོང་གི་དགོངས་བཞེད་དང་བྱམས་བརྩེ་དགོས་མཁོ་ཡོད་པ། དམ་པ་ཁོང་ད་ལྟ་སྐུ་འཚོ་བཞུགས་སུ་མེད་ནའང་། ཁོང་གིས་འཛམ་གླིང་མི་མང་གི་བདེ་སྡུག་སླད་དགོངས་བཞེད་གནང་བ་དེ་དུས་ད་ལྟ་ཡིན་ནའང་དགོས་གལ་ཆགས་ཡོད་སྟབས། མགོན་པོ་མཆོག་ཚུད་པའི་དམ་པ་ཁོང་ལ་ཡིད་སྨོན་ཞུ་མཁན་གྱི་སྐྱེ་བོ་ཚང་མ་ལ་ཁོང་གི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་དང་བྱམས་བརྩེ་རྒྱུན་སྐྱོང་དང་ལག་བསྟར་ཞུ་རྒྱུའི་འགན་ཡོད་སྐོར་བཀའ་བསྩལ།  (པར་རྙིང་ཞིག་བཞག་ན་འགྲིག)

རྒྱ་གར་དབུས་གཞུང་རྒྱལ་ཡོངས་གོད་ཆག་ཉེན་སྐྱོབ་ལྷན་ཁང་ལ་བཀའ་སློབ་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་དབུས་ནང་སྲིད་ལྷན་ཁང་གི་རྒྱལ་ཡོངས་གོད་ཆག་དོ་དམ་ལས་ཁུངས་ཀྱི་ལས་བྱེད་རྣམས་ལ་སྙིང་རྗེ་དང་བརྩེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་མགོན་པོ་མཆོག་གིས། རྒྱ་གར་ལ་སངས་རྒྱས་ཀྱི་བཀའ་ཁོ་ནར་བཀའ་འགྱུར་པོད་བརྒྱ་ལྷག་དང་། དེའི་འགྲེལ་བར་རྒྱ་གར་གྱི་མཁས་གྲུབ་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱིས་མཛད་པའི་བསྟན་འགྱུར་པོད་ཉིས་བརྒྱ་ཙམ་ཡོད་ཅིང་། ཕྱིས་སུ་དེ་དག་བོད་ཡིག་ནང་བསྒྱུར་ཏེ་བོད་མིས་ཚད་མ་རིག་པའི་ཐོག་ལ་འབད་བརྩོན་ཆེན་པོ་བྱས་ཡོད་ཅིང་། རིག་གཞུང་དེའི་འབྱུང་ཁུངས་རྒྱ་གར་ཡིན་ནའང་། དབྱིན་ཇིས་རྒྱ་གར་ལ་དབང་བསྒྱུར་བྱས་རྗེས་དེང་རབས་ཤེས་ཡོན་ལམ་ལུགས་རྐྱང་པ་ལས་གནའ་རབས་ཀྱི་རིག་གནས་ཉམས་ཡོད་པས། ད་ལྟ་གནའ་བོའི་རིག་གཞུང་དེ་ཉིད་བསྐྱར་གསོ་གནང་ཐུབ་པ་ཡིན་ན་ཤེས་བྱའི་སྒོ་བརྒྱ་འབྱེད་པ་དང་། དམིགས་བསལ་གྱིས་ཕན་ནུས་ཆེན་པོ་ཡོང་རྒྱུ་ཡིན་པ་དང་། དེ་ཡང་མགོན་པོ་སྐུ་ཉིད་ལ་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་དག་ཏུ་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་བགྲོ་གླེང་གནང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་སྐོར་གྱི་བཀའ་སློབ་སྩལ་གནང་འདུག་ལ། གོད་ཆག་གི་དུས་སྐབས་སུ་བྱམས་དང་སྙིང་རྗེ་ཅི་ཙམ་གལ་འགངས་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གྱི་དྲི་བར་བཀའ་ལན་གནང་།

བྱམས་སྙིང་རྗེ་ནི་ཁ་ཡོད་ལག་ཡོད་ཀྱི་བཟང་པོའི་ཡོན་ཏན་ཞིག་ཆགས་ཀྱི་ཡོད།

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ཉིན་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་འཛམ་གླིང་ཡེ་ཤུའི་སྒོམ་སྒྲུབ་ཚོགས་སྡེ་ (World Community of Christian Meditation) ཞེས་པ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་དུས་དྲན་དང་བསྟུན། ཚོགས་པ་འཛུགས་མཁན་དང་དགེ་རྒན་ཡེ་ཤུའི་དགེ་འདུན་པ་ཧྥ་རྡར་ལོ་རེན་སི་ཧྥརི་མེན་ (Father Laurence Freeman) དང་ལྷན་དུ་གཅིག་འདུས་ཀྱི་ཤེས་པ། སེམས་གཅིག བློ་གཅིག (Unified Consciousness: One Mind and One Heart) ཅེས་ཡེ་ཤུ་པའི་བཞེད་སྲོལ་ཞིག་གི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་སྐབས། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་བྱམས་སྙིང་རྗེའི་ལྟ་གྲུབ་དེ་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་རྒྱུའི་ཐོག་ལ་འབད་བརྩོན་བྱ་རྒྱུ་ནི་ཧ་ཅང་གིས་གལ་ཆེན་ཡིན་པ་དང་། ཆོས་ལུགས་ཀུན་དང་ལྷག་པར་དུ་ཡེ་ཤུའི་ཆོས་ལུགས་ནང་བྱམས་སྙིང་རྗེའི་བསླབ་བྱ་ཤུགས་ཆེན་པོ་གསུང་གི་ཡོད་པ། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་པའི་ཆ་ནས་འཇིག་རྟེན་བཀོད་པ་པོ་ཕ་གཅིག་གིས་བཀོད་པའི་སེམས་ཅན་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་བཅང་དགོས་རྒྱུའི་བསམ་བློའི་ཁྱེར་སོ་ཡོད་རེད་ལ། འཇིག་རྟེན་བཀོད་པ་པོ་སྙིང་རྗེ་ཚད་མེད་པའི་བདག་ཉིད་ཅན་ཡིན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པར་བརྟེན། སྙིང་རྗེ་ཚད་མེད་པའི་བདག་ཉིད་ཅན་གྱི་འཇིག་རྟེན་བཀོད་པ་པོ་དེ་ཡིས་བཀོད་པའི་འགྲོ་བ་སེམས་ཅན་ཡིན་པ་གཅིག་གྱུར་ཡིན་པའི་ཆ་ནས། ཕན་ཚུན་གཉེན་བཤེས་ཀྱི་འདུ་ཤེས་དང་བྱམས་བརྩེའི་འདུ་ཤེས་བཅང་དགོས་པའི་རྒྱུ་མཚན་དེ་འདྲ་ལ་བལྟས་ན། འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པའི་བྱམས་སྙིང་རྗེ་དེ་རང་བཞིན་གྱིས་ཡོང་ཐུབ་པ་ཞིག་ཡིན་སྐོར་དང་། ད་བར་དེང་དུས་ཤེས་ཡོན་གྱིས་མིའི་ཀླད་པ་སྤྱང་གྲུང་བཟོ་རྒྱུ་མ་གཏོགས་སེམས་པ་བཟང་པོ་ཡོང་རྒྱུར་འབད་བརྩོན་བྱས་མེད་སྐོར་དང་། དེང་སང་སློབ་སྦྱོང་ཤུགས་ཆེན་པོ་དར་བསྡད་ཡོད་པ་དང་མི་རྣམས་ཤེས་ཡོན་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན་མི་སྒེར་པ་གཅིག་གཉིས་དཔེར་ན་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་དང་༧པཎ་ཆེན་རིན་པོ་ཆེ་ལྟ་བུ་རྩ་ཆེན་པོར་རྩིས་པ་དེ་དགོས་མཁོ་ཞེ་དྲགས་ཆགས་ཀྱི་མེད་སྐོར་གྱི་བཀའ་སློབ་ཟབ་མོ་སྩལ།

བཀའ་ཤག་སྐབས་ ༡༦ པར་དྲ་ལམ་བརྒྱུད་མཇལ་ཁ་དང་བཀའ་སློབ་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པའི་བཀའ་བློན་ལྷན་རྒྱས་ལ་བརྙན་ལམ་བརྒྱུད་མཇལ་ཁ་བསྩལ་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་ནས་ལས་བསྡོམས་དང་མ་འོངས་ལས་འཆར་སྙན་སེང་ཞུས་འདུག་ལ། ༧གོང་ས་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དགོས་པའི་སྐོར་དང་། ལྷག་པར་དུ་མགོན་པོ་གང་ཉིད་མཆོག་ནས་གོ་ལ་སྤྱི་ལ་ཕན་པའི་ཐུགས་ཁུར་རྒྱ་ཆེ་མཛད་བཞིན་ཡོད་པས། ཚང་མས་དོ་སྣང་དང་ཧུར་སྐྱེད་གནང་དགོས་པ་སོགས་ཀྱི་སྐོར་ནས་བཀའ་སློབ་བསྩལ།  ཡང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཇེ་ལེགས་སུ་སོང་བ་དང་བསྟུན། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་༧གོང་ས་མཆོག་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཐེངས་དང་པོར་གཟིམ་ཆུང་མཇལ་ཁ་སྩལ་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་གང་ཡིན་པ་དེ་དག་སྙིང་ལ་བཅངས་པའི་ཐོག་ནས་ལས་ཀ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། དམ་བཅའ་དེ་དག་མ་དོར་བའི་ཐོག་ནས་བོད་སྤྱི་དང་མི་མང་གི་ཁེ་ཕན་སླད་མུ་མཐུད་ལས་ཀ་བྱེད་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་ཙམ་གྱིས་སྐུལ་འདེད་ཡོང་གི་འདུག་ཅེས་སོགས་གསུངས།

གཉན་འཕྲང་གི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དྭང་དུ་ལེན་ཐབས།

ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༢ ཚེས་ ༨ ཉིན་ཨ་རིའི་སེམས་དང་སྲོག་གི་ལྟེ་གནས་ཁང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་ཁེ་ལི་ཧྥོར་ནི་ཡའི་གཙུག་ལག་སློབ་ཆེན་གྱི་སེམས་ཁམས་རིག་པ་བ་སློབ་དཔོན་ཆེན་མོ་ཨེ་ལའེ་སཱ་ཨེ་ཕེལ་ (Elissa Epel) ལགས་དང་།   ཨེ་རི་ཛོ་ནཱ་གཙུག་ལག་སློབ་གྲྭའི་ (Arizona State University)སློབ་དཔོན་ཆེན་མོ་མི་ཤལ་ཤའོ་ཊཱ་(Michelle “Lani”Shiota) ལགས་ཀྱིས་གཙོས་ཚན་རིག་པ་སྐོར་ཞིག་དང་ལྷན་དུ། གཉན་འཕྲང་ཅན་གྱི་དུས་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དྭང་དུ་ལེན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྐབས། མགོན་པོ་མཆོག་གིས།དུས་ཚོད་ལ་ག་དུས་ཡིན་ཡང་འགྱུར་བ་འགྲོ་བཞིན་ཡོད། འགྱུར་བ་དེ་དག་གི་ནང་དུ་ང་ཚོས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་སེམས་ཀྱི་ཞི་བདེ་མ་འཁྲུགས་པ་དང་། སྲ་བརྟན་དུ་གཏོང་བ་དང་། དེ་ལ་བརྟེན་ནས་སོ་སོའི་མི་ཚེ་དོན་ལྡན་དང་། སྤྱི་ཚོགས་ནང་ཞི་བདེ་བག་ཕེབས་ཡོད་པ་བཟོ་དགོས་པ་དང་། དེ་ལས་རྒྱ་བསྐྱེད་ན་ང་ཚོ་འགྲོ་བ་མི་ཚང་མས་འཛམ་གླིང་ཞི་བདེ་ཅན་ཞིག་བསྐྲུན་ཐུབ་པ་ཏན་ཏན་ཡོང་གི་རེད། མིའི་རང་བཞིན་ལྷན་སྐྱེས་ཀྱི་གཤིས་ཀ་དང་དེ་ལ་བརྟེན་ནས་རྒྱ་ཆེ་ས་ནས་བསམ་བློ་གཏོང་ཐུབ་པ་ཡིན་ན་འཛམ་གླིང་ཞི་བདེ་ཅན་དང་བདེ་སྐྱིད་དང་ལྡན་པ་ཞིག་ཏུ་ང་ཚོས་ཏན་ཏན་བསྒྱུར་ཐུབ་ཀྱི་རེད། ཅེས་དང་། ང་ཚོས་འགྲོ་མིའི་རིགས་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྐྲུན་དགོས་སྐོར་གྱི་བཀའ་སློབ་ཟབ་མོ་སྩལ་གནང་མཛད།

ཧར་ཝ་ཌི་གཙོས་པའི་འཛམ་གླིང་སློབ་ཆེན་ཁག་ལ་བཀའ་སློབ་སྩལ།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་འཛམ་གླིང་གི་སྙན་གྲགས་ཆེ་བའི་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་ལྷན་དུ་དབུ་འཁྲིད་དང་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་གསུང་མོལ་དང་དྲི་བར་བཀའ་ལན་སྩལ། དེ་ཡང་མགོན་པོ་མཆོག་ནས་མགོ་འཁྲིད་གང་འདྲ་ཞིག་ཡོང་མིན་ཐད་ནས་ང་ཚོས་སློབ་གསོའི་ལམ་ལུགས་གཙོ་འདོན་བྱེད་དགོས་པ་རེད་ཅེས་སློབ་གསོའི་ལམ་ལུགས་ནི་གཞན་དོན་ཆེད་བློས་གཏོང་ཐུབ་ཅིང་བྱམས་བརྩེ་ཅན་གྱི་མི་ཞིག་བསྐྲུན་ཐུབ་པ་ཞིག་དགོས་སྐོར་དང་། ང་ཚོས་ཕྱི་དངོས་པོར་ཤུགས་ཆེན་པོ་བརྟེན་པའི་འཚོ་བ་ཞིག་ལ་རོལ་གྱི་ཡོད་ནའང་། ནང་སེམས་ཞི་བར་གནས་ཐབས་ཀྱི་གནས་ལུགས་དེ་ཤེས་རྟོགས་དགོས་རྒྱུ་ནི་སྣང་མེད་དུ་འཇོག་ཐབས་མེད་པ་ཞིག་ཡིན་སྐོར། དེ་བཞིན་སློབ་གྲྭ་ཆེན་མོ་དེའི་ངོས་ནས་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་གཙོར་བཟུང་གི་བསླབ་གཞི་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་སློབ་གཉེར་ཁང་གཞན་ལ་མིག་དཔེ་སྟོན་དགོས་སྐོར་སོགས་བཀའ་སློབ་ཟབ་མོ་སྩལ་གནང་ཡོད་འདུག སྤྱིར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དུས་རྒྱུན་ལྟར་སློབ་གྲྭ་ཆེན་མོ་ཁག་ཏུ་ཕེབས་རྒྱུ་བྱུང་མེད་ནའང་། ཕྱི་ལོ་ ༢༠༢༡ ལོ་གཅིག་པུར་རྒྱ་གར་གྱི་ཧ་རི་ཡ་ནིའི་འཛིན་སྐྱོང་སློབ་གཉེར་ཁང་ (the Indian Institute of Management (IIM) Rohtak) དང་། ཨ་རིའི་རྦོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁི་རཱོན་བདེ་གནས་སློབ་གཉེར་ཁང་(the Renee Crown Wellness Institute at the University of Colorado Boulder)། ཨ་རིའི་མོན་མའོ་ཐ་གཙུག་ལག་སློབ་ཆེན་ (Monmouth University)། དེ་བཞིན་ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་ཀྱི་གསོལ་འདེབས་བཞིན་སློབ་གཉེར་ཁང་འདྲ་མིན་གྱི་སློབ་མ་དང་། གཞན་ཡང་ཨུ་རུ་སུའི་གཙུག་ལག་སློབ་གཉེར་ཁང་ལྔ་ཡི་སློབ་མ་བཅས་ཨ་རིིའི་མོན་མའོ་ཐི་གཙུག་ལག་སློབ་ཆེན་(Monmouth University) སོགས་རྒྱལ་ནང་དང་རྒྱལ་སྤྱིའི་སློབ་གཉེར་ཁང་མང་པོར་བྱམས་བརྩེ་དང་ཞི་བདེ་གོང་སྤེལ་སོགས་ཀྱི་སྐོར་ལ་བཀའ་སློབ་སྩལ།

ཡུ་ཀེ་རེན་དང་ཨུ་རུ་སུའི་དམག་འཁྲུག་ཐད་གསུང་འཕྲིན་སྩལ།
ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༤ ཉིན་ནས་ཨུ་རུ་སུས་རང་གི་ལྷོ་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་ཡུ་ཀེ་རེན་ནང་ས་མཚོ་གནམ་གསུམ་ནས་དངོས་སུ་དཔུང་འཇུག་བྱེད་མགོ་བརྩམས་ཏེ། འཛམ་གླིང་སྤྱི་དང་ཡང་སྒོས་སུ་ཡུ་རོབ་གླིང་ཕྲན་གྱི་ཞི་བདེ་དང་བརྟན་ལྷིང་ལ་དོ་ཕོག་ཤུགས་ཆེར་ཐེབས་བཞིན་པའི་སྐབས་དེར། ཕྱི་ཟླ་ ༢ ཚེས་ ༢༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་ཀེ་རེན་གྱི་རྩོད་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་སྐོར་གྱི་གསུང་འཕྲིན་ཞིག་སྩལ་ཡོད་འདུག གསུང་འཕྲིན་ནང་༧མགོན་པོ་གང་ཉིད་ཀྱིས། ཡུ་ཀེ་རེན་གྱི་རྩོད་རྙོག་དེས་ངོས་རང་ཐུགས་ཕམ་ཆེན་པོ་བྱུང་སོང་། ང་ཚོའི་འཛམ་གླིང་འདི་གཅིག་ལ་གཅིག་རྟེན་ཡིན་པའི་དབང་གིས། རྒྱལ་ཁབ་གཉིས་དབར་གྱི་འཐབ་འཁྲུག་གིས་འཛམ་གླིང་བྱིངས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་རེད། དམག་འཁྲུག་ནི་དུས་ཚོད་ཡོལ་ཟིན་པ་ཞིག་དང་འཚེ་བ་མེད་པ་ནི་ཐབས་ལམ་གཅིག་པུ་དེ་རེད། ང་ཚོས་གཞན་རྣམས་རང་གི་མིང་སྲིང་ཡིན་པའི་ངོས་འཛིན་ཐོག་ནས་མིའི་རིགས་གཅིག་ཡིན་པའི་འདུ་ཤེས་དེ་སྐྱེད་ཐབས་བྱ་དགོས། དེ་ལྟར་བྱས་ཚེ། ང་ཚོས་འཛམ་གླིང་འདི་སྔར་བས་ཞི་བདེ་ལྡན་པ་ཞིག་ཏུ་བསྐྲུན་ཐུབ། ཅེས་དང་། དཀའ་ངལ་དང་མི་མཐུན་པ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་ཀྱི་ཡོད། དོན་དམ་པའི་ཞི་བདེ་ནི་ཕན་ཚུན་ལ་བསམ་ཤེས་དང་ཕན་ཚུན་གྱི་བདེ་དོན་ལ་བརྩི་བཀུར་ཡོད་པའི་ཐོག་ནས་སླེབས་ཐུབ་པ་ཞིག་རེད། ང་ཚོས་ནམ་ཡང་རེ་བ་འདོར་རྒྱུ་མེད། དུས་རབས་ ༢༠ དེ་དམག་འཁྲུག་དང་ཁྲག་གི་དུས་རབས་ཤིག་ཆགས་ཡོད་ནའང་། དུས་རབས་ ༢༡ འདི་ངེས་པར་དུ་གྲོས་མོལ་གྱི་དུས་རབས་ཞིག་ལ་འགྱུར་དགོས། ངོས་ནས་ཡུ་ཀེ་རེན་ནང་གང་མྱུར་ཞི་བདེ་སླར་གསོ་ཡོང་རྒྱུར་སྨོན་ལམ་ཞུ་ཡི་ཡོད། ཅེས་གསུངས།

གསར་འགོད་པ་པ་སངས་ཚེ་རིང་གིས་ཕྱོགས་བསྡུས་ཞུས།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༨ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༩ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese