དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོར་བོད་མིའི་སྒྲིག་འཛུགས་དང་བུད་མེད་ལྷན་ཚོགས་གཉིས་མཉམ་འབྲེལ་གྱི་ཐོག་ནས་དབྱེ་འབྱེད་འགོག་པའི་གོ་རྟོགས་ལས་འགུལ་སྤེལ་གྱི་ཡོད་པ་དང་བསྟུན་བུད་མེད་རྣམས་ལ་ཁྲག་དང་མོ་ནད་རིགས་བརྟག་དཔྱད་བྱེད་བཞིན་འདུག
དེ་རིང་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན། དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བུད་མེད་ནུས་སྟོབས་ཚན་པ། འཕྲོད་བསྟེན་ལས་ཁུངས་བཅས་མཉམ་འབྲེལ་གྱིས། དབྱེ་འབྱེད་འགོག་པ་ཞེས་པའི་འབོད་ཚིག་ཅན་གྱི་གོ་རྟོགས་ལས་འགུལ་སྤེལ་སོང་བ་མ་ཟད། གངས་ཅན་སྐྱིད་གཤོངས་ཀྱི་སྒོ་ཆེན་འགྲམ་དུ་བུད་མེད་རྣམས་ལ་ཆེད་དམིགས་ཁྲག་དང་མོ་ནད་རིགས་བརྟག་དཔྱད་བྱེད་བཞིན་འདུག
དྷ་སའི་མེག་གྷན་ཁྲོམ་གཞུང་དུ་སྤེལ་བའི་གོ་རྟོགས་ལས་འགུལ་སྐོར་ནས་བུད་མེད་ལྷན་ཚོགས་ཀྱི དྲུང་ཆེ་སྐལ་བཟང་སྒྲོལ་མ་ལགས་ཀྱིས། ང་ཚོས་ལོ་ལྟར་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་གཙི་ཞུ་ཡི་ཡོད་པ་ལྟར། འདི་ལོའི་བརྗོད་གཞི་ནི་ཕོ་མོ་འདྲ་མཉམ་ཞེས་པ་དེ་རེད། དེ་ཡང་གཙོ་བོ་བོད་ནང་དང་། དེ་བཞིན་ལྷོ་སོག ཡུ་གུར་(ཤར་ཊུར་ཀི་སི་ཐན་)། ཐའེ་ཝན། ཧོང་ཀོང་བཅས་ནང་ཡོད་པའི་བུད་མེད་རྣམས་ལ་སྨྲ་བརྗོད་དང་ཆོས་དད་ཀྱི་རང་དབང་སོགས་མེད་པར་བརྟེན། ད་ལན་རྒྱལ་སྤྱིའི་བུད་མེད་ཉིན་མོ་འདིར་ང་ཚོས་ཁོ་ཚོའི་མགྲིན་ཚབ་པ་བྱས་ཏེ། ཁོང་ཚོའི་སེམས་ནང་གི་སྐད་ཆ་རྣམས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་བསྐྱལ་ཐུབ་པ་བྱས་ཏེ། ལུང་པ་དེ་དག་ནང་རང་དབང་འཐོབ་པ་བྱ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད་པ་རེད། ཅེས་དང་། བོད་ནང་གི་བུད་མེད་རྣམས་ཀྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་གཙི་ཐུབ་རྒྱུའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།
དེ་རིང་ཆུ་ཆོད་ ༡༠ ནས་ ༡ བར་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྒོ་ཆེན་འགྲམ་དུ་དྷ་ས་ཁུལ་གྱི་བུད་མེད་རྣམས་ལ་རིན་མེད་ཐོག་ནས་ཁྲག་དང་མོ་ནད་བརྟག་དཔྱད་ཀྱི་འཕྲལ་སྤྱོད་སྨན་སྒར་ཞིག་བཙུགས་འདུག་ཅིང་། བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་ཀྱིས། དེ་རིང་ནས་བཟུང་ཟླ་བ་གསུམ་པ་ཧྲིལ་པོར་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཟླ་བར་ངོས་འཛིན་གྱིས་བོད་ཀྱི་བུད་མེད་རྣམས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་རབ་དང་རིམ་པ་སྤེལ་རྒྱུ་ཡིན་སྐོར་ངོ་སྤྲོད་བྱས་པ་དང་འབྲེལ། ད་ལན་བུད་མེད་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་གཙི་ཞུས་ཐུབ་པ་དེར་དགའ་སྤྲོ་སྐྱེས་ཡོད་སྐོར་བརྗོད་བྱུང་།
དབུས་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་། ཚང་མས་ད་ལན་གྱི་གོ་སྐབས་འདི་གཙིགས་ཆེར་བཟུང་སྟེ། བུད་མེད་རྣམས་ཀྱི་བྱས་པ་ལ་བསྔགས་བརྗོད་དང་། དེར་མཚུངས་འཚོ་བའི་ཁོར་ཡུག་འདྲ་མིན་ནང་བུད་མེད་རྣམས་ལ་དབྱེ་འབྱེད་ཀྱི་གནས་ཚུལ་འབྱུང་བཞིན་པ་དག་རྩ་བ་ནས་མེད་པ་བཟོ་རྒྱུར་འབད་རྩོལ་ཞུ་དགོས། ཞེས་དང་། གཞུང་གི་འཛིན་སྐྱོང་གི་རིམ་པ་ཚང་མའི་ནང་བུད་མེད་ཀྱི་མཉམ་ཞུགས་ཇེ་མང་དུ་གཏོང་རྒྱུ་དེ། བོད་མིའི་མགོ་འཁྲིད་རྣམ་པས་ཕོ་མོ་འདྲ་མཉམ་གྱི་སྤྱི་ཚོགས་བསྐྲུན་པའི་ཐབས་ལམ་མེད་ཐབས་མེད་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༡ ལོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་ནང་བུད་མེད་བཀའ་བློན་གསུམ་བསྐོ་གཞག་ཐུབ་པ་དང་། ཚོགས་གཞོན་བུད་མེད་ཅིག་བསྐོ་གཞག་ཐུབ་པ་དེར་བོད་མིའི་སྤྱི་ཚོགས་ཡོངས་དང་། བུད་མེད་ལྷན་ཚོགས་ངོས་ནས་དགའ་བསུ་ཞུ་བཞིན་ཡོད། ཅེས་འཁོད་འདུག
ད་དུང་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བུད་མེད་རྣམས་ཀྱི་སྐྱེ་སྒོ་བཀག་པ་དང་། འདོད་མོས་མེད་བཞིན་དུ་སྐྱེ་སྒོ་འགོག་པའི་བཤག་བཅོས་ལག་བསྟར་བྱེད་པ་སོགས་བུད་མེད་ལ་ཆེད་དུ་དམིགས་ནས་སྡུག་སྦྱོང་གཏོང་བཞིན་ཡོད་སྐོར་དང་། བོད་ཀྱི་བཙུན་མ་རྣམས་བཙན་གྱིས་བསྒྱུར་བཀོད་ཁང་ནང་བཏང་ནས་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་སྐོར་སོགས་འཁོད་འདུག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བུད་མེད་རྣམས་ཀྱི་གཞི་རྩའི་རང་དབང་བཅས་པར་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་དང་གདོང་ལེན་བྱ་དགོས་སྐོར་གྱི་འབོད་སྐུལ་ཞུས་ཡོད་འདུག
རྒྱལ་སྤྱིའི་བུད་མེད་ཉིན་མོ་འདི་བཞིན་ཐོག་མར་དུས་རབས་ ༡༩ ནང་ནེའུ་ཛི་ལེན་ཌི་ (New Zealand) རུ་བྱུང་བའི་བུད་མེད་རྣམས་ལ་འོས་ཤོག་འཕེན་པའི་ཐོབ་ཐང་འདྲ་མཉམ་དགོས་པའི་ལས་འགུལ་དང་། དེའི་རྗེས་ཀྱི་ཨ་རི་དང་ཡུ་རོབ་གླིང་ཕྲན་ནང་གི་བུད་མེད་ཐོབ་ཐང་རྩོད་ལེན་ལས་འགུལ་གྱི་ཤུགས་རྐྱེན་འོག་ནས་བྱུང་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༡༠ ལོར་རྒྱལ་སྤྱིའི་བུད་མེད་ཀྱི་ལྷན་ཚོགས་ (International Socialist Women’s Conference) ཤིག་གི་སྟེང་འཇར་མན་གྱི་སྐུ་ཚབ་རྣམས་ཀྱིས་བུད་མེད་ཉིན་མོ་ཞིག་གཏན་འབེབ་དགོས་པའི་གྲོས་འཆར་བཏོན་པ་བཞིན། ཕྱི་ལོ་ ༡༩༡༡ ལོར་ཡུ་རོབ་གླིང་ཕྲན་ནང་བུད་མེད་ཀྱི་ལས་འགུལ་དང་བུད་མེད་ཉིན་མོ་ཐེངས་དང་པོ་སྲུང་གཙི་ཞུས་ཡོད་ཅིང་། ཕྱི་ལོ་ ༡༩༡༧ ལོར་ཨུ་རུ་སུའི་ནང་གི་བུད་མེད་རྣམས་ལ་འོས་ཤོག་ལྡུག་རྒྱུའི་ཐོབ་ཐང་རག་རྗེས། སྤྱི་ཚོགས་རིང་ལུགས་དང་དམར་ཤོག་རྒྱལ་ཁབ་རྣམས་ཀྱིས་ཕྱི་ཟླ་ ༣ ཚེས་ ༨ དེ་བཞིན་བུད་མེད་ཉིན་མོར་སྲུང་གཙི་ཞུས་ཏེ་གུང་གསེང་ཡིན་ནའང་། ཕྱིས་སུ་ཕྱི་ལོ་ ༡༩༦༠ ཡི་ནང་བུད་མེད་ཉིན་མོ་དེ་བཞིན་རྒྱལ་སྤྱིའི་སྟེང་སྔར་བས་ཤུགས་ཆེར་ཁྱབ་བཞིན་པའི་གོ་ལའི་མོ་དབང་རིང་ལུགས་ཀྱི་ལས་འགུལ་ (Global Feminist Movement) གྱི་ཁོངས་སུ་གཏོགས་པ་དང་། དེའི་རྗེས་ཕྱི་ལོ་ ༡༩༧༧ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེ་རྒྱལ་སྤྱིའི་བུད་མེད་ཉིན་མོར་ངོས་འཛིན་བྱས་པར་བརྟེན། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་འགའ་ཤས་ཀྱིས་ཉིན་དེར་གཞུང་འབྲེལ་གུང་གསེང་བཞག་སྟེ་བུད་མེད་ཀྱི་བྱས་རྗེས་ལ་བསྟོད་བསྔགས་དང་། རྒྱལ་ཁབ་འགའ་ཤས་ནང་མུ་མཐུད་ནས་བུད་མེད་ཀྱི་ཐོབ་ཐང་སྐོར་གྱི་གནད་དོན་གླེང་སློང་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།